ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་ཡིན་ལ། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་པ་ཞིག་ཡིན་པ་མ་ཟད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསར་པ་ཞིག་ཀྱང་རེད། སྤྱི་ལོ2017ལོའི་ཟླ7ཚེས1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང《ཀོང་ཏུང་དང་། ཤང་ཀང་། ཨའོ་མུན་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད། སྤྱི་ལོ2019ལོའི་ཟླ2ཚེས18ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》འགྲེམས་སྤེལ་བྱས་པ་རེད། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་དང་། ཨ་རིའི་ཉིའུ་ཡུའེ་མཚོ་ཁུག་ཁུལ། ཅིའུ་ཅིན་ཧྲན་མཚོ་ཁུག་ཁུལ། ལྗར་པན་ཏུང་ཅིང་མཚོ་ཁུག་ཁུལ་བཅས་ལ་འཛམ་གླིང་གི་མཚོ་ཁུག་ཁུལ་ཆེན་པོ་བཞི་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
粤港澳大湾区
ཕྱི་ཡིག་གི་མིང་།
Guangdong-Hong Kong-Macao Greater Bay Area
ས་ཁོངས།
ཀོང་ཏུང་ཞིང་ཆེན་གྱི་དབུས་རྒྱུད་དང་ཀྲུའུ་ཅང་ཟུར་གསུམ་གླིང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི5.6
ལྟེ་བའི་གྲོང་ཁྱེར།
ཞང་ཀང་། ཨའོ་མུན། ཀོང་ཀྲོའུ། ཧྲེན་ཀྲེན།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
1 ​འཆར་འགོད་དམིགས་ཡུལ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་ཆེད་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་གནད་ལ་འཁེལ་བ་བྱས་ཏེ་ཀོང་ཏུང་དང་། ཞང་ཀང་། ཨའོ་མུན་བཅས་ཀྱི་ཕྱོགས་བསྡུས་བཟང་ཆ་འདོན་སྤེལ་གང་ལེགས་གནང་ནས་ནང་ས་དང་ཀང་ཨའོ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཁྲོད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་བ། ཞང་ཀང་དང་ཨའོ་མུན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁོར་ཡུག་ཆེན་མོའི་ཁྲོད་འདྲེས་པར་རྒྱབ་སྐྱོར། ཞང་ཀང་དང་ཨའོ་མུན་གྱི་སྤུན་ཟླའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཀང་ཨའོ་སྤུན་ཟླ་རྣམས་ཀྱིས་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཁྲག་ཏུ་ལེན་པ་དང་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་གཟི་བརྗིད་རླབས་པོ་ཆེ་མཉམ་དུ་ལོངས་སྤྱོད་བྱེད་པའི་ཆེད་དུ་ཡིན་ལ།《ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གོང་སྤེལ་འཆར་འགོད་རྩ་གནད》ཀྱི་གླེང་གཞིའི་ནང་དུ་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་ཚོད་ལྟ་གསར་པ་ཞིག་ཡིན་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསར་པ་ཞིག་ཀྱང་རེད་ཅེས་བྲིས་ཡོད་ལ། འདི་ནི་ཁུག་ཆེན་ཁུལ་འཛུགས་སྐྲུན་གྱི་གཙོ་གནད་དང་དོན་སྙིང་ཡང་ཡིན།

2 འཆར་འགོད་རྒྱབ་ལྗོངས།

བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་ཞང་ཀང་དང་ཨའོ་མུན་མེས་རྒྱལ་གྱི་པང་དུ་ལོག་རྗེས། ཀོང་ཏུང་དང་། ཞང་ཀང་། ཨའོ་མུན་བཅས་བར་གྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ཀོང་ཏུང་དང་། ཞང་ཀང་། ཨའོ་མུན་བཅས་ཁུག་ཆེན་ཁུལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ས་ཁོངས་ཀྱི་འགྲན་རྩོད་བྱེད་ནུས་མངོན་གསལ་ཆེ་རུ་སོང་ཡོད། རྒྱལ་སྤྱིའི་མཚོ་ཁུག་ཁུལ་རྩེ་གྲ་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་ཐུབ་པའི་རྨང་གཞིའི་ཆ་རྐྱེན་འཛོམས་ཡོད།

ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པ་གང་ཞིག ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་ནི་རང་རྒྱལ་གྱི་མཚོ་རྒྱུད་སྒོ་འབྱེད་ཀྱི་མདུན་གྲལ་དུ་གནས་ཡོད། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་འདི་ཉིད་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་ལྟེ་གནས་སུ་བརྩིས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་གནས་བབ་གལ་ཆེན་ལྡན་ཡོད། འགྲིམ་འགྲུལ་སྟབས་བདེ་སྟེ། ཞང་ཀང་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་དང་འདོན་འཇུག་བྱེད་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་གྲུ་ཁ་གལ་ཆེན་དང་དེ་བཞིན་ཤང་ཀང་དང་། ཀོང་ཀྲོའུ། ཧྲེན་ཀྲེན་སོགས་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་མཁའ་འགྲུལ་ལྟེ་གནས་ཡོད་པ་མ་ཟད། སྟབས་བདེ་ཞིང་ལས་ཆོད་ཆེ་བའི་དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་ངང་ཆགས་བཞིན་ཡོད།

དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ལྡན་པ་གང་ཞིག དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་གྲལ་ལ་སླེབས་པ་དང་། ཐོན་ལས་མ་ལག་ཆ་ཚང་ལ་ཁྱུ་འདུས་ཀྱི་དགེ་མཚན་མངོན་གསལ་དོད་པ། དཔལ་འབྱོར་ཕན་ཚུན་གསབ་རེས་རང་བཞིན་ཆེ་བ་དང་། ཞང་ཀང་དང་ཨའོ་མུན་གྱི་ཞབས་ཞུའི་ལས་རིགས་དར་རྒྱས་ཆེན་པོ་བྱུང་ཡོད། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་དགུ་ལ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱིས་སྣེ་ཁྲིད་བྱེད་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱིས་གཙོ་བོ་བྱེད་པའི་ཐོན་ལས་ཀྱི་གྲུབ་ཆ་རགས་ཙམ་ཆགས་ནས་སྤྱི་ལོ2017ལོར་ཁུག་ཆེན་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི10ཙམ་ཟིན་ཡོད་པ་རེད།

གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ཡིན་པ་གང་ཞིག གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀོང་ཏུང་གི་ཕྱོགས་ཡོངས་ནས་གསར་གཏོད་སྒྱུར་བཅོས་ཚོད་ལྟ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཞིང་། རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། ཀོང་ཏུང་དང་། ཞང་ཀང་། ཨའོ་མུན་བཅས་ས་ཁུལ་གསུམ་གྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་དངོས་སྒྱུར་བྱེད་ནུས་མངོན་གསལ་དོད་པ། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་ཤུགས་རྐྱེན་གལ་ཆེན་ལྡན་པའི་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། ལག་རྩལ་མཐོ་གསར་གྱི་ཁེ་ལས། རྒྱལ་ཁབ་ཀྱི་ཚན་རིག་ལས་གྲྭ་ཆེན་པོ་བཅས་ཁག་ཅིག་ཡོད་པ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་འགུག་ནུས་ཆེ་ལ་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པའི་རྨང་གཞི་ལེགས་པོ་ལྡན་པ།

རྒྱལ་སྤྱིའི་རང་བཞིན་གྱི་ཆུ་ཚད་མདུན་གྲལ་གནས་པ་སྟེ། ཞང་ཀང་ནི་རྒྱལ་སྤྱིའི་དངུལ་རྩ་དང་མཚོ་ཐོག་སྐྱེལ་འདྲེན། ཉོ་ཚོང་ལྟེ་གནས། རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་བཅས་ཡིན། དེ་གའི་ཚད་མཐོའི་རྒྱལ་སྤྱི་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་དང་དེ་བཞིན་གོ་ལ་ཧྲིལ་པོར་ཁྱབ་པའི་ཚོང་ལས་དྲ་རྒྱ་ནི་གོ་ལ་ཧྲིལ་པོའི་རང་མོས་དཔལ་འབྱོར་དངོས་ཚན་གྱི་གྲས་ཤིག་རེད། དེ་མིན་འཛམ་གླིང་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་དང་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས་ཡིན་པའི་ཨའོ་མུན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། སྣ་མང་རིག་གནས་སྤེལ་རེས་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་དགུ་ནི་ནང་སའི་ཕྱི་ཕྱོགས་སུ་ཕྱོགས་པའི་དཔལ་འབྱོར་ས་ཁོངས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། དེར་རྒྱལ་ཡོངས་སུ་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་རྒྱུ་མགྱོགས་སུ་གཏོང་བའི་ཁྲོད་དུ་གོ་གནས་དང་ནུས་པ་གལ་ཆེན་ལྡན་ཡོད།

