པའོ་ཧྲན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ཧྲན་གྲོང་ཁྱེར།
པའོ་ཧྲན་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་གནས་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཡུན་ནན་ཞིང་ཆེན་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་དང་ལིན་ཚང་གྲོང་ཁྱེར་གྱི་ས་མཚམས་འབྲེལ་ཡོད། བྱང་ངོས་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། ནུབ་ངོས་ཏེ་ཧུང་ཏའེ་རིགས་ཅིན་ཕོ་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། ནུབ་བྱང་དང་ཀྲེང་ནན་ནི་འབར་མའི་འབྲེལ་མཚམས་ཡིན་པ་དང་རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ170ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.96ཡོད་པ་དེའི་ཁྲོད་རི་ཁུལ་དང་ཕྱེད་རི་ཁུལ་གྱི་རྒྱ་ཁྱོན་གྱིས92%བཟུང་ཡོད། པའོ་ཧྲན་ནི་ཡུན་ནན་ནུབ་ཕྱོགས་སུ་གནས་པའི་གནས་ཡིན་ཞིང་། ཀྲུང་གོ་ནས་ཨེ་ཤེ་ཡ་ལྷོ་མ་དང་། ཨེ་ཤེ་ཡ་ཤར་ལྷོ། ཐ་ན་ཡོ་རོབ་རྒྱལ་ཁབ་ཁག་བཅས་སུ་བསྐྱོད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པ་དང་། མངའ་ཁོངས་སུ་ཐེང་ཁྲུང་ནི་ཡུན་ནན་གྱི་ཉེ་རབས་ཀྱི་བཟོ་ཚོང་ལས་རིགས་དར་ཡུལ་གལ་ཆེན་གྱི་གྲས་ཤིག་ཡིན། ས་བབ་བྱང་མཐོ་ལ་ལྷོ་དམའ། མངའ་ཁོངས་ཀྱི་ས་ཁུལ་མང་ཆེ་བ་ནི་ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། རྡོ་སོལ་སེར་པོའི་གསོག་ཚད་དང་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་འཛམ་གླིང་ཐོག་གི་ཀོག་ཧྥེ་འབྲུ་རྡོག་འདེབས་འཛུགས་ཀྱི་རྟེན་གཞི་ཆེ་ཤོས་ཡིན་པ་དང་། རྒྱལ་ཡོངས་ཀྱི་མེ་ཏོག་ཉི་དགའ་དང་། རྡོ་ཧུ། སྟར་ཀ མེ་ཏོག་དམར་པོ་བཅས་འདེབས་འཛུགས་ཀྱི་རྟེན་གཞི་ཆེ་ཤོས་ཀྱང་ཡིན་ལ། རྒྱལ་ཡོངས་ཀྱི“ཡུན་ནན་ནུབ་རྒྱུད་ཀྱི་འབྲུ་མཛོད”གྲགས་ཅན་བཅས་ཡིན་པ་རེད། སྤྱི་ལོ2016ལོའི་བར་པའོ་ཧྲན་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཆུས1དང་། གྲོང་ཁྱེར1 