མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག
སྤྱི་ལོ2005ལོའི་ཟླ7པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་ཆོག་མཆན་གནང་བའི《(མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག)བཟོ་བཅོས་སྐོར་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོད་དོན》གཞིར་བཟུང་ནས་དག་བཅོས་བྱས། སྤྱི་ལོ 2020ལོའི་ཟླ1པོའི་ཚེས10ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པའི་སྟེང་བཟོ་བཅོས་བྱས། 2020ལོའི་ཟླ3པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་བའི་ཐོག་ཆོག་མཆན་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海南藏族自治州自治条例
རིགས་དབྱེ།
ས་གནས་ཀྱི་ཁྲིམས་སྲོལ།
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ2020ལོའི་ཟླ4པའི་ཚེས20ཉིན།
ཁྱབ་བསྒྲགས་ལས་ཁུངས།
82713
ལག་བསྟར་དུས་ཚོད།
སྤྱི་ལོ2020ལོའི་ཟླ5པའི་ཚེས1ཉིན།
ཡིག་ཆའི་བྱུང་ཁུངས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག
1 ​ངོ་སྤྲོད།

སྤྱི་ལོ1987ལོའི་ཟླ4པའི་ཚེས25ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་ཞིང་། སྤྱི་ལོ1987ལོའི་ཟླ7པའི་ཚེས18ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་ཆོག་མཆན་ཐོབ།

སྤྱི་ལོ2005ལོའི་ཟླ7པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་ཆོག་མཆན་གནང་བའི《(མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག)བཟོ་བཅོས་སྐོར་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོད་དོན》གཞིར་བཟུང་ནས་དག་བཅོས་བྱས། སྤྱི་ལོ སྤྱི་ལོ2020ལོའི་ཟླ1པོའི་ཚེས10ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པའི་སྟེང་བཟོ་བཅོས་བྱས། སྤྱི་ལོ2020ལོའི་ཟླ3པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་བའི་ཐོག་ཆོག་མཆན་ཐོབ།

2 དཀར་ཆག

ལེའུ་དང་བོ། སྤྱིའི་རྩ་དོན།

ལེའུ་གཉིས་པ། རང་སྐྱོང་ལས་ཁུངས་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་།

མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་།

ལེའུ་གསུམ་པ། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ།

ལེའུ་བཞི་བ། སྤྱི་ཚོགས་དམངས་འཚོའི་བྱ་གཞག

ལེའུ་ལྔ་བ། སྤྱི་ཚོགས་བཅོས་སྐྱོང་།

ལེའུ་དྲུག་པ། ཞར་བྱུང་།

3 ལེའུ་དང་བོ། སྤྱིའི་རྩ་དོན།

དོན་ཚན་དང་བོ། རྩ་ཁྲིམས་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》 འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ཀྱི་གཏན་འཁེལ་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ(གཤམ་དུ་རང་སྐྱོང་ཁུལ་ཞེས་བསྡུ་རྒྱུ)གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་བདག་སྐྱོང་བྱེད་ཁོངས་སུ་བོད་རིགས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལག་ཏུ་བསྟར་བའི་ས་གནས་ཤིག་ཡིན།

རང་སྐྱོང་ཁུལ་གྱི་ཁོངས་སུ་གུང་ཧོ་རྫོང་དང་། ཁྲི་ཀ་རྫོང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞིན་ཧེ་རྫོང་བཅས་རྫོང་ལྔ་ཡོད།

རང་སྐྱོང་ཁུལ་གྱི་ཁུལ་སྲིད་གཞུང་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུ་བཙུགས་ཡོད།

དོན་ཚན་གསུམ་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས(གཤམ་དུ་རང་སྐྱོང་ལས་ཁུངས་ཞེས་བསྡུ་རྒྱུ)ནི་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ཡིན་པ་དང་། རྒྱལ་ཁབ་ཀྱི་ས་གནས་རིམ་པའི་སྲིད་དབང་ལས་ཁུངས་ཤིག་ཡིན།

རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་དེའི་མངའ་འོག་ཏུ་བཙུགས་པའི་ས་ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་ས་གནས་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་ཆོག་པ་དང་ཆབས་ཅིག་རང་སྐྱོང་དབང་ཆའང་སྤྱད་ཆོག

རང་སྐྱོང་ལས་ཁུངས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དམངས་གཙོས་ཇུས་ཐག་གཅོད་པ་བཅས་རྒྱུན་འཁྱོངས་བྱེད་དགོས།

དོན་ཚན་བཞི་བ། རང་སྐྱོང་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་བཟུང་ནས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་རྩེ་གཅིག་ཏུ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་སྐྱོད་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཀ་ལེགས་པའི་འཚོ་བ་གསར་གཏོད་བཅས་བྱས་ཏེ། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མི་རིགས་རང་སྐྱོང་ས་གནས་འཛུགས་སྐྲུན་བྱེད་དགོས།

དོན་ཚན་ལྔ་བ། རང་སྐྱོང་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱེད་རྒྱུ་དང་། རང་སྐྱོང་ཁུལ་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་དང་ལག་བསྟར་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་གནས་ཚུལ་དངོས་ལ་གཞིགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པའི་རྩ་དོན་འོག་ཏུ་དམིགས་བསལ་གྱི་བཅོས་སྐྱོང་བྱེད་ཐབས་གཏན་འབེབས་བྱས་ཏེ། རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང་། ཆོད་དོན། བཀའ་རྒྱ། མཛུབ་སྟོན་བཅས་ལག་བསྟར་བྱེད་སྐབས། རང་སྐྱོང་ཁུལ་གྱི་གནས་ཚུལ་དངོས་དང་མི་མཐུན་པའི་རིགས་ཡོད་ན། རིམ་པ་གོང་མའི་རྒྱལ་ཁབ་ལས་ཁུངས་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་བཀོད་རྗེས། དེའི་བབ་དང་བསྟུན་ནས་ལག་ལེན་དང་ཡང་ན་ལག་ལེན་བྱེད་མཚམས་བཞག་ཆོག

