ཐུང་ཝེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐུང་ཝེ་རྫོང་།
ཐུང་ཝེ་རྫོང་ནི་ཀན་སུའུ་ཞིང་ཆེན་ཏིང་ཤི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀན་སུའུ་ཡི་དབུས་རྒྱུད་དང་ཏིང་ཤི་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གནས་པ་དང་། ཧན་ཡོན་ཏིང་གི་ཁྲི་ལོ་གསུམ་པར(སྤྱི་ལོའི་སྔོན་གྱི་114ལོ)རྫོང་དུ་བཙུགས་པ་དང་། ལོ2100ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཐུང་ཝེ་རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2908.5ཟིན་པ་དང་དེའི་མངའ་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ18དང་། གྲོང་ཚོ332 སྡེ་ཁུལ10བཅས་ཡོད་པ་དང་རྫོང་སྲིད་གཞུང་ཕིང་ཤང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི40.79ཡོད་པ་རེད། ཐུང་ཝེ་རྫོང་ནི་ས་སེར་ས་མཐོའི་རི་མ་ཐང་དུ་གནས་པ་དང་རྩྭ་ཕྱུགས་དང་། མ་རྨོས་ལོ་ཏོག ཞོག་ཁོག ཀྲུང་ལུགས་སྨན་རྫས། འབྲུ་རིགས་དཀྱུས་མ། ཤིང་ཏོག་དང་སྔོ་ཚལ་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཡོད། ཐུང་ཝེ་རྫོང་ནི“ཀྲུང་གོའི་ཡིག་རིས་སྒྱུ་རྩལ་གྱི་ཕ་ཡུལ”དང་། “ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ” “ཀྲུང་གོའི་ཡིག་གཟུགས་ཀྱི་ཕ་ཡུལ” “ཀྲུང་ཧྭའི་སྙན་ཚིག་གི་ཕ་ཡུལ” “རྒྱལ་ཡོངས་ལུས་རྩལ་གྱི་སྔོན་ཐོན་རྫོང” “རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་སྔོན་ཐོན་རྫོང”བཅས་ཡིན། སྤྱི་ལོ2011ལོར། རྒྱལ་ཁབ་ཀྱིས་ལིའུ་ཕན་རི་ཁུལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་བཅུག་པ་དང་། སྤྱི་ལོ2017ལོར། ཞིང་ཆེན་ཡོངས་ཀྱི་གཏིང་ཟབ་དབུལ་ཐར་གྱི་རྫོང23གྱི་གྲས་སུ་བཅུག་ཡོད། སྤྱི་ལོ2017ལོར་ཐུང་ཝེ་རྫོང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར40.72ལེགས་སྒྲུབ་བྱས་པ་དེ་ལོ་སྔོན་མ་ལས་4.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21266ཟིན་ནས8%འཕར་བ་དང། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར6197ཟིན་ནས8.8%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
通渭县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2908.5ཡོད།
ཕྱི་ཡིག་གི་མིང་།
Tongwei County
མི་འབོར།
ཁྲི43.89(སྤྱི་ལོ2018ལོ)ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཏིང་ཤི།
ཡུལ་སྐད།
ཀྲུང་ཡོན་སྤྱི་སྐད། ལུང་ཀྲུང་གི་སྐད་དུམ།
མངའ་ཁོངས།
གྲོང་རྡལ14དང་ཡུལ་ཚོ4ཡོད།
རླངས་འཁོར་ཚབ་ཨང་།
甘J
ས་ཁོངས་ཁ་པར་ཨང་རྟགས།
0932
མེ་འཁོར་ས་ཚིགས།
ཐུང་ཝེ་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
