བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག
བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག(བསྡུས་མིང་ལ་བྱང་སྐར་ཨང་གསུམ་པའི་མ་ལག) ནི་སའི་གོ་ལའི་སྒོར་དབྱིབས་འབྲིང་བའིའཁོར་ལམ་འཁོར་སྐར24དང་། སའི་གོ་ལའི་འགུལ་མེད་འཁོར་ལམ་འཁོར་སྐར3 གསེག་གཞོལ་སའི་གོ་ལའི་འགྲོས་མཉམ་འཁོར་ལམ་འཁོར་སྐར3བཅས་ཁྱོན་བསྡོམས་འཁོར་སྐར30ལས་གྲུབ། བྱང་སྐར་ཨང་གསུམ་པའི་འཁོར་སྐར་ཕྱོགས་སྟོན་མ་ལག་གིས་ཞབས་ཞུ་རིགས་གཉིས་མཁོ་འདོན་བྱེད་པ་སྟེ། སྒོ་དབྱེའི་ཞབས་ཞུ་དང་དབང་ཆ་སྤྲོད་པའི་ཞབས་ཞུ་ཡིན། སྒོ་དབྱེའི་ཞབས་ཞུ་ནི་ཞབས་ཞུའི་ཁུལ་དུ་རིན་མི་དགོས་པར་གནས་ཡུལ་གཏན་ཁེལ་དང་མྱུར་ཚད་འཇལ་བ། དུས་བརྡ་གཏོང་བ་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་ཅིང་། གནས་ཡུལ་གཏན་འཁེལ་གྱི་ཞིབ་ཚད་སྨི10ཡིན་ལ་དུས་བརྡ་གཏོང་བའི་ཞིབ་ཚད་ནཱ་སྐར་ཆ50ཡིན་པ་དང་། འགྲོས་ཚད་ཀྱི་ཞིབ་ཚད་ནི་སྐར་ཆ་རེར་སྨི0.2ཡིན། དབང་སྤྲོད་ཞབས་ཞུ་ནི་དབང་བཅོལ་མཁན་ལ་དེ་བས་བདེ་འཇགས་ཀྱི་གཏན་ཁེལ་གནས་ཡུལ་དང་མྱུར་ཚད་འཇལ་བ། དུས་བརྡ་གཏོང་བ། འཕྲིན་གཏོང་ཞབས་ཞུ་བཅས་དང་དེ་བཞིན་མ་ལག་གི་འཐུས་ཚང་རང་བཞིན་གྱི་ཆ་འཕྲིན་མཁོ་འདོན་བྱ་རྒྱུ་དེ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北斗三号全球卫星导航系统
ཤར་གཏོང་དུས་ཚོད།
སྤྱི་ལོ2020ལོའི་ཟླ7ཚེས31ཉིན།
ཕྱི་ཡིག་གི་མིང་།
BD3、Beidou-3
བྱེད་ནུས།
འཕྲིན་གཏོང་གནས་ཡུལ་གཏན་ཁེལ་བྱེད་པ།
བསྡུས་མིང་།
བྱང་སྐར་ཨང་གསུམ་པའི་མ་ལག
ལེགས་ཆ།
བྱང་སྐར་ཨང་དང་པོའི་མ་ལག་གི་ཞན་ཆ་སེལ་བ།
1 ​ འཛུགས་སྐྲུན་དམིགས་ཚད།