དོན་ཚན་དྲུག་པ། རང་སྐྱོང་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་དྲང་གཞག  དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། རང་སྐྱོང་ཁུལ་གྱི་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་བྱེད་པའི་དྲིལ་བསྒྲག་སློབ་གསོ་གཏིང་ཟབ་སྤེལ་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བཅས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲག་སློབ་གསོ་སྤེལ་ནས་སྤྱི་དམངས་ཡོངས་ཀྱི་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། བཅའ་ཁྲིམས་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་དགོས།

དོན་ཚན་བདུན་པ། རང་སྐྱོང་ཁུལ་གྱིས་མི་རིགས་ཁག་གིས་ལྷན་ཅིག་མཐུན་སྒྲིལ་འབད་བརྩོན་དང་ལྷན་ཅིག་དར་རྒྱས་གོང་སྤེལ་གཏོང་བ་རྒྱུན་འཁྱོངས་དང་། རིགས་སོ་སོའི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་མཐུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས།

དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་ནང་གི་མི་རིགས་སོ་སོ་ཚང་མ་འདྲ་མཉམ་ཡིན་པ་དང་། རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་ རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་མི་རིགས་ཁ་དགར་བའི་བྱ་སྤྱོད་གཏན་འགོག་བཅས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་རིགས་དང་ཡི་གེ་བཀོལ་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྲུང་འཛིན་དང་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པ་འགན་སྲུང་བྱེད་དགོས།

དོན་ཚན་དགུ་བ། རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱོང་བ་དང་ལག་ལེན། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།

4 ལེའུ་གཉིས་པ། རང་སྐྱོང་ལས་ཁུངས་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་།

མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་།

དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནི་རང་སྐྱོང་ཁུལ་གྱི་ས་གནས་རིམ་པའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཡིན།

རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁྲིམས་ལྟར་འདེམས་བསྐོ་བྱེད་དགོས་ཤིང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིའི་མི་གྲངས་དང་བསྡུར་ཚད་དེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གཏན་འཁེལ་བྱེད་དགོས།

རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བྱ་བའི་དགོས་མཁོར་གཞིགས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་དགོས།

དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་འཛུགས་ལས་ཁུངས་ཡིན་ཞིང་། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ལ་འགན་འཁུར་དགོས་པར་མ་ཟད་བྱ་བ་ཡར་ཞུ་བྱེད་དགོས།

རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་དུ་བོད་རིགས་སྤྱི་དམངས་ཀྱིས་ཀྲུའུ་རེན་ནམ་ཡང་ན་ཀྲུའུ་རིན་གཞོན་པའི་འགན་འཁུར་དགོས།

རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་དགོས་མཁོར་དམིགས་ནས་ཁྲིམས་ལྟར་དོན་སྒྲུབ་སྒྲིག་གཞི་དང་བྱ་བའི་སྒྲིག་གཞི་འཛུགས་དགོས།

དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལག་བསྟར་ལས་ཁུངས་ཡིན་པ་དང་། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཡིན།

རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་འགན་ཁུར་ཞིང་བྱ་བ་ཡར་ཞུ་བྱེད་རྒྱུ་དང་། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་བའི་སྐབས་སུ་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་ནས་བྱ་བ་ཡར་ཞུ་བྱེད་དགོས།

རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་དཔོན་གྱི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་དགོས། རང་སྐྱོང་ཁུལ་གྱི་ཁུལ་དཔོན་དེ་བོད་རིགས་སྤྱི་དམངས་ཀྱིས་འཁུར་དགོས་ཤིང་། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁོངས་མི་གཞན་དག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་སྣ་འོས་འཚམ་གྱིས་བཀོད་སྒྲིག་བྱེད་དགོས།

དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ཁུལ་གྱི་དགོས་མཁོ་དངོས་ལ་གཞིགས་ནས་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་དང་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་བཅའ་ཁྲིམས་ལྟར་རང་སྐྱོང་སྲོལ་ཡིག་དང་། ཁེར་སྤྱོད་སྲོལ་ཡིག  ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་གཏན་འབེབས་བྱེད་དགོས།

རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ལ་གཞིགས་ནས་སྲིད་གཞུང་གི་སྒྲིག་སྲོལ་གཏན་འབེབས་བྱེད་དགོས།

དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ལྟ་ཞིབ་ལས་ཁུངས་ཡིན། དེ་ནི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བ་ཡིན་ཞིང་། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ནམ་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རིམ་པ་གཅིག་གིས་མཐོ་བའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཅས་ལ་འགན་འཁུར་དགོས་པ་མ་ཟད་དེའི་ལྟ་སྐུལ་དང་ལེན་བྱེད་དགོས།

དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནི་རང་སྐྱོང་ཁུལ་གྱི་འདྲི་གཅོད་ལས་ཁུངས་ཡིན། རང་སྐྱོང་ཁུལ་གྱི་མི་དམངས་ཞིབ་དཔྱོད་ཁང་ནི་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཡིན།

རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་བ་དང་བྱ་བ་ཡར་ཞུ་བྱེད་དགོས། རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འོག་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་བྱ་བར་ལྟ་སྐུལ་བྱེད་དགོས། རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་འོག་རིམ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་འགོ་ཁྲིད་བྱེད་པ་དང་ཆབས་ཅིག་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་ལ་འགན་འཁུར་དགོས།

དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་འདྲི་གཅོད་དང་ཞིབ་དཔྱོད་བྱ་འགུལ་ཁྲོད་དུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མི་ཤེས་པའི་གཏུག་བཤེར་བྱེད་མཁན་ལ་ལོ་ཙཱ་བྱེད་དགོས།

དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། འབྲིང་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་རང་བདག་སྒོས་ལྟ་ཞིབ་དབང་ཆ་དང་། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་སྤྱད་ཆོག  སྲིད་འཛིན་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བཅས་ཀྱིས་ཐེ་གཏོགས་བྱས་པར་དང་ལེན་བྱེད་མི་དགོས།

དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་འབྲིང་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགོ་ཁྲིད་ཁོངས་མིའི་ནང་བོད་རིགས་མི་སྣ་ཡོད་དགོས།

རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། འབྲིང་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་གི་ཁོངས་སུ་གཏོགས་པའི་ལས་སྒྲུབ་སྡེ་ཁག་བཅས་ཀྱི་ནང་དུ་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་མི་སྣ་བཀོད་སྒྲིག་འོས་འཚམ་བྱེད་དགོས།

5 ལེའུ་གསུམ་པ། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ།

དོན་ཚན་བཅུ་དགུ་བ། རང་སྐྱོང་ལས་ཁུངས་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག  སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག  རང་སྐྱོང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་འགོད་དང་དེར་མཐུན་གྱི་སྲིད་ཇུས་བྱེད་ཐབས་གཏན་འབེབས་བྱས་ཏེ། རང་བདག་གིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་བཀོད་སྒྲིག་དང་དོ་དམ་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་གྱི་ཐོན་ལས་གྲུབ་ཚུལ་སྡེབ་སྒྲིག་ལེགས་བསྒྱུར་ལ་བརྟེན་ནས། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། རྣམ་པ་གསར་བའི་ནུས་ཁུངས་གཙང་མའི་ཐོན་ལས། དེང་རབས་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཐོན་ལས། རིག་གནས་ཡུལ་སྐོར་ཐོན་ལས་བཅས་འཕེལ་རྒྱས་བཏང་སྟེ། ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་བར་རྟིང་སྐུལ་བྱེད་དགོས།

དོན་ཚན་ཉི་ཤུ་བ། རང་སྐྱོང་ལས་ཁུངས་ཀྱིས་སྤྱི་དབང་ལམ་ལུགས་གཙོ་བོ་དང་སྣ་མང་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་དུ་གོང་འཕེལ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་སྒོ་འབྱེད་དང་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་ཁོར་ཡུག་ཅིག་བསྐྲུན་པ་དང་། སྲིད་ཚོང་གི་འབྲེལ་བ་གསར་བ་འཛུགས་པ། སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ཏེ། རང་སྐྱོང་ཁུལ་གྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་གཅིག་པ། རང་སྐྱོང་ལས་ཁུངས་ཀྱིས་རོང་འབྲོག་ས་ཁུལ་གྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ཇེ་བརྟན་དང་ཇེ་རྒྱས་སུ་གཏོང་བ་དང་། རོང་འབྲོག་ས་ཁུལ་གྱི་ས་ཞིང་དང་རྩྭ་རའི་ལམ་ལུགས་སྒྱུར་བཅོས་ཇེ་ཟབ་ཏུ་གཏོང་བ། ཁྲིམས་ལྟར་ས་ཞིང་གི་བདག་དབང་དང་། འགན་གཙང་ལེན་གྱི་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་ལོགས་སུ་དབྱེ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། རོང་འབྲོག་ས་ཁུལ་གྱི་ས་ཞིང་དང་རྩྭ་རའི་བདག་འགན་གཙང་ལེན་བྱེད་པའི་འབྲེལ་བ་བརྟན་པོ་ཡོང་བ་རྒྱུན་འཁྱོངས་དང་ཡུན་རིང་མི་འགྱུར་བ་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ས་ཞིང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོབ་གི་ཉེན་ཐིག་དང་། གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་བཅས་ཀྱི་ཚོད་འཛིན་ཉེན་འགག་གསུམ་ནན་སྲུང་བྱེད་དགོས།

དོན་ཚན་ཉེར་གཉིས་པ། རང་སྐྱོང་ལས་ཁུངས་ཀྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་བྱེད་ཐབས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཅས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། རིག་གནས་ཀྱི་ཁྱད་ཆོས་བཅས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གསར་བ་དང་མཛེས་སྡུག་ལྡན་ཞིང་འཚོ་སྡོད་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།

དོན་ཚན་ཉེར་གསུམ་པ། རང་སྐྱོང་ལས་ཁུངས་ཀྱིས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཚུལ་སྡེབ་སྒྲིག་ལེགས་སྒྱུར་དང་། རོང་འབྲོག་ས་ཁུལ་གྱི་ལྗང་མདོག་ཐོན་ལས་དང་སྐྱེ་ཁམས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་གཏོང་བ། ཞིང་ཕྱུགས་ཐོན་རྫས་སྤུས་རྟགས་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་རྩ་འཛུགས། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ། སོན་འདེབས་གསོ་ཚགས་དུད་ཆེན་སོགས་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཞིང་ཕྱུགས་ལས་ཐོན་ལས་ཅན་དང་རོང་འབྲོག་མང་ཚོགས་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