743300
ཡུལ་ལྗོངས་གྲགས་ཅན།
ཐུང་ཝེ་ཆུ་ཁོལ། ལུའུ་རི་བོ་སོགས་ཡོད།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པའི(སྤྱི་ལོ1913ལོ)ཟླ3པར། ཧྥུའུ་མེད་པར་བཟོས་ནས་ཏའོ་བཙུགས་པ་དང་། ཐུང་ཝེ་རྫོང་ནི་ཀན་སུའུ་ཞིང་ཆེན་ལུང་ནན་ཏའོ(ཅུང་མ་འགོར་བར་ཝེ་ཁྲོན་ཏའོ་རུ་བསྒྱུར། སྲིད་སྐྱོང་ནས་དེང་གི་ཐེན་ཧྲུའེ)ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོའི)ཟླ7པར། སྲིད་འཛིན་ཁུལ་དུ་བསྒྱུར་ཞིང་། ཐུང་ཝེ་རྫོང་ནི་ཀན་སུའུ་ཞིང་ཆེན་ཝེ་ཁྲོན་སྲིད་འཛིན་ས་ཁུལ་གྱི་ཁོངས་སུ་གཏོགས་པ་རེད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ(སྤྱི་ལོ1941ལོ)ཟླ8པར། ཝེ་ཁྲོན་སྲིད་འཛིན་ཁུལ་དེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པར་བསྒྱུར།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པའི(1949ལོའི)ཟླ8པའི་ཚེས6ཉིན། རྫོང་མཁར་བཅིངས་འགྲོལ་བཏང་བ་རེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཐུང་ཝེ་རྫོང་ནི་ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་དང་། སྤྱི་ལོ1955ལོའི་ཟླ10པའི་ཚེས22ཉིན་ཀན་སུའུ་ཞིང་ཆེན་ཏིང་ཤི་ཀྲོན་ཆུས(ས་ཁུལ)ཁུལ་གྱི་ཁོངས་སུ་གཏོགས་ཤིང་ད་ལྟའི་བར་རྒྱུན་བསྐྱངས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2017ལོའི་བར། ཐུང་ཝེ་རྫོང་ཁོངས་གཏོགས་སུ་གྲོང་རྡལ་14དང་ཡུལ་ཚོ4ཡོད་པ་སྟེ། ཕིང་ཤང་གྲོང་རྡལ་དང་། མ་དབྱིང་གྲོང་རྡལ། ཅི་ཁྲོན་གྲོང་རྡལ། པང་ལུའོ་གྲོང་རྡལ། ཁྲང་ཧོ་གྲོང་རྡལ། དབྱི་ཀང་གྲོང་རྡལ། ལུང་དབྱང་གྲོང་རྡལ། ལུང་ཁྲོན་གྲོང་རྡལ། པི་ཡུས་གྲོང་རྡལ། ཤང་ནན་གྲོང་རྡལ། ཧྲི་ཁྲོན་གྲོང་རྡལ། པེ་ཁྲེང་ཕུའུ་གྲོང་རྡལ། ཤིན་ཅིང་ཡུལ་ཚོ། ལི་ཏན་ཡུལ་ཚོ། སན་ཕུའུ་ཡུལ་ཚོ། སི་ཙི་ཡུལ་ཚོ། རྫོང་སྲིད་གཞུང་ནི་ཕིང་ཤང་གྲོང་རྡལ་ནུབ་ལམ་ཨང64པར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཐུང་ཝེ་རྫོང་ནི་ཀན་སུའུ་ཡི་དབུས་ཁུལ་དང་ཏིང་ཤི་གྲོང་ཁྱེར་གྱི་ཤར་ངོས་སུ་ཆགས་ཡོད་པ་དང་། གཞུང་ཐིག་ཤར་མའི104°57′~105°38′བར་དང་། འཕྲེད་ཐིག་བྱང་མའི 34°55′~35°29′བར་དུ་གནས་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ78དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ64ཡོད། ཤར་ལྷོ་དང་ལྷོ་ནི་སོ་སོར་ཆིན་ཨན་དང་ཀན་ཀུའུ་རྫོང་དང་འབྲེལ་ཞིང་། ལྷོ་ནུབ་དང་ནུབ་ནི་ཝུའུ་ཧྲན་དང་ལུང་ཞི་རྫོང་དང་འབྲེལ་ཡོད། ནུབ་བྱང་དང་བྱང་ཕྱོགས། བྱང་ཤར་བཅས་ནི་ཨན་ཏིང་ཆུས་དང་། ཧུའེ་ཉིང་། ཅིང་ཉིང་བཅས་རྫོང་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2908.5ཡོད།