བྱང་སྐར་རྟགས་ཅན་གྱི་འཁོར་སྐར་ཕྱོགས་སྟོན་མ་ལག་ཨང་གསུམ་པའི་འཛུགས་སྐྲུན་དམིགས་ཚད་ནི་ཀྲུང་གོ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ཀྲུང་གོའི་དམག་དམངས་ལ་སྐམ་མཚོ་མཁའ་གསུམ་གྱི་ཕྱོགས་སྟོན་གཏན་འཁེལ་གནས་ཡུལ་མཁོ་སྤྲོད་ཀྱི་ཞབས་འདེགས་ཞུ་རྒྱུ་དང་། དེ་མིན་འཁོར་སྐར་གྱིས་གནས་ཡུལ་གཏན་ཁེལ་དང་། ཕྱོགས་སྟོན། དུས་བརྡ་གཏོང་བའི་ཞབས་ཞུ་བཅས་ཀྱི་བྱེད་ནུས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། མཁའ་སྐྱོད་སྤྱོད་མཁན་ལ་གནས་ཡུལ་གཏན་ཁེལ་དང་འཁོར་ལམ་འཇལ་གཅོད་ཀྱི་བྱེད་ཐབས་འདོན་སྤྲོད་བྱས་ཏེ། མཚོན་ཆའི་སྣེ་ཁྲིད་ཀྱི་དགོས་མཁོ་སྐོང་བ་དང་ཕྱོགས་སྟོན་གྱི་གནས་ཡུལ་གཏན་འཁེལ་གྱི་ཆ་འཕྲིན་བརྗེ་རེས་བྱེད་པའི་དགོས་མཁོ་སྐོང་རྒྱུ་བཅས་རེད།

2 གོང་སྤེལ་འཐབ་ཇུས།

སྤྱི་ལོ2000ལོའི་ལོ་མཇུག་ཏུ་བྱང་སྐར་རྟགས་ཅན་གྱི་མ་ལག་དང་པོ་བསྐྲུན་ནས་ཀྲུང་གོར་ཞབས་འདེགས་ཞུས་པ།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་བྱང་སྐར་རྟགས་ཅན་གྱི་མ་ལག་ཨང་གཉིས་པ་བསྐྲུན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ལ་ཞབས་འདེགས་ཞུས་པ།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་བྱང་སྐར་རྟགས་ཅན་ཨང་གསུམ་པའི་གཞི་རྩའི་མ་ལག་བསྐྲུན་ནས“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་ལ་ཞབས་ཞུ་མཁོ་འདོན་བྱས་པ།

སྤྱི་ལོ2020ལོར་འཛམ་གླིང་ཐོག་གི་བྱང་སྐར་རྟགས་ཅན་ཨང་གསུམ་པའི་མ་ལག་རྩེ་གྲ་བསྐྲུན་ནས་གོ་ལ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ།

སྤྱི་ལོ2035ལོར་བྱང་སྐར་ལྟེ་བར་བྱས་པའི་ཕྱོགས་བསྡུས་གནས་ཡུལ་གཏན་འཁེལ་གྱི་ཕྱོགས་སྟོན་དུས་བརྡ་གཏོང་པའི་མ་ལག་ཅིག་བསྐྲུན་རྒྱུ།

3 འཛུགས་སྐྲུན་གྱི་འཕེལ་རིམ།

སྤྱི་ལོ2009ལོར་བྱང་སྐར་ཨང་གསུམ་པའི་བཟོ་སྐྲུན་དངོས་སུ་འགོ་ཚུགས་པ་རེད།

སྤྱི་ལོ2010ལོའི་ཟླ1ཚེས17ཉིན་གྱི་ཐོ་རེངས་ཆུ་ཚོད0དང་སྐར་མ12ཐོག་ཀྲུང་གོས་བྱང་སྐར་ཕྱོགས་སྟོན་འཁོར་སྐར་གསུམ་པ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བདེ་བླག་ངང་བསྐྱལ་བ་རེད། དེ་དང་ཆབས་ཅིག་ཀྲུང་གོའི་གཞུང་ཕྱོགས་ཀྱིས་བྱང་སྐར་འཁོར་སྐར་ཡང་དག་སྒོས་འཁོར་ལམ་དུ་བསྐྱལ་བ་དེས་བྱང་སྐར་མ་ལག་གི་དྲ་བའི་འཕེལ་རིམ་མགྱོགས་སུ་བཏང་ནས་ལོ་གཅིག་ནང་འཕྲོ་རིམ་འཕྲོར་བྱང་སྐར་འཁོར་སྐར10ཡན་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་། སྤྱི་ལོ2020ལོའི་ཡར་སྔོན་དུ་གོ་ལ་ཧྲིལ་པོའི་བྱང་སྐར་མ་ལག་གི་དྲ་བ་འཛུགས་པར་འཁོར་སྐར་སུམ་ཅུ་ལྷག་ཙམ་དགོས་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས།