རྫོང3བཅས་ཡོད་པ་རེད། ར་པའོ་ཧྲན་རྒྱུན་སྡོད་མི་འབོར་ཁྲི261.4ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི93.3ཡོད། གྲངས་ཉུང་མི་རིགས13བཅས་ཡོད་ཅིང་ཏའེ་ཐའེ་མི་རིགས་ཀྱི་འབྱུང་གནས་ཡིན་ལ། ཀྲུང་གོའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱིར་ལོག་རང་མི་ཁྲི28.9བཅས་ཡོད། སྤྱི་ལོ2017ལོར་པའོ་ཧྲན་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར678.9ཟིན་ཡོད། པའོ་ཧྲན་གྲོང་ཁྱེར་ནི་ལྷོ་ཕྱོགས་ཀྱི་དར་གོས་གནའ་ལམ་དང་། ཡུན་ནན་དང་འབར་མ་བར་གྱི་གཞུང་ལམ། ཧྲི་ཏི་ཝེ་གཞུང་ལམ་བཅས་བརྒྱུད་ཡོད་པ་རེད། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ནི་ཐེང་ཁྲུང་མེ་རི་ཚ་མཚོ་དང་། ཧོ་ཧྲུན་ཀུའུ་གྲོང་རྡལ། ཀའོ་ལི་ཀུང་ཧྲན། ཡན་ཅང་པ། སུང་ཧྲན་འཇར་འགོག་དམག་འཁྲུག་གི་གནའ་ཤུལ། ཡུན་ནན་ནུབ་རྒྱུད་ཀྱི་འཇར་འགོག་དམག་འཁྲུག་དྲན་གསོ་ཁང་། ཧྲན་ཁུལ་ནགས་ར་སོགས་ཡིན་པ་རེད། སྤྱི་ལོ2017ལོའི་ཟླ12པར་པའོ་ཧྲན་ལ“ཀྲུང་གོའི་རིག་གནས་སྐྱེ་ཁམས་ཡུལ་སྐོར་གྲོང་ཁྱེར”གྱི་མཚན་བྱང་ཐོབ་པ་རེད། སྤྱི་ལོ2018ལོའི་ཟླ3པར་པའོ་ཧྲན་ལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་ཐོབ་ཡོད། སྤྱི་ལོ2018ལོའི་ཟླ12པར་པའོ་ཧྲན་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་ཁག་གཉིས་པའི་མཚན་སྙན་ཐོབ་ཡོད། སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་གྲོང་ཁྱེར་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保山市
ཕྱི་ཡིག་གི་མིང་།
Baoshan City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་ལྷོ་ནུབ་རྒྱུད།
མངའ་ཁོངས། 
ཆུས1དང་གྲོང་ཁྱེར1 རྫོང3བཅས་ཡོད།
སྦྲག་སྲིད་ཨང་རྟགས།
678000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
530500
རླངས་འཁོར་ཚབ་ཨང་།
云M
མི་གྲངས།
སྤྱི་ལོ2017ལོར་ཁྲི261.4ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1.96ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0875
མེ་འཁོར་འབབ་ཚུགས།
པའོ་ཧྲན་འབབ་ཚུགས།
ཡུལ་སྐད།
ལྷོ་ནུབ་སྐད། ཡུན་ནན་སྐད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར678.9(སྤྱི་ལོ2017ལོ)ཡོད།
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)མིན་གོའི་སྲིད་གཞུང་གིས་ཞིང་ཆེན་དང་། ཏའོ། རྫོང་བཅས་རིམ་པ་གསུམ་གྱི་སྲིད་འཛིན་སྒྲིག་སྲོལ་ཁྱབ་སྤེལ་བཏང་བ་དང་། ཡུང་ཁྲང་སྲིད་གཞུང་གིས་པའོ་ཧྲན་རྫོང་སོར་འཇོག་བྱས་ཤིང་། ཡུན་ནན་ནུབ་ལམ་གྱི་མངའ་ཁོངས་སུ་གཏོགས།   

མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ཡུན་ནན་ནུབ་རྒྱུད་ཀྱི་ཏའོ་ནི་ཐེང་ཡུའེ་ཏའོ་ཞེས་པར་བསྒྱུར་པ་དང་། དེའི་མངའ་ཁོངས་སུ་དེང་གི་པའོ་ཧྲན་དང་། ལིན་ཚང་། ལི་ཅང་། ཏ་ལི། ཏེ་ཧུང་། རྒྱལ་མོ་རྔུལ་ཆུ། བདེ་ཆེན་སོགས་ཡོད།   

མིན་གོའི་སྲིད་ལོ་བཅུ་དགུ་བ་(སྤྱི་ལོ1930ལོར་)ཡིས་ཐེང་ཡུའེ་ཏའོ་བཅད་ནས་མི་སེར་སྤེལ་བའི་མཐའ་ལ་ལྟ་སྐུལ་བྱེད་དུ་བཅུག་པ་དང་། དེའི་ཁོངས་སུ་ཡུན་ནན་ནུབ་རྒྱུད་ཀྱི་རྫོང་12དང་སྲིད་འཛིན་ཁུལ་10གཏོགས་ཡོད།    

མིན་གོའི་སྲིད་ལོ་ཉེར་གཉིས་པར(སྤྱི་ལོ1933ལོ)པའོ་ཧྲན་གྱི་ཤར་ལྷོའི་མཚམས་སུ་ཧྥུའུ་ཏུང་དང་། ཧྥུ་ཞི། ཅུན་ཅུན། སན་ཡུའེ་ས་ཆ། ཏུའུ་ལུའུ་ཝ་ཅ། ཏ་ཐེན་པ་ལྕགས་བཟོ་གྲྭ། ཐུང་ཁྲང་། སི་ལ་ཁོན། ཀུའོ་ཁྲང་ཧོ། ཀྲུའུ་ལུའུ་ཝ་སོགས་ཀྱི་མཚམས་ཕྱེ་ནས་ཁྲང་ཉིན་རྫོང་དུ་བགོས་པ་རེད།  

མིན་གོའི་སྲིད་ལོ་ཉེར་བདུན་པ(སྤྱི་ལོ1938ལོ)ནས་མི་སེར་སྤེལ་བའི་མཐའ་མཚམས་ཀྱི་ལྟ་སྐུལ་སྤྱི་འདོམས་དང་པོ་དང་། ཁོངས་གཏོགས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ནི་ཞིང་ཆེན་སྲིད་གཞུང་གིས་མངག་གཏོང་བྱས་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་གྱིས་དོ་དམ་བྱ་རྒྱུ། དེང་གི་པའོ་ཧྲན་ས་མཚམས་སྔ་རྗེས་སུ་ཡུན་ནན་ནུབ་ལམ(ཐེང་ཡུའེ་ཏའོ)དང་། མི་སེར་སྤེལ་ཡུལ་གྱི་ལྟ་སྐུལ་དོ་དམ་ཨང་དང་པོ། ཞིང་ཆེན་སྲིད་གཞུང་གིས་མངགས་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་གྱི་མངའ་ཁོངས་སུ་གཏོགས།  

མིན་གོའི་སྲིད་ལོ་སུམ་ཅུ་སོ་གཅིག་པའི(སྤྱི་ལོ1942ལོའི)ཟླ5པར་ཐེང་ལུང་གཉིས་འཇར་ཇག་གི་གནས་སུ་གྱུར་ནས་ཐེང་ལུང་མཐའ་ཁུལ་སྲིད་འཛིན་ལྟ་སྐུལ་ཀུང་ཧྲུའུ་རང་ཤུགས་སུ་ཁ་གཏོར་ཞིང་། ཟླ7པར་ཡུན་ནན་ཞིང་ཆེན་གྱི་ཆུས་དྲུག་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་པའོ་ཧྲན་བཙུགས་པ་རེད།     

མིན་གོའི་སྲིད་ལོ་སུམ་ཅུ་སོ་གསུམ་པའི(སྤྱི་ལོ1944ལོའི)ཟླ10པར་ཆུས་དྲུག་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡིས་ཐེང་ཁྲུང་དུ་སྤོས་པ་རེད།    

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པར(སྤྱི་ལོ1947ལོ)ཆུས་བཅུ་གཉིས་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར་རྒྱུ་དང་། དེའི་མངའ་ཁོངས་སུ་རྫོང4དང་བཅོས་སྒྲིག་ཅུས7ཡོད། ཀུང་ཧྲུའུ་ནི་ཐེང་ཁྲུང་དུ་བཙུགས།    