དོན་ཚན་ཉེར་བཞི་བ། རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་རྒྱལ་ཁབ་ཀྱི་གཅིག་གྱུར་འཆར་འགོད་ལྟར། རྒྱལ་ཁབ་ཀྱིས་རང་སྐྱོང་ཁུལ་གྱི་ཐོན་སྒོ་འབྱེད་ཆོག་པའི་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དམིགས་སུ་བཟུང་ཐོག་འོས་འཚམ་གྱིས་སྔོག་འདོན་བེད་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རྣམ་པ་གསར་བའི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གཟིགས་སྐྱོང་སྲིད་ཇུས་བཟོ་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་ཇེ་བཟང་དུ་བཏང་ནས་ལྗང་མདོག་གི་ཐེག་ནུས་ཆེ་བའི་གསར་དར་ཐོན་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་ལྔ་བ། རང་སྐྱོང་ལས་ཁུངས་ཀྱིས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། ཞབས་ཞུའི་ལས་ཆོད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ནས་སྲོལ་རྒྱུན་གྱི་ཐོན་ལས་དང་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་བདེ་ཐང་ཞབས་ཞུའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། གོང་སྤེལ་འཆར་འགོད་གཏན་འབེབས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། བདེ་ཐང་ཞབས་ཞུའི་ཐོན་རྫས་མཁོ་སྤྲོད་ཇེ་མང་དུ་གཏོང་བ། བདེ་ཐང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཅས་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་དགོས།

དོན་ཚན་ཉེར་དྲུག་པ། རང་སྐྱོང་ལས་ཁུངས་ཀྱིས་ཆ་འཕྲིན་ལག་རྩལ་དང་། གྲངས་འཛིན་དཔལ་འབྱོར། དྲ་སྦྲེལ་ཐོན་ལས་བཅས་འཕེལ་རྒྱས་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་གཞི་གྲངས་ཆེན་མོའི་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ། ཆ་འཕྲིན་གསོག་ཉར་དང་། དབྱེ་ཞིབ། བེད་སྤྱོད། མཉམ་སྤྱོད། སྒོ་འབྱེད་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་བདུན་པ། རང་སྐྱོང་ལས་ཁུངས་ཀྱིས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ་དང་། མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱེད་པ། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྩ་ཆེའི་ཡུལ་སྐོར་འགྲོ་ལམ་བསྐྲུན་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ས་ཁོངས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་དང་གཉེར་སྐྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མ་དངུལ་འཇོག་མཁན་དང་། གཉེར་སྐྱོང་མཁན། མཛེས་ལྗོངས་ཁུལ་གྱི་སྡོད་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆུའི་ཐོན་ཁུངས་ལུགས་མཐུན་གྱིས་གསར་འབྱེད་དང་། བེད་སྤྱོད། གྲོན་ཆུང་། སྲུང་སྐྱོབ་བཅས་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཉེན་པ་མེད་པར་ཆུ་སྤྱོད་པ་དང་སྐྱེ་ཁམས་དང་བསྟུན་ནས་ཆུ་སྤྱོད་པར་འགན་སྲུང་དང་། ས་ཆུ་ཤོར་བ་དང་ཆུ་རིགས་འབག་བཙོག་འགོག་བཅོས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ནན་ཏན་གྱིས་ཆུ་གྲོན་ཆུང་བྱེད་པ་དང་། ཆུ་གྲོན་ཆུང་བྱེད་ཐབས་ཤུགས་ཆེན་པོས་ཁྱབ་སྤེལ་བྱེད་པ། ཆུ་གྲོན་ཆུང་བྱེད་པའི་ཐོན་ལས་སྐྱོང་བ་དང་འཕེལ་རྒྱས་གཏོང་བ། ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བཅས་བྱེད་དགོས།

དོན་ཚན་ཉེར་དགུ་བ། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁོངས་ལྗང་སྒྱུར་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ནགས་ཚལ་དང་། རྩྭ་ཐང་། བརླན་ས། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་ཉམས་གསོ་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ས་བཅས་ཀྱི་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། བཏུལ་ཐང་དང་། ཆོས་རྗེ་ཐང་། མུ་གེ་ཐང་སོགས་བྱེ་འགྱུར་ས་ཁུལ་གཙོ་གནད་དུ་གྱུར་པའི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་བཟོ་བཀོད་ལག་བསྟར་བྱས་ཏེ། སྐྱེ་ཁམས་བར་ཁྱམས་དང་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་བྱེད་དགོས།

དོན་ཚན་སུམ་ཅུ་བ། རང་སྐྱོང་ཁུལ་གྱིས་རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གཞི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་གིས་འདྲེས་པར་བྱེད་པ་དང་། མངའ་ཁོངས་ནང་གི་རྨ་ཆུའི་འབབ་ཡུལ་གྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་། བྱེ་སྟོངས་ཐང་རྒོད་དུ་གྱུར་པ་སླར་གསོ། སྦགས་བཙོག་གི་རྣམ་པ་བསྒྱུར་བ་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་ཁུངས་བསྐྱིལ་གསོག་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན། ས་ཆུ་སྲུང་འཛིན་སོགས་ཀྱི་སྐྱེ་ཁམས་ཀྱི་ནུས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྨ་ཆུའི་འབབ་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

དོན་ཚན་སོ་གཅིག་པ། རང་སྐྱོང་ལས་ཁུངས་ཀྱིས་མཚོ་སྔོན་པོའི་ཆུ་རྒྱུན་འབབ་ཡུལ་གྱི་ཆུ་ལམ་དང་མཚེའུ་འགྲམ་གྱི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་། སྐྱེ་ཁམས་ཁོར་ཡུག་དང་ཆུ་ཁུངས་བསྐྱིལ་གསོག་ས་ཁུལ་གྱི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས།