སྤྱི་ལོ2017ལོའི་ཟླ11པར་བྱང་སྐར་རྟགས་ཅན་ཨང་གསུམ་པའི་མ་ལག་གི་སྐར་མ་ཟུང་ལྡན་ཐོག་མ་དེ་འཕེན་གཏོང་བྱས་པ་རེད།

སྤྱི་ལོ2017ལོའི་ཟླ11པ་ནས་སྤྱི་ལོ2020ལོའི་ཟླ6པའི་བར་གྱི་ཟླ31གི་རིང་ལ། ཀྲུང་གོས་བྱང་སྐར་རྟགས་ཅན་ཨང་གསུམ་པའི་དྲ་རྒྱའི་སྐར་མ30དང་བྱང་སྐར་རྟགས་ཅན་ཨང་གཉིས་པའི་གྲབས་ཉར་སྐར་མ་གཉིས་བཏང་བའི་ལེགས་འགྲུབ་བྱུང་ཚད100%ཟིན་ཡོད་ལ། ཟླ་རེར་ཆ་སྙོམས་འཁོར་སྐར1གཏོང་བའི་མྱུར་ཚད་ལས་བརྒལ་ནས་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་གི་དྲ་བའི་འཕེན་གཏོང་ཟིན་ཐོ་གསར་པ་བཏོད་ཡོད།

སྤྱི་ལོ2018ལོའི་ཟླ12ཚེས27ཉིན། ཀྲུང་གོ་འཁོར་སྐར་ཕྱོགས་སྟོན་མ་ལག་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་དང་བྱང་སྐར་འཁོར་སྐར་ཕྱོགས་སྟོན་མ་ལག་གི་གསར་འགྱུར་མགྲིན་ཚབ་པ་རན་ཁྲེང་ཆི་ཡིས་པེ་ཅིང་དུ་བྱང་སྐར་རྟགས་ཅན་ཨང་གསུམ་པའི་གཞི་རྩའི་མ་ལག་བསྐྲུན་ཟིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། ཉིན་དེར་འཛམ་གླིང་ཡོངས་སུ་ཞབས་ཞུ་མཁོ་སྤྲོད་བྱེད་མགོ་བརྩམས།

སྤྱི་ལོ2020ལོའི་ཟླ6ཚེས30ཉིན། བྱང་སྐར་གྱི“མཇུག་བསྡུའི་སྐར་མས” གནས་ཡུལ་བདེ་བླག་སྒོས་གཏན་འཁེལ་བྱུང་བ་དང་། བྱང་སྐར་ཨང་གསུམ་པའི་འཁོར་སྐར30ཚང་མ་ཡུན་རིང་དོ་དམ་བྱེད་སྟངས་སུ་བསྒྱུར་ཡོད་ཅིང་། དེས་ཀྲུང་གོའི་བྱང་སྐར་འཁོར་སྐར་ཕྱོགས་སྟོན་མ་ལག་དེ་ཉིད་གོ་ལ་ཧྲིལ་པོའི་དྲ་སྦྲེལ་ཚོ་ཆུང་གི་ཕྱོགས་སུ་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད། ཟླ7ཚེས29ཉིན་གྱི་གསར་འགྱུར་ལྟར་ན། བྱང་སྐར་འཁོར་སྐར་ཕྱོགས་སྟོན་མ་ལག་གི་འཁོར་སྐར་ཨང55པས(བྱང་སྐར་ཨང་གསུམ་པའི་མ་ལག་གི་སའི་གོ་ལའི་འགུལ་མེད་འཁོར་ལམ་འཁོར་སྐར)འཁོར་ལམ་ཚད་ལེན་ཚོད་ལྟ་དང་དྲ་ཞུགས་དཔྱད་དཔོག་སོགས་ཀྱི་ལས་དོན་འགྲུབ་ནས་དངོས་སུ་དྲ་ཞུགས་བྱས་ཡོད་ཅིང་། ཚད་འཇལ་ཨང་གྲངས་ཀྱི་ཨང་རྟགས61སྤྱད་དེ་གནས་ཡུལ་གཏན་འཁེལ་གྱི་ཕྱོགས་སྟོན་དུས་བརྡ་གཏོང་བའི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།