སྤྱི་ལོ1950ལོར་པའོ་ཧྲན་ཆེད་ཁུལ་བཙུགས་ཏེ་དེའི་ཁོངས་སུ་པའོ་ཧྲན་རྫོང་དང་། ཁྲང་ཉིང་རྫོང་། ཧྲོང་ཅང་རྫོང་། ཀྲེན་ཁང་རྫོང་། ཐེང་ཁྲུང་རྫོང་། ལུང་ལིང་རྫོང་། ལུའུ་ཞི་རྫོང་། ཀེང་མ་ཀྲི་ཀྲི་ཅུས། ལུའུ་ཧྲུའེ་ཀྲི་ཅུས། རུའེ་ལི་ཀྲི་ཀྲི་ཀྲི་ཅུས། ལུང་ཁྲོན་ཀྲི་ཀྲི་ཅུས། ལེན་ཧྲན་ཀྲི་ཀྲི་ཅུས། ཡིང་ཅང་ཀྲི་ཀྲི་ཅུས། ལིའང་ཧོ་ཀྲི་ཅུས་སོགས་རྫོང་རིམ་པའི་སྲིད་འཛིན་ཁུལ14ཡོད།  

སྤྱི་ལོ1956ལོར་པའོ་ཧྲན་ཆེད་ཁུལ་མེད་པར་བཟོས་པ་དང་། ཁོངས་གཏོགས་པའོ་ཧྲན་རྫོང་དང་། ཁྲང་ཉིང་རྫོང་། ཐེང་ཁྲུང་རྫོང་། ལུང་ལིང་རྫོང་བཅས་ཏེ་ཧུང་ཏའེ་རིགས་ཅིན་ཕོ་རིགས་རང་སྐྱོང་ཁུལ་དུ་བགོས།   

སྤྱི་ལོ1963ལོར་པའོ་ཧྲན་ཆེད་ཁུལ་སླར་གསོ་བྱས་པ་དང་། དེའི་མངའ་ཁོངས་སུ་པའོ་ཧྲན་རྫོང་དང་། ཁྲང་ཉིང་རྫོང་། ཐེང་ཁྲུང་རྫོང་། ལུང་ལིང་རྫོང་། ཧྲི་ཏེན་རྫོང་བཅས་རྫོང5ཡོད།  

སྤྱི་ལོ1970ལོར་པའོ་ཧྲན་ས་ཁུལ་ཞེས་པར་བསྒྱུར།    

སྤྱི་ལོ1984ལོར་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་པའོ་ཧྲན་རྫོང་དུ་རྫོང་རིམ་པའི་པའོ་ཧྲན་གྲོང་ཁྱེར་མེད་པར་བཟོས་པ་རེད།  