3_2 ས་དབྱིབས་རྣམ་པ།

ཐུང་ཝེ་རྫོང་ནི་ས་སེར་མཐོ་སྒང་གི་རི་མ་ཐང་དུ་ཆགས་ཡོད་པ་དང་། ས་སེར་མང་ཙམ་དང་གཙང་ཁུལ་གྲོག་རོང་ས་ཁུལ་དུ་གནས་ཡོད། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོའི་མཚམས་དམའ། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི225.36ཡོད་པ་དང་ས་བབ་མཐོ་ཚད་སྨི1410ནས2521བར་ཡོད།

3_3 ནམ་ཟླ།

ཐུང་ཝེ་རྫོང་ནི་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་དང་ཐན་ཕྱེད་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད7.5℃ཡིན་ལ། དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ནི་སྤྱིར་བཏང་དུ-20℃ཡས་མས་ཡིན་པ་དང་། དབྱར་དུས་ཀྱི་དྲོད་ཚད་མཐོ་ཤོས་ནི་སྤྱིར་བཏང་དུ30℃ཡས་མས་ཡིན་ལ། ལོ་རེའི་དྲོད་ཚད་ཧེ་བག་ཅུང་ཆེ། སད་མེད་དུས་ཀྱི་ཉིན147དང་སད་མེད་དུས་ཀྱི་ཉིན120~170དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི380ཡས་མས་ཡིན། ཉི་འོད་ཕོག་ཡུན་གྱི་ཆུ་ཚོད2100~2400དང་། ལོ་རེའི་རླངས་པར་འགྱུར་ཚད་ཧའོ་སྨི1500ཡན་ཡིན།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ཐུང་ཝེ་རྫོང་གི་ལོ་རེའི་ཆ་སྙོམས་རྒྱུག་འབོར་སྨི་རྒྱ་དཔངས་གྲུ་བཞི་ཁྲི9540ཟིན་པ་དང་། ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་ཁྲི10986ཟིན་པ་རེད། རང་ས་ནས་ཐོན་པའི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི9690ཟིན་ཡོད། རྫོང་ཡོངས་ཀྱི་ཆུ་བེད་ལས་གྲྭའི་ད་ཡོད་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1800ཟིན་པ་དང་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་བསྐྲུན་རྗེས་ལོ་རེའི་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི7380མང་དུ་ཕྱིན་ཡོད། 

ཐུང་ཝེ་རྫོང་གི་ཆུའི་ཐོན་ཁུངས་དཀོན་པ་དང་མི་རེའི་ཆ་སྙོམས་ཁྱབ་ཚད་ནི། ཞིང་ཆེན་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི25%ཡིན་པ་དང་རྒྱལ་ཡོངས་ཀྱི10%ཡིན་པ་མ་ཟད། ཁྱབ་ཚུལ་དོ་སྙོམས་མེད་པ་དང་ས་དབྱིབས་དང་ས་བབ་སོགས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་སྔོག་འདོན་ཆེན་པོ་མེད་པ་དང་བེད་སྤྱོད་བྱེད་ཚད་དམའ་བ། ཆུའི་ཐོན་ཁུངས་འགན་ལེན་ཐད་ཐོན་ཁུངས་ཅན་གྱི་ཆུ་དཀོན་པ་དང་ཆུའི་སྤུས་ཚད་ཅན་གྱི་ཆུ་དཀོན་པའི་གནོན་ཤུགས་ཉིས་བརྩེགས་ལ་འཕྲད་ཡོད་པ་རེད།