སྤྱི་ལོ2020ལོའི་ཟླ7ཚེས31ཉིན་གྱི་སྔ་དྲོ་བྱང་སྐར་རྟགས་ཅན་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་པ་དང་ཤར་གཏོང་ཐུབ་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག་དངོས་སུ་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་གནང་བ་རེད། ཟླ7ཚེས31ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བྱང་སྐར་རྟགས་ཅན་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ནས་ཤར་གཏོང་ཐུབ་པར་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།

སྤྱི་ལོ2020ལོའི་ཟླ8ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད10པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཀྲུང་གོའི་འཁོར་སྐར་ཕྱོགས་སྟོན་མ་ལག་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་དང་བྱང་སྐར་འཁོར་སྐར་ཕྱོགས་སྟོན་མ་ལག་གི་གསར་འགྱུར་མགྲིན་ཚབ་པ་རན་ཁྲེང་ཆི་སོགས་ཀྱིས་བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ནས་ཤར་གཏོང་ཐུབ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། རན་ཁྲེང་ཆི་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ་བྱང་སྐར་འཁོར་སྐར་ཕྱོགས་སྟོན་མ་ལག་གིས་ལོ་ཕྱེད་སྔོན་ལ་གོ་ལ་ཧྲིལ་པོའི་སྐར་ཁྱིམ་བཀོད་སྒྲིག་ལེགས་འགྲུབ་བྱུང་ནས་མ་ལག་ཧྲིལ་པོའི་ཞབས་ཞུ་ཤར་གཏོང་བྱས་ཡོད་ལ། ལས་ཁུངས400ལྷག་དང་ཚན་རྩལ་མི་སྣ་ཁྲི30ལྷག་གིས་བློ་རིག་གཅིག་བསྡུས་ཀྱིས་སྐར་མའི་བར་གྱི་སྦྲེལ་ལམ་དང་ཞིབ་ཚད་མཐོ་བའི་མ་རྡུལ་ཆུ་ཚོད་སོགས་འགག་རྩའི་ལག་རྩལ་ཁག160ལྷག་གི་འགག་གནད་སྒྲོལ་ཡོད། འཕྲུལ་ཆས་ཀྱི་ལྷུ་ལག500ལྷག་ཙམ་རང་རྒྱལ་གྱིས་ཞིབ་བཟོ་བྱས་པ་དང་། བྱང་སྐར་རྟགས་ཅན་ཨང་གསུམ་པའི་འཁོར་སྐར་གྱི་ལྟེ་བའི་ལྷུ་ལག་རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱེད་ཚད100%ཟིན་ཡོད་ཅེས་ངོ་སྤྲོད་གནང་།

4 བྱེད་ནུས་ཀྱི་ཁྱད་ཆོས།

བྱང་སྐར་མ་ལག་ལ་གཤམ་གྱི་ཁྱད་ཆོས་འདི་དག་ལྡན་ཏེ། གཅིག་ནས་བྱང་སྐར་མ་ལག་གི་བར་སྟོང་དུམ་བུར་འཁོར་ལམ་གསུམ་གྱི་འཁོར་སྐར་གྱིས་གྲུབ་པའི་མཉམ་བསྲེས་སྐར་ཚོམ་བཀོལ་ཡོད་ལ། འཁོར་སྐར་ཕྱོགས་སྟོན་མ་ལག་གཞན་དག་དང་བསྡུར་ན་འཁོར་ལམ་མཐོ་བའི་འཁོར་སྐར་སྔར་ལས་མང་བ་དང་སྒྲིབ་འགོག་ནུས་པ་ཆེ། ལྷག་པར་དུ་འཕྲེད་ཐིག་དམའ་བའི་ས་ཁུལ་གྱི་གཤིས་ནུས་ཁྱད་ཆོས་ལྷག་ཏུ་མངོན་གསལ་ཡིན། གཉིས་ནས་བྱང་སྐར་མ་ལག་གིས་ཟློས་ཚེག་མང་བའི་ཕྱོགས་སྟོན་བརྡ་རྟགས་འདོན་སྤྲོད་བྱས་ཏེ་ཟློས་མང་བརྡ་རྟགས་སྡེབ་སྒྲིག་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཞབས་ཞུའི་ཞིབ་ཚད་ཇེ་མཐོར་གཏོང་ཐུབ། གསུམ་ནས་བྱང་སྐར་མ་ལག་གི་གསར་གཏོད་དེར་ཕྱོགས་སྟོན་དང་འཕྲིན་གཏོང་ནུས་པ་མཉམ་འདྲེས་བྱུང་ཡོད་པས། དུས་ཐོག་ཏུ་ཕྱོགས་སྟོན་དང་མགྱོགས་མྱུར་སྒོས་གནས་ཡུལ་གཏན་འཁེལ། ཞིབ་ཚད་མཐོ་བའི་སྒོ་ནས་དུས་བརྡ་གཏོང་བ། གོ་གནས་སྙན་ཞུ་དང་ཚགས་པར་ཐུང་གྲས་ཀྱི་འཕྲིན་གཏོང་ཞབས་ཞུ་བཅས་ནུས་པ་ཆེན་པོ་ལྔ་ལྡན་ཡོད།