སྤྱི་ལོ2001ལོར་པའོ་ཧྲན་ས་ཁུལ་དུ་ས་ཁུལ་རིམ་པའི་པའོ་ཧྲན་གྲོང་ཁྱེར་བཙུགས་པ་དང་དེ་སྔའི་རྫོང་རིམ་པའི་པའོ་ཧྲན་གྲོང་ཁྱེར་ནི་ལུང་དབྱང་ཆུས་སུ་བསྒྱུར།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1952ལོར་ཀྲེན་ཁང་རྫོང་དང་། ཧྲོང་ཅང་རྫོང་། ཀེང་མ་རྫོང་བཅས་པའོ་ཧྲན་ཆེད་ཁུལ་ནས་གསར་དུ་བཙུགས་པའི་མེན་ཉིང་ཆེད་ཁུལ་དུ་བགོས།     སྤྱི་ལོ1953ལོར་ལུའུ་ཞི་རྫོང་དང་། རུའེ་ལི་རྫོང་། ལུང་ཁྲོན་རྫོང་། ལེན་ཧྲན་རྫོང་། ཡིང་ཅང་རྫོང་། ལིའང་ཧོ་རྫོང་བཅས་པའོ་ཧྲན་ཆེད་ཁུལ་ནས་གསར་དུ་བཙུགས་པའི་ཏེ་ཧུང་ཐའེ་རིགས་ཅིན་ཕོ་རིགས་རང་སྐྱོང་ལྗོངས་སུ་བགོས།     སྤྱི་ལོ1954ལོར་ལུའུ་ཧྲུའེ་རྫོང་པའོ་ཧྲན་ཆེད་ཁུལ་ནས་གསར་དུ་བཙུགས་པའི་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ལྗོངས་སུ་བགོས།     སྤྱི་ལོ2014ལོར་ལུང་དབྱང་ཆུས་ཀྱི་ཁོངས་གཏོགས་སུ་ལུའུ་ཅང་གྲོང་རྡལ་དང་མང་ཁོན་དབྱིས་རིགས་ཏའེ་རིགས་ཡུལ་ཚོའི་ས་ཁོངས་ཁག་གཅིག་དབྱེ་ནས་ཀའོ་ལི་ཀུང་རི་བོའི་ཡུལ་སྐོར་སྤྲོ་གསེང་ཁུལ་བཙུགས་པ་དང་ཐད་གཏོགས་ས་ཁུལ་རིམ་པའི་པའོ་ཧྲན་གྲོང་ཁྱེར་ཡིན་པ་དང་། པའོ་ཧྲན་གྲོང་ཁྱེར་གྱི་མངའ་ཁོངས་སུ་རྫོང་རིམ་པའི་ཁུལ2དང་རྫོང4ཡོད།    སྤྱི་ལོ2015ལོར་ཐེང་ཁྲུང་རྫོང་ནི་རྫོང་རིམ་པའི་ཐེང་ཁྲུང་གྲོང་ཁྱེར་དུ་བསྒྱུར་ནས་དེ་སྔའི་ཐེང་ཁྲུང་རྫོང་གི་སྲིད་འཛིན་ས་ཁོངས་ནི་ཐེང་ཁྲུང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་ཐེང་ཁྲུང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཐེང་གཡོད་གྲོང་རྡལ་ཧྲན་ཡོན་སྡེ་ཁུལ་གྱི་གཞུང་ཕྱོགས་ཐིང་ཁུལ་ཆུང་ཨང81པ་ཡིན་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

པའོ་ཧྲན་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་གནས་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཡུན་ནན་ཞིང་ཆེན་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་དང་ལིན་ཚང་གྲོང་ཁྱེར་གྱི་ས་མཚམས་འབྲེལ་ཡོད། བྱང་ངོས་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། ནུབ་ངོས་ཏེ་ཧུང་ཏའེ་རིགས་ཅིན་ཕོ་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། ནུབ་བྱང་དང་ཀྲེང་ནན་ནི་འབར་མའི་འབྲེལ་མཚམས་ཡིན་པ་དང་རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ170ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.96ཡོད།

3_2 ས་དབྱིབས།     

པའོ་ཧྲན་གྲོང་ཁྱེར་ནི་འཕྲེད་བཅད་རི་རྒྱུད་དང་། ཡུན་ནན་གྱི་ནུབ་གཞུང་རོང་གི་ལྷོ་སྣེ་རུ་གནས་པ་དང་། མངའ་ཁོངས་ཀྱི་ས་དབྱིབས་རྙོག་འཛིང་ཆེ་ཞིང་ཆུ་རགས་ཁུལ་གྱིས8.21%བཟུང་། རི་ཁུལ་གྱིས91.79%བཟུང་ཡོད། ས་བབ་ཧྲིལ་པོ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་སྣུར་སྲིང་བྱས་པ་དང་ས་བབ་དམའ་ཤོས་སྨི535ཟིན་པ་དང་ས་བབ་མཐོ་ཤོས་སྨི3780.9ཟིན། ཆ་སྙོམས་ས་བབ་མཐོ་ཚད་སྨི1800ཙམ་ཟིན་ཡོད་པ་རེད།     