4_2 ས་ཆའི་ཐོན་ཁུངས།

ཐུང་ཝེ་རྫོང་གི་ས་ཆའི་རྒྱ་ཁྱོན་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ2908.5ཟིན་པ་དང་། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི232.76ཟིན། གཞི་རྩའི་ཞིང་ཁ་སྲུང་སྐྱོང་རྒྱ་ཁྱོན་མུའུ་ཁྲི166.7ཟིན་པ་བཅས་ལས་ཆུ་ཞིང་མུའུ་ཁྲི2.4ཟིན་ཡོད། མི་རེའི་ཆ་སྙོམས་རྨོ་ཞིང་བཟུང་ཚད་བལྟོས་བཅས་ཀྱིས་ཆེ་བ་དང་། རི་ཁུལ་གྱི་རྒྱ་ཁྱོན་ཆེ་བ། ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་ཆུ་ཚད་དམའ་བ་བཅས་རེད།

5 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར། ཐུང་ཝེ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི40.79ཡོད་པ་རེད། མི་འབོར་སྐྱེ་ཚད14.42‰དང་། ཤི་ཚད7.58‰ རང་བྱུང་གི་འཕར་ཚད6.84‰བཅས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད24.42%ཟིན་ཡོད།

སྤྱི་ལོ2018ལོའི་ལོ་མཇུག་བར། ཐེམ་ཐོའི་མི་འབོར་ཁྲི43.89ཟིན་ཡོད་པ་རེད།

6 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2017ལོར། ཐུང་ཝེ་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར40.7203ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས4.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.7082ཟིན་ནས6.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར5.2621ཟིན་ནས་2.0%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར25.7500ཟིན་ནས་3.7%འཕར་ཡོད། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར10017ཟིན་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི་24.4:13.2:62.4ནས23.8:12.9:63.3ལ་འགྱུར་ཡོད།

སྤྱི་ལོ2017ལོར། ཝེ་རྫོང་གིས་སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར35.6086བཏང་བ་དེ་ལོ་སྔོན་མ་ལས32.5%ཆག་པའི་ནང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར30.5161བཏང་བ་དེ་ལོ་སྔོན་མ་ལས40.3%ཆག་པ་དང་། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུ་5.0925བཏང་བ་དེ་ལོ་སྔོན་མ་ལས197.6%འཕར་ཡོད། ལོ་འཁོར་འདིའི་ནང་ཨར་ལས་རྣམ་གྲངས149ཡོད་པའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས117ཡོད་པ་དང་ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར14.6796མང་དུ་ཕྱིན་ཡོད་པ་རེད།

སྤྱི་ལོ2017ལོར། ཐུང་ཝེ་རྫོང་གི་ཁ་ཞེང་ཆེ་བའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3.3515ཟིན་ནས3.2%འཕར་བའི་ནང་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.8015ཟིན་ནས4.8%འཕར་བ་དང་། ནོར་སྲིད་འགྲོ་སྒོ་སྒོར་དུང་ཕྱུར31.4150ཟིན་ནས13.5%འཕར་ཡོད།

སྤྱི་ལོ2017ལོར། ཐུང་ཝེ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21265.8ཟིན་པ་དེ་ལོ་གོང་མ་ལས་སྒོར1574.8འཕར་ནས8.0%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ31.60ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཨེན་ཀེར་བཏགས་གྲངས29.7ཡིན། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར6197.2ཟིན་པ་དེ་ལོ་གོང་མ་ལས་སྒོར501.2འཕར་ནས8.8%འཕར་བ་དང། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན24.32M2ཡིན་པ་དང། གྲོང་གསེབ་ཀྱི་སྡོད་དམངས་ཨེན་ཀེར་བཏགས་གྲངས་ནི39.2ཡིན།