དོན་ཚན་སོ་གཉིས་པ། རང་སྐྱོང་ལས་ཁུངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། སྲུང་སྐྱོབ་མ་ལག་དང་དྲ་རྒྱ་འཐུས་ཚང་དུ་གཏོང་བ། ཕྱི་ནས་ཡོང་བའི་སྐྱེ་དངོས་ཀྱི་གནོད་པ་འགོག་བཅོས་བཅས་བྱས་ནས་སྐྱེ་ཁམས་བདེ་འཇགས་དང་སྐྱེ་ཁམས་དོ་མཉམ་ཡོང་བར་སྲུང་སྐྱོང་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བའི་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་རྔོན་པ་དང་ཉོ་ཚོང་བྱེད་པ་གཏན་འགོག  རི་སྐྱེས་སྲོག་ཆགས་གང་བྱུང་དུ་བསད་ནས་དེའི་ཤ་ཟ་བའི་སྲོལ་ངན་མེད་པར་བཟོས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས།

དོན་ཚན་སོ་གསུམ་པ། རང་སྐྱོང་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དངོས་འབེབས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་སྐོར་གྱི་གཟེངས་བསྟོད་ཆད་གཅོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

དོན་ཚན་སོ་བཞི་བ། རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེན་མེད་ཐོན་སྐྱེད་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་ཉེན་མེད་ཐོན་སྐྱེད་སྐོར་གྱི་དྲིལ་བསྒྲག་སློབ་གསོ་དང་ཉེན་མེད་ཐོན་སྐྱེད་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱེད་དགོས།

དོན་ཚན་སོ་ལྔ་བ། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁ་གཏད་རོགས་སྐྱོར་སྲིད་ཇུས་ལྟར་ཁ་གཏད་རོགས་སྐྱོར་ས་ཁུལ་དང་ཐོན་ལས་མཉམ་གཉེར་དང་། རྩོལ་ལས་རོགས་གཉེར། ཤེས་ལྡན་མི་སྣ་ཕན་ཚུན་གཏོང་རེས་བཅས་བྱེད་པར་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ཁུལ་གྱི་བྱ་གཞག་རྣམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་རོགས་སྐྱོར་མ་དངུལ་དེ་གཙོ་བོ་རང་སྐྱོང་ཁུལ་གྱི་དམངས་འཚོའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་སུ་བཀོལ་དགོས།

དོན་ཚན་སོ་དྲུག་པ། རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་སྐྱོང་ཁུལ་གྱི་ནོར་སྲིད་ལ་དོ་དམ་དང་རང་བདག་གིས་རང་སྐྱོང་ཁུལ་ལ་དབང་བའི་ནོར་སྲིད་ཡོང་སྒོ་བཀོད་སྒྲིག་དང་བེད་སྤྱོད་བྱེད་དགོས། ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ཡོང་སྒོའི་ཚད་བརྒལ་དང་འགྲོ་སྒོའི་འཕྲོ་ལྷག་མ་དངུལ་རང་མཚམས་ཀྱིས་བཀོད་སྒྲིག་བྱས་ནས་བེད་སྤྱོད་བྱེད་དགོས།

དོན་ཚན་སོ་བདུན་པ། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གི་གཟིགས་སྐྱོང་སྲིད་ཇུས་གཞིར་བཟུང་ནས། རང་སྐྱོང་ཁུལ་གྱི་ནོར་སྲིད་ཡོང་སྒོར་གཏོགས་པའི་ཁྲལ་བསྡུ་ཐད་ལྟ་སྐྱོང་དང་སྐུལ་ལྕག་བྱེད་དགོས་པའི་ལས་གཞིའི་རིགས་ཀྱི་དཔྱ་ཁྲལ་འཕྲི་གཅོག་བྱེད་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞུས་ནས་ཆོག་མཆན་བཀོད་རྗེས་དཔྱ་ཁྲལ་འཕྲི་གཅོག་གི་བྱ་བ་ལག་ཏུ་བསྟར་དགོས།

དོན་ཚན་སོ་བརྒྱད་པ། རང་སྐྱོང་ལས་ཁུངས་ཀྱིས་དངུལ་རྩའི་སྒྲིག་གཞིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཁག་གི་འཕེལ་རྒྱས་ཐད་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་བསྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ། ས་གནས་དེ་གའི་ཁེ་ལས་ཀྱི་ལུགས་མཐུན་དགོས་མཁོ་སྐོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས།

6 ལེའུ་བཞི་བ། སྤྱི་ཚོགས་དམངས་འཚོའི་ལས་དོན།

དོན་ཚན་སོ་དགུ་བ། རང་སྐྱོང་ལས་ཁུངས་ཀྱིས་སློབ་གསོ་དམིགས་བཀར་སྔོན་སྤེལ་གྱི་འཐབ་ཇུས་རྒྱུན་འཁྱོངས་དང་། སློབ་སྔོན་སློབ་གསོ་ལེགས་པར་གཉེར་བ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་བ། མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་གདལ་དུ་གཏོང་བ། མཐོ་རིམ་དང་འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ། དམིགས་བསལ་སློབ་གསོར་མཐོང་ཆེན་བྱེད་པ། རྒྱུན་མཐུད་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། སློབ་གསོ་དང་སློབ་ཁྲིད་བསྒྱུར་བཅོས་ཟབ་སྤེལ་བཅས་བྱེད་དགོས།

དོན་ཚན་བཞི་བཅུ་བ། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་དང་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར། རང་སྐྱོང་ཁུལ་གྱི་སློབ་གསོའི་འཆར་འགོད་དང་རིམ་པ་དང་རིགས་སོ་སོའི་སློབ་གྲྭའི་འཛུགས་གཉེར། སློབ་ཡུན། སློབ་སྒྲུབ་རྣམ་པ། སློབ་ཁྲིད་ནང་དོན། སློབ་ཁྲིད་སྐད་རིགས་དང་སློབ་སྡུད་བྱེད་ཐབས་བཅས་ཐག་གཅོད་དགོས།