5 བཟོ་སྐྲུན་གྱི་དོན་སྙིང་།

བྱང་སྐར་གྱིས་འཛམ་གླིང་ཡོངས་ལ་ཞབས་འདེགས་ཞུས་རྗེས། ལས་རིགས་ཁག་གིས་བྱང་སྐར་ཉེར་སྤྱོད་ཐད་བློ་གཏོད་ཆེ་རུ་ཕྱིན་ནས་བྱང་སྐར་གྱི་ཐོན་ལས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། དཔེར་ན། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ལས། ཉ་ལས། གློག་ཤུགས་ནུས་ཁུངས་སོགས་སྲོལ་རྒྱུན་གྱི་ཉེར་སྤྱོད་ཁྱབ་ཁོངས་ཀྱི་ལས་སྒོ་མཉམ་འདྲེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་ཡོད། དེ་དང་ཆབས་ཅིག5Gཚོང་སྤྱོད་དུས་རབས་སུ་སླེབས་པ་དང་བསྟུན་ནས་བྱང་སྐར་གྱིས་རབས་གསར་པའི་འཕྲིན་གཏོང་དང་། ཁུལ་གླིང་མུ་འབྲེལ། མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་དང་མྱུར་བོར་མཉམ་འདྲེས་བྱེད་བཞིན་ཡོད་ལ། བརྡ་རྟགས་གསར་བས་ད་དུང་ཐོན་རྫས་གསར་བ་འབྱུང་བར་སྐུལ་འདེད་བྱས། བྱང་སྐར་རྟགས་ཅན་ཨང་གསུམ་པའི་བརྡ་རྟགས་གསར་པ་ལ་རྒྱབ་སྐྱོར་བྱེད་པའི་ནཱ་སྨི22བཟོ་རྩལ་འཕྲོ་ཟློས་རྨང་ཐགས་གཞི་གཅིག་ཅན་གྱི་ཕྱོགས་སྟོན་གནས་ཡུལ་གཏན་འཁེལ་བྱེད་སྤྱད་ཉིང་ལེབ་ཀྱི་བོངས་ཚད་དེ་བས་ཆུང་བ་དང་། རྩོལ་གྲོན་དེ་བས་དམའ་བ། ཞིབ་ཚད་དེ་བས་མཐོ་བ་དང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་མངོན་འགྱུར་བྱུང་ཡོད། སྤྱི་ལོ2019ལོའི་ཟླ12ཚེས27ཉིན་བར། རང་རྒྱལ་ནས་ཐོན་པའི་བྱང་སྐར་གྱི་རྨང་གཞིའི་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ120ལྷག་ཙམ་ལ་ཕྱིར་གཏོང་བྱས་ཤིང་། བྱང་སྐར་གྱི་ས་ཆའི་བདག་དབང་གཏན་འཁེལ་དང་གནད་སྨིན་ཞིང་ལས། གྲངས་འཛིན་ཨར་ལས། རིག་ལྡན་གྲུ་ཁ་སོགས་ཨེ་ཤ་ཡ་ཤར་མའི་མནའ་འབྲེལ་དང་ཨེ་ཤ་ཡ་ལྷོ་མ། ཡོ་རོབ་ཤར་མ། ཨེ་ཤ་ཡ་ནུབ་མ། ཨ་ཧྥེ་རི་ཁ་སོགས་སུ་བེད་སྤྱོད་ལམ་ལྷོང་བྱུང་ཡོད།