7 འགྲིམ་འགྲུལ་སྐྱེལ་འདྲེན།

སྤྱི་ལོ2017ལོར། ཐུང་ཝེ་རྫོང་དུ་ལོ་ཧྲིལ་པོར་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་ཏུན་དུང་ཕྱུར9.73242ཟིན་པ་དང་འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་དུང་ཕྱུར1.295ཟིན་ཡོད། པའོ་ལན་མྱུར་བགྲོད་ལྕགས་ལམ། ཐུང་ལམ་གཞུང་ལམ་རྫོང་ཁོངས་བརྒྱུད་དེ་ཁྱབ་ཡོད། རྫོང་ཡོངས་ཀྱི་གཞུང་ལམ་སྤྱིའི་རིང་ཚད་སྤྱི་ལེ1768.24ཟིན་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར། ཐུང་ཝེ་རྫོང་དུ་རང་ཚུགས་མཐོ་རིམ་སློབ་འབྲིང4དང་། ཁྱོན་ཡོངས་ཀྱི་སློབ་འབྲིང4རང་ཚུགས་དམའ་རིམ་སློབ་འབྲིང12 ལོ་དགུའི་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ30 སློབ་ཞུགས་སློབ་མ་དཀྱུས་མའི་མཐོ་རིམ་སློབ་འབྲིང10973 ལས་རིགས་སློབ་མ1063 དམའ་འབྲིང་སློབ་མ12245བཅས་ཡོད་པ་དང་། སློབ་ཆུང52ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ16725(ཆེད་དམིགས་དགེ་རྒན92)དང་། བུ་བཅོལ་ཁང109 བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ8684བཅས་ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་སློབ་ཆུང་ཐོན་པའི་སློབ་རིམ་འཕར་ཚད100%ཟིན་ཡོད་པ་རེད། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་གླིང་དུ་སློབ་མ་གསར་པ5700བསྐྱལ་བ་རེད།

8_2 ཚན་རིག་ལག་རྩལ།

སྤྱི་ལོ2017ལོར། ཐུང་ཝུའེ་རྫོང་གིས་ཁྱོན་རིགས་ཁག་གི་ཚན་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས3གཉེར་ནས་ཁྱབ་གདལ་རང་བཞིན་གྱི་གསོ་སྦྱོང་མི་ཐེངས440ལྷག་ཙམ་བྱས་ཡོད། ལོ་ཧྲིལ་པོར་ཚན་རྩལ་རྣམ་གྲངས་ཁག2ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་འཆར་གཞིའི་ཁག2ནང་བཅུག་ཡོད། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཁག10ལ་གྲོང་ཁྱེར་རིམ་པའི་ཚན་རྩལ་ཡར་ཐོན་བྱ་དགའ2ཐོབ་པ་དང་རྫོང་གི་ཚན་རྩལ་ཡར་ཐོན་བྱ་དགའ6དཔྱད་བསྡུར་གཏན་འཁེལ་བྱས་པ་རེད།

8_3 འཕྲོད་བསྟེན་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར། ཐུང་ཝེ་རྫོང་དུ་འཕྲོད་བསྟེན་སྨན་བཅོས་ལས་ཁུངས(སྒོ་བསྟེན་ཁང་ཚུད་པ)407ཡོད་པའི་ནང་སྨན་ཁང4དང་། ནད་ཁྲི970འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣ2096དང་འཕྲོད་བསྟེན་ལག་རྩལ་མི་སྣ1666བཅས་ཡོད་པ་རེད། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་མ་བུ་འཕྲོད་སྦྱོར་ཁག1དང་། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ལས་ཁུངས1འཕྲོད་བསྟེན་སྡེ་ཁུལ་ཞབས་ཞུའི་ལྟེ་གནས1ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང18ཉལ་ཁྲི480བཅས་ཡོད་པ་རེད།

9 གཟི་བརྗིད་མཚན་སྙན།

ཐུང་ཝེ་རྫོང་ནི“ཀྲུང་གོའི་ཡིག་རིས་སྒྱུ་རྩལ་གྱི་ཕ་ཡུལ”དང་། “ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ” “ཀྲུང་གོའི་ཡིག་གཟུགས་ཀྱི་ཕ་ཡུལ” “ཀྲུང་ཧྭའི་སྙན་ཚིག་གི་ཕ་ཡུལ” “རྒྱལ་ཡོངས་ལུས་རྩལ་གྱི་སྔོན་ཐོན་རྫོང” “རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་སྔོན་ཐོན་རྫོང”བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།