དོན་ཚན་ཞེ་གཅིག་པ། རང་སྐྱོང་ལས་ཁུངས་ཀྱིས་དགེ་རྒན་གྱི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་དང་ལས་སྒོའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་རྒན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འགན་སྲུང་། དགེ་རྒན་གྱི་ལས་སྒྲུབ་ཆ་རྐྱེན་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས། དགེ་རྒན་གྱི་སྤྱི་ཚོགས་གོ་གནས་མཐོ་རུ་གཏོང་བ་བཅས་བྱེད་དགོས།

དོན་ཚན་ཞེ་གཉིས་པ། རང་སྐྱོང་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ནས་སློབ་གསོ་མྱོང་བའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱིས་ཁྱབ་སྤྱོད་བྱེད་པའི་སྤྱི་སྐད་དང་ཚད་ལྡན་རྒྱ་ཡིག་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་དགོས།

རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་སོགས་གྱི་གཞུང་ཐམ་དང་། སྒོ་བྱང་། མཚོན་རྟགས་སོགས་སུ་རྒྱ་བོད་ཡིག་རིགས་གཉིས་སྤྱོད་དགོས།

དོན་ཚན་ཞེ་གསུམ་པ། རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བ་དང་། ཚན་རིག་ལག་རྩལ་ལ་མ་དངུལ་འཇོག་པའི་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཚན་རིག་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་པ། ཚན་རིག་ལག་རྩལ་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ཚན་རིག་ལག་རྩལ་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་དང་། ལག་རྩལ་བསྒྱུར་བཀོད། ལག་རྩལ་ཡར་ཐོན་བཅས་ཡོང་བར་རྒྱབ་སྐྱོར་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཚན་རིག་ཞིབ་འཇུག་དང་། ཚན་རིག་ཤེས་བྱ་ཁྱབ་གདལ། ཉེར་སྤྱོད་ལག་རྩལ་ཁྱབ་གདལ་བེད་སྤྱོད་ཁྲོད་གྲུབ་འབྲས་མངོན་གསལ་བླངས་པའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།

དོན་ཚན་ཞེ་བཞི་བ། རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་སྒྱུ་རྩལ་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། ཆ་འཕྲིན་དྲ་བ། སྨྱན་སྦྱོར་གསར་བ་སོགས་རིག་གནས་ལས་དོན་འཕེལ་རྒྱས་གཏོང་དགོས། མི་རིགས་ཀྱི་རིག་གནས་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོབ་བྱས་ནས་མི་རིགས་ཀྱི་རིག་གནས་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་རྩལ་གསར་རྩོམ་ཤེས་ལྡན་མི་སྣ་དང་མི་རིགས་དང་དམངས་ཁྲོད་ཀྱི་རིག་གནས་རྒྱུན་འཛིན་མི་སྣ་གསོ་སྐྱོང་། ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པས་རྒྱུན་འཛིན་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བཅས་བྱེད་དགོས།

དོན་ཚན་ཞེ་ལྔ་བ། རང་སྐྱོང་ལས་ཁུངས་ཀྱིས་ལུས་རྩལ་ལས་དོན་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྔོག་འདོན་དང་། སྲུང་སྐྱོབ། ཁྱབ་སྤེལ་བཅས་བྱེད་པ། དམངས་ཡོངས་ལུས་སྦྱོང་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱེད་སྒོ་སྤེལ་བ་བཅས་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་ལུས་ཕུང་རྒྱུ་ཟུངས་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་དགོས།

དོན་ཚན་ཞེ་དྲུག་པ། རང་སྐྱོང་ལས་ཁུངས་ཀྱིས་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་ལེགས་སྒྱུར་སྡེབ་སྒྲིག་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་དེའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དགོས་མཁོ་སྐོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་འཕྲོད་བསྟེན་ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགོ་ནད་དང་། ས་གནས་ཀྱི་ནད་ཡམས། མཐོ་སྒང་གི་ནད་སོགས་ནད་རིགས་ཀྱི་འགོག་བཅོས་ནུས་ཤུགས་ཆེ་རུ་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་སྐྱེས་མ་དང་བྱིས་པའི་བདེ་སྲུང་གི་བྱ་བར་ཤུགས་བསྣན་ཏེ་སྐྱེས་མ་དང་བྱིས་པའི་བདེ་སྲུང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།

དོན་ཚན་ཞེ་བདུན་པ། རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐོལ་བྱུང་གི་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་འཚུབ་བསྟུན་སྔོན་ཇུས་ཚན་རིག་དང་མཐུན་པར་གཏན་འབེབས་དང་། ཐོལ་བྱུང་གི་སྤྱི་ཁྱབ་འཕྲོད་བསྟེན་དོན་རྐྱེན་གྱི་གནོད་འཚེ་སྔོན་འགོག་དང་། ཚོད་འཛིན། མེད་པར་བཟོ་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་དང་། རྒྱུན་ལྡན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས།

དོན་ཚན་ཞེ་བརྒྱད་པ། རང་སྐྱོང་ལས་ཁུངས་ཀྱིས་བོད་ལུགས་གསོ་རིག་སྨན་རྫས་ལས་དོན་གོང་འཕེལ་གཏོང་བ་དང་། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་དགོས།

དོན་ཚན་ཞེ་དགུ་བ། རང་སྐྱོང་ལས་ཁུངས་ཀྱིས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་དངུལ་གཏོང་ལམ་སྲོལ་འཛུགས་པ་དང་། ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