མཉམ་ལས་ཀྱི་རྨང་གཞི་ཡག་པོ་ཡོད་པ་སྟེ། ཞང་ཀང་དང་ཨའོ་མུན་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་རིག་གནས་མཆེད་ཁུངས་གཅིག་པ་དང་། མི་དང་མིའི་བར་གྱི་འབྲེལ་བ་མཛའ་ཞིང་མཐུན། དམངས་སྲོལ་ཆ་འདྲ་བ་དང་ལེགས་ཆ་ཕན་ཚུན་གསབ་རེས་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཀོང་ཏུང་དང་། ཞང་ཀང་། ཨའོ་མུན་བཅས་བར་གྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ་སྟེ། རྨང་གཞིའི་སྒྲིག་བཀོད་དང་མ་འཇོག་ཉོ་ཚོང་། དངུལ་རྩའི་ཞབས་ཞུ། ཚན་རྩལ་སློབ་གསོ། སྤྲོ་གསེང་ཡུལ་སྐོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རིམ་པ་མང་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་རྣམ་པ་ཞིག་ཆགས་ཡོད།

3 དོན་སྙིང་གལ་ཆེན།

ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་བསྐྲུན་ནས་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱས་ན“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ནང་ས་དང་ཞང་ཀང་། ཨའོ་མུན་བར་གྱི་སྤེལ་རེས་དང་མཉམ་ལས་སྔར་བས་དམ་ཟབ་ཏུ་གཏོང་ཐུབ་ལ། ཞང་ཀང་དང་ཨའོ་མུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བཞིན་ཞང་ཀང་དང་ཨའོ་མུན་གྱི་སྤུན་ཟླ་ནང་ལོགས་ས་ཁུལ་དུ་ཡོང་ནས་འཕེལ་རྒྱས་ལམ་བུ་འཚོལ་བའི་གོ་སྐབས་སྔར་ལས་མང་བ་འདོན་སྤྲོད་བྱ་ཐུབ། དེ་མིན་ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱ་ཐུབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་ཕན་ཐོགས་ཡོད། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་འདེགས་སྐྱོར་འདོན་སྤྲོད་བྱེད་ཐུབ། བསྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་ལ། རྒྱལ་སྤྱི་དང་སྦྲེལ་མཐུད་བྱེད་པའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ནང་ཞུགས་པའི་ལས་སྟེགས་གསར་པ་འཛུགས་ཐུབ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ས་ཁོངས་ཕྱོགས་གཉིས་སྒོ་དབྱེ་བརྒྱུད་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས21པའི་མཚོ་ཐོག་དར་གོས་ལམ་བུ་སྦྲེལ་མཐུད་མཉམ་འདྲེས་ཀྱི་འདེགས་སྐྱོར་ཁུལ་གལ་ཆེན་བསྐྲུན་རྒྱུར་ཕན་ཐོགས་ཡོད་པ་རེད།

4 སློབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཞང་ཀང་བས་ཞང་ཀང་སྐྱོང་བ། ”“ཨའོ་མུན་པས་ཨའོ་མུན་སྐྱོང་བ། ” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་གནད་དུ་འཁེལ་བར་བྱེད་པ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་བྱ་བ་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་དགེ་མཚན་དང་། ཀང་ཨའོ་གཉིས་ཀྱི་ཐུན་མིན་དགེ་མཚན། ཀོང་ཏུང་གི་བསྒྱུར་བཅོས་སྒོ་འབྱེད་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི་དགེ་མཚན་བཅས་ལ་ངོས་འཛིན་དང་བེད་སྤྱོད་གང་ལེགས་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱས་ནས། ཀོང་ཏུང་དང་ཞང་ཀང་། ཨའོ་མུན་བཅས་བར་གཉིས་ཕན་མཉམ་ལས་ཟམ་མི་ཆད་པར་ཟབ་སྤེལ། གཉིས་ཕན་མཉམ་རྒྱལ་གྱི་ས་ཁོངས་མཉམ་ལས་འབྲེལ་བ་སྔར་ལས་ལྷག་པར་བཙུགས་ཏེ་ས་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཞང་ཀང་དང་ཨའོ་མུན་གྱི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས། རྒྱལ་ཡོངས་སུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་བཅས་ལ་འདེགས་སྐྱོར་འདོན་སྤྲོད་བྱེད་པ་དང་། གསོན་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཀྱིས་ཕྱུག་པའི་མཚོ་ཁུག་ཁུལ་རྩེ་གྲ་དང་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མིག་དཔེ་བསྐྲུན་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-10-22

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།