བྱང་སྐར་ཕྱོགས་སྟོན་རྣམ་པའི་ཉིང་ལེབ་དཔེ་དབྱིབས་ཕྱིར་ཚོང་བྱེད་ཚད་ཁྲི3000ལས་བརྒལ་ཡོད་པ་རེད། ཞིབ་ཚད་མཐོ་བའི་པང་ཁཱ་དང་གནམ་སྐུད་ཕྱིར་ཚོང་བྱེད་ཚད་ཀྱིས་རྒྱལ་ནང་ཁྲོམ་རའི30%དང90%ཡི་ཐོབ་སྐལ་བཟུང་ཡོད་ལ། རྒྱལ་ཁབ་དང་ས་ཁུལ་0ལྷག་ཙམ་ལ་ཕྱིར་གཏོང་བྱས་པ་རེད། དེའི་ནང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ30ལྷག་ཙམ་ཡོད་པ་དེ་དག་གིས་རིག་ནུས་ལག་ཐོགས་ཁ་པར་དང་འཛད་སྤྱོད་རིགས་ཀྱི་ཐོན་རྫས་གཞན་དག་ལ་སྤྱོད་པའི་རང་རྒྱལ་ནས་ཐོན་པའི་ཉིང་ལེབ་སམ་ཡང་ནIPཉིང་རྡུལ་གྲངས་འབོར་ཁྲི2200ཙམ་ཟིན་ཡོད་པ་རེད།

སྤྱི་ལོ2020ལོའི་ཟླ10པར། ཅིང་ཧྲེན་མྱུར་བགྲོད་ལྕགས་ལམ་ཁྲའོ་དབྱང་ལྟེ་གནས་ནས་ཧྲུན་དབྱི་དུམ་བུའི་ཨར་ལས་བྱ་ཡུལ་དུ་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་གླིང་ལྔ་པའི་ཚོང་ཚོགས་ཚད་ཡོད་ཀུང་སི་དང་ཝུའུ་ཧན་སློབ་ཆེན་གྱི་ལས་གྲྭའི་ལག་རྩལ་མི་སྣས་བྱང་སྐར་གྱི་གོམས་གཤིས་མཉམ་སྒྲིག་ཕྱོགས་སྟོན་ལྕགས་ལམ་གྱི་དབྱིབས་རྩིས་རྣམ་པའི་ཚད་འཇལ་ཡོ་བྱད(“བྱང་སྐར་གྱི་གོམས་གཤིས་འཁོར་ལོ”ཞེས་ཟེར)སྤྱད་དེ། ལམ་དུམ་དེའི་ཁྱོན་སྤྱི་ལེ49.6ཡོད་པའི་ལམ་ཐིག་ཉིས་གཤིབ་འཕུར་ལམ་ལ་ཡང་སྐོར་བསྐྱར་སྒོས་སྐོར་ཞིབ་ཚགས་ཚད་ལེན་གྱི་ལས་ཀ་མང་པོ་བསྒྲུབས།

བྱང་སྐར་གྱི་གོམས་གཤིས་འཁོར་ལོ་ཆུང་བ་དེ་ཅིང་ཧྲེན་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཐད་བཀོལ་སྤྱོད་བྱུང་བ་དེ་ལས་ཟླ7ཚེས31ཉིན་བྱང་སྐར་རྟགས་ཅན་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་འཁོར་སྐར་ཕྱོགས་སྟོན་མ་ལག་དངོས་སུ་ཤར་གཏོང་ཐུབ་པ་ནས་བཟུང་། ཐེངས་དང་པོའི་བཟོ་སྐྲུན་ཅན་གྱི་ཉེར་སྤྱོད་དེ་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཁྱབ་ཁོངས་སུ་སྤྱད་པ་རེད། རླངས་འཁོར་ཆུང་བ་དེའི་ལྟེ་བའི་ཚོར་ཆས་ཚང་མ་རང་རྒྱལ་ནས་བཟོས་པ་དང་དེར་བྱང་སྐར་ཉེར་སྤྱོད་དང་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-27

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།