དོན་ཚན་ལྔ་བཅུ་བ། རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་འགན་བཅོལ་ལམ་ལུགས་དངོས་འབེབས་དང་འཐུས་ཚང་དུ་གཏོང་བ་དང་། མི་བཀོལ་ལས་ཁུངས་ཀྱིས་ཁྲིམས་ལྟར་ངལ་རྩོལ་པར་རྒན་གསོའི་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་སོགས་སྤྱི་ཚོགས་འགན་བཅོལ་དང་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་བྱེད་པར་ལྟ་སྐུལ་བྱེད་པ། ལས་བཟོ་བའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་ལམ་ལུགས་ལག་བསྟར་བྱེད་པ་མ་ཟད། དཔལ་འབྱོར་གོང་དུ་འཕེལ་བ་དང་བསྟུན་ནས་འགན་སྲུང་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།

དོན་ཚན་ང་གཅིག་པ། རང་སྐྱོང་ལས་ཁུངས་ཀྱིས་ཤེས་ལྡན་མི་སྣར་བརྟེན་ནས་ཁུལ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་མཐོང་ཆེན། ཤེས་ལྡན་མི་སྣ་ནང་འདྲེན་དང་བཀོལ་སྤྱོད་བྱེད་ཤུགས་ཆེར་གཏོང་། གསར་གཏོད་ཅན་དང་། མང་ནུས་ཅན། ལག་ལེན་ཅན་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཤེས་ལྡན་མི་སྣའི་མཐུན་རྐྱེན་བསྒྲུབ་དགོས།

རང་སྐྱོང་ལས་ཁུངས་ཀྱིས་ཤེས་ལྡན་མི་སྣའི་འཁོར་རྒྱུག་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣས་དཀའ་ཚེགས་ཆེ་བའི་བས་མཐའི་ས་ཁུལ་དང་གཞི་རིམ་གྱི་ལས་ཡུལ་དང་བོར་ཞབས་འདེགས་ཞུ་བར་བསྐུལ་མ་དང་ཁྲིད་སྟོན་བྱེད་དགོས།

དོན་ཚན་ང་གཉིས་པ། རང་སྐྱོང་ལས་ཁུངས་ཀྱིས་ཤེས་ལྡན་མི་སྣའི་དཔུང་ཁག་ལ་སྐུལ་ལྕག་བྱེད་པའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་གདེང་འཇོག་དང་ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣའི་ལས་སྒྲུབ་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཅས་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་འཛུགས་སྐྲུན་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་ཤེས་ལྡན་མི་སྣར་བྱ་དགའ་སྟེར་དགོས།

རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དོན་ལས་སྡེ་ཚན། སྤྱི་ཚོགས་ཚོགས་པ། སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་ལས་བྱེད་མི་སྣ་སྡུད་སྐབས་ཁྱིམ་ཐོ་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་པའི་སྡོད་དམངས་དང་དེའི་བུ་ཕྲུག་ལ་ལྟ་རྟོག་འོས་འཚམ་བྱེད་དགོས།

དོན་ཚན་ང་གསུམ་པ། རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་བཀོད་གུང་སེང་དང་ས་བབ་མཐོ་བའི་ས་ཁུལ་གྱི་གུང་སེང་ཟུང་འབྲེལ་གྱི་ལས་བཟོ་བའི་ཕོགས་ལྡན་གུང་གསེང་ལམ་ལུགས་ལག་བསྟར་བྱེད་པ་དང་། ལས་བཟོ་བར་དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས།

7 ལེའུ་ལྔ་བ།   སྤྱི་ཚོགས་བཅོས་སྐྱོང་།

དོན་ཚན་ང་བཞི་བ། རང་སྐྱོང་ལས་ཁུངས་ཀྱིས་ཏང་ཨུས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་མཐུན་སྡེབ། སྤྱི་དམངས་ནང་དུ་ཞུགས་པ། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་གྱིས་འདེགས་སྐྱོར་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་བསྐྲུན་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡོད་དམངས་སྤྱི་ཆིངས་དང་། སྡེ་སྲོལ་དམངས་ཆིངས། དགོན་སྡེའི་སྒྲིག་ལམ་སོགས་གཞི་རིམ་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་རང་ངོས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས།

དོན་ཚན་ང་ལྔ་བ། རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རིགས་སོ་སོའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས།

དོན་ཚན་ང་དྲུག་པ།  རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ལྟ་སྐུལ་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས་དངོས་འབེབས་བཅས་བྱེད་དགོས།

དོན་ཚན་ང་བདུན་པ། རང་སྐྱོང་ལས་ཁུངས་ཀྱིས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ་སྤྱི་དམངས་ཀྱི་ཆོས་དད་རང་མོས་འགན་སྲུང་བྱེད་དགོས། རྩ་འཛུགས་དང་མི་སྒེར་སུས་ཀྱང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་དད་བྱེད་དུ་འཇུག་པའམ་ཆོས་དད་བྱེད་དུ་མི་འཇུག་པ་བྱེད་མི་ཆོག་པ་དང་། ཆོས་དད་ཡོད་པའི་སྤྱི་དམངས་སམ་ཆོས་དད་མེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག

རང་སྐྱོང་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆོས་ལུགས་ཀྲུང་གོ་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོ་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

དོན་ཚན་ང་བརྒྱད་པ། རང་སྐྱོང་ལས་ཁུངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པ་དང་། མཉམ་སྦྲེལ་དྲ་རྒྱ་དང་། དཔེ་དེབ། ཚགས་པར། དུས་དེབ། སྒྲ་བརྙན་ཐོན་རྫས། སྤྱི་ཚོགས་ཀྱི་འབྲེལ་འདྲིས་མཉེན་ཆས་སོགས་སྤེལ་གཞི་ལ་བརྟེན་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། ཆོས་ལུགས་འཚབ་སྐྱོད་ལ་ངན་སྐུལ་བྱེད་པ། ཐལ་སྤྱོད་བསམ་བློ་སྒྲོག་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ་བཅས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས།