3_3 ནམ་ཟླ།    

པའོ་ཧྲན་ནི་འཕྲེད་ཐིག་དམའ་བའི་རི་ཁུལ་གྱི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། འཕྲེད་ཐིག་དམའ་བའི་མཐོ་སྒང་དུ་གནས་པ་དང་། ས་དབྱིབས་ཆགས་ཚུལ་རྙོག་འཛིང་ཡིན་ཞིང་། གནམ་གཤིས་ཀྱི་རིགས་ལ་ཚ་ཁུལ་བྱང་མ་དང་། ཚ་ཁུལ་ཕལ་བའི་དབུས་མ། ཚ་ཁུལ་ཕལ་བ། ཚ་ཁུལ་ཕལ་བའི་བྱང་མ། དྲོད་ཁུལ་ལྷོ་མ། དྲོད་ཁུལ་འབྲིང་མ། དྲོད་ཁུལ་འབྲིང་མ། ས་མཐོའི་གནམ་གཤིས་བཅས་ཁྱོན་བསྡོམས་གནམ་གཤིས་རིགས7ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།    

སྤྱི་ལོ2017ལོར་པའོ་ཧྲན་རྒྱུན་སྡོད་མི་འབོར་ཁྲི261.4ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.7འཕར་ཡོད། དེའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི168.1ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི93.3ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་གྱིས་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད35.68%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས1.86འཕར་ཡོད། རྒྱུན་སྡོད་མི་འབོར་རང་ཤུགས་སུ་འཕར་ཚད5.95‰ཟིན་ཡོད། ལོ་མཇུག་ཏུ་ཐེམ་ཐོའི་མི་འབོར་ཁྲི262.6ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.9འཕར་ཡོད། དེའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི161.6ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི101ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་མི་འབོར་གྱིས་མི་འབོར་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད38.46%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས7.54འཕར་ཡོད།

4_2 མི་རིགས།  

སྤྱི་ལོ2016ལོའི་ལོ་མཇུག་ཏུ་པའོ་ཧྲན་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི29ཟིན་པ་དེས་སྤྱིའི་མི་འབོར་གྱི11.12%བཟུང་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།   

སྤྱི་ལོ2017ལོར་པའོ་ཧྲན་གྱི་ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར262.1ཟིན་པ་དེ་ལོ་གོང་མ་ལས6.2%འཕར་བ་དང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར161.6ཟིན་ནས6.2%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི་146.28ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི་2.36འཕར་བ་དང་ཐོན་འཕར1.64%བྱུང་།     སྤྱི་ལོ2017ལོར་པའོ་ཧྲན་དུ་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཝ་ཐེ་ཁྲི230.3ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས3.6%འཕར་ཡོད། འདྲུད་འཐེན་འཁོར་ལོ་ཆེ་འབྲིང་ཆུང་གསུམ55968ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན678ཉུང་དུ་ཕྱིན་ཡོད་པ་རེད།    

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2017ལོར་པའོ་ཧྲན་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར159.1ཟིན་པ་དེ་ལོ་གོང་མ་ལས13%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར139.2ཟིན་ནས14.1%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ལ་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར52.3བྱུང་བ་དེ་ལོ་གོང་མ་ལས22.4%འཕར་ཡོད། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར31.7ཟིན་པ་དེ17.9%འཕར་ཡོད།    

5_3 ཐོན་ལས་གསུམ་པ།  

སྤྱི་ལོ2017ལོར་པའོ་ཧྲན་སྦྲག་སྲིད་འཕྲིན་གཏོང་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར21.8ཟིན་པ་དེ་ལོ་གོང་མ་ལས16.6%འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི9.46ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་དུད་ཚང་ཁྲི1.25ཉུང་དུ་ཕྱིན་ཡོད་པ་རེད། སྒུལ་བདེའི་ཁ་པརཁྲི236.27ཟིན་པ་དེ་ལོ་གོང་མ་ལས་ཁྲི30.17མང་དུ་ཕྱིན་ཡོད། དྲ་སྦྲེལ་གཤོང་ཆེའི་མཐུད་འཇུག་དུད་ཚང་ཁྲི33.42ཡོད་པ་དེ་ལོ་གོང་མ་ལས་དུད་ཚང་ཁྲི3.46འཕར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-15

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།