རྩ་འཛུགས་གང་དང་མི་སྒེར་སུས་ཀྱང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་འུད་སྒྲོག་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱེད་མི་ཆོག་པ་དང་། ཆོས་ལུགས་བེད་སྤྱད་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་། འཇིགས་སྐུལ་བྱ་འགུལ་སྤེལ་བ་བཅས་བྱེད་མི་ཆོག

དོན་ཚན་ང་དགུ་བ། རྩ་འཛུགས་དང་མི་སྒེར་སུས་ཀྱང་ཆོས་ལུགས་བེད་སྤྱད་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། སྤྱི་དམངས་ཀྱི་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱེད་པ། རྒྱལ་ཁབ་ཀྱི་ཁྲིམས་འཛིན་དང་སློབ་གསོའི་ལམ་ལུགས་ལ་བར་ཆད་གཏོང་བ། དེ་བཞིན་རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་གཞན་དག་སྤེལ་བ་གཏན་འགོག་བྱེད་དགོས།

ཆོག་མཆན་མ་ཐོབ་པར་རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་དགོན་སྡེ་ལྷ་ཁང་སོགས་ཆོས་ལུགས་བྱེད་སྒོ་སྤེལ་གནས་སུ་སློབ་གྲྭ་དང་སློབ་གསོའི་ལས་ཁུངས་གཞན་དག་བཙུགས་མི་ཆོག

དོན་ཚན་དྲུག་ཅུ་བ། རང་སྐྱོང་ཁུལ་ནང་ཁུལ་གྱི་དགོན་སྡེ་དང་། ལྷ་ཁང་། ཆོས་ཁང་བཅས་ཀྱིས་ཁྲིམས་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་དགོས།

དོན་ཚན་རེ་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་གནས་སུ་རྩིག་དངོས་བསྐྱར་བཟོ་དང་བཞེང་སྐྲུན་བྱེད་ན། དེ་ཉིད་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གི་ཆོག་མཆན་ཐོབ་རྗེས། ཁྲིམས་ལྟར་འཆར་འགོད་དང་འཛུགས་སྐྲུན་སོགས་ཀྱི་འགྲོ་ལུགས་བསྒྲུབ་དགོས།

ཆོས་ལུགས་རྩིག་བཟོ་ཐད་ནས་ངེས་པར་དུ་ཀྲུང་གོ་ཅན་གྱི་ཁྱད་ཆོས་རྒྱུན་འཁྱོངས་དང་མཚོན་པར་བྱེད་དགོས།

དོན་ཚན་རེ་གཉིས་པ། རང་སྐྱོང་ལས་ཁུངས་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་བསྡུས་མཐུན་སྦྱོར། རིགས་དབྱེ་དོ་དམ། རིམ་དབྱེ་འགན་འཁུར། ཁོངས་གཏོགས་དོ་དམ་བཅས་ཀྱི་འཕྲལ་སྡོམ་དོ་དམ་སྒྲིག་སྲོལ་གྱི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་བ་དང་ཐོལ་བྱུང་དོན་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་དགོས།

རང་སྐྱོང་ལས་ཁུངས་ཀྱིས་རང་བྱུང་གནོད་འཚེའི་སྔོན་བརྡ་དང་འཕྲལ་སྡོམ་ལམ་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཟོན་ཆུ་ཚད་མཐོ་རུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ། རང་བྱུང་གནོད་འཚེའི་སྔོན་བརྡ་དང་འཕྲལ་སྡོམ་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

རང་སྐྱོང་ལས་ཁུངས་ཀྱིས་འཕྲལ་སྡོམ་རོགས་སྐྱོར་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མེ་གསོད་རོགས་སྐྱོབ་དཔུང་ཁག་དང་། ལས་རིགས་དང་ཁེ་ལས་ཀྱི་ཆེད་བསྐོས་རོགས་སྐྱོབ་དཔུང་ཁག  དང་བླངས་པའི་དཔུང་ཁག་བཅས་མཉམ་དུ་སྦྱོང་བརྡར་དང་། རོགས་སྐྱོབ་མཉམ་ལས་བྱེད་པའི་ལམ་སྲོལ་བཙུགས་ཏེ་གནོད་འཚེ་དང་བྱུར་ཉེས་སྣ་ཚོགས་ཀྱི་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས།

དོན་ཚན་རེ་གསུམ་པ། རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་སྲུང་སྐུལ་སློང་གི་ནུས་པ་ཆེ་རུ་གཏོང་བ་དང་། དམག་ཞབས་ལམ་ལུགས་དངོས་འབེབས་ནན་པོ་བྱེད་པ། རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

8 ལེའུ་དྲུག་པ། ཞར་བྱུང་།

དོན་ཚན་རེ་བཞི་བ། ལོ་རེའི་ཟླ8པའི་ཚེས1ཉིན་ནི་རང་སྐྱོང་ཁུལ་དབུ་བརྙེས་པའི་དྲན་གསོ་ཉིན་མོ་ཡིན་ཞིང་ཉིན་གཅིག་ལ་ངལ་གསོའི་གནང་བ་སྟེར་དགོས།

བོད་ལུགས་ལོ་སར་དང་སྨྱུང་གྲོལ་དུས་ཆེན་སོགས་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལ་གནང་བ་སྟེར་བའི་བྱེ་བྲག་གི་དུས་ཡུན་ནི་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ལོགས་སུ་གཏན་འབེབས་བྱེད་དགོས།

དོན་ཚན་རེ་ལྔ་བ། སྲོལ་ཡིག་འདི་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ནས་འགྲེལ་བཤད་བྱེད་དགོས།

དོན་ཚན་རེ་དྲུག་པ། སྲོལ་ཡིག་འདི་སྤྱི་ལོ2020ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-11

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།