དབྱང་ཀྲོའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱང་ཀྲོའུ་གྲོང་ཁྱེར།
དབྱང་ཀྲོའུ་གྲོང་ཁྱེར་ནི་ཅང་སུའུ་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིནཔ་དང་། དེ་ནི་འཛམ་གླིང་ཤུལ་བཞག་གྲོང་ཁྱེར་དང་། འཛམ་གླིང་གི་ཞིམ་ཟས་གྲོང་ཁྱེར། ཨེ་ཤེ་ཡ་ཤར་མའི་རིག་གནས་གྲོང་ཁྱེར། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་སྐད་གྲགས་ཅན། སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཡུལ་སྐོར་གྲོང་ཁྱེར་བཅས་ཀྱི་ཆོ་ལོ་ལྡན་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཅང་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དང་། འབྲི་ཆུ། ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོ་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད། “ཀྲུང་གོའི་མིས་བཟོས་གཙང་པོའི་གྲོང་ཁྱེར་རྩེ་གྲས”ཞེས་པའི་མཚན་སྙན་ཡང་ཡོད། དབྱང་ཀྲོའུ་ཞེས་པར་གནའ་དུས་ཀོང་ལིན་དང་། ཅང་ཏུའུ། ཝེ་དབྱང་བཅས་ཟེར་ཞིང་། གྲོང་ཁྱེར་བཙུགས་པའི་ལོ་རྒྱུས་དེ་སྤྱི་ལོའི་སྔོན་གྱི486ལོའི་བར་ཡར་འདེད་བྱས་ཆོག་པ་དང་། སྐོར་ཁག་དང་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་། ཀྲུང་གོའི་མིས་བཟོས་གཙང་པོ་ཆེན་པོའི་དབྱང་ཀྲོའུ་ཡི་དུམ་བུ་དེ་འཛམ་གླིང་ཤུལ་བཞག་གི་མིང་ཐོའི་ནང་ཚུད་ཡོད། དབྱང་ཀྲོའུ་ནི་ཀྲུང་གོའི་མཚོ་ཐོག་དར་གོས་ལམ་བུའི་འཛམ་གླིང་ཤུལ་བཞག་གྲོང་ཁྱེར་གྱི་གྲས་སུ་ཚུད་ཡོད། དེའི་ཁོངས་སུ་ཞུན་ཅང་ཆུས་དང་། ཀོང་ལིང་ཆུས། ཅང་ཏུའུ་ཆུས་བཅས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་གསུམ་དང་པའོ་དབྱིན་རྫོང་གི་རྫོང་གཅིག་ཡོད་པ་དང་། ཀོའི་ཡིའུ་གྲོང་ཁྱེར་དང་དབྱི་ཀྲེང་གྲོང་ཁྱེར་གྱི་རྫོང་རིམ་པའི་གྲོང་ཁྱེར་གཉིས་ལ་ཚབ་གཉེར་དོ་དམ་བྱས་ཡོད། དབྱང་ཀྲོའུ་ནི་ཅང་སུའུ་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གྲུབ་ཆ་གལ་ཆེན་དང་། ནན་ཅིང་གྲོང་ཁྱེར་ཁུལ་གྱི་གྲོང་ཁྱེར། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་ཚོགས་གྲས་ཀྱི་གྲོང་ཁྱེར་བཅས་ཡིན་པ་དང་། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ལས་གྲྭའི་ཆུ་འགོ་ཁུལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམངས་སྡོད་རྟགས་མའི་བྱ་དགའ་ཐོབ་མཁན་གྱི་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཤེས་རིག་དཔལ་ཡོན་ལྡན་པའི་གྲོང་ཁྱེར། ཀྲུང་གོའི་ཆུ་ཚན་གྲོང་ཁྱེར་གྲགས་ཅན། རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་བཅས་ཡིན། དབྱང་ཀྲོའུ་ཡིས་སྤྱི་ལོ2017ལོའི་འཛམ་གླིང་ལུས་རྩལ་འགྲན་བསྡུར་དང་ཡུལ་སྐོར་དབུ་ཚོགས། འཛམ་གླིང་གི་ས་ཁམས་མཚོན་རྟགས་ཚོགས་ཆེན། འཛམ་གླིང་གི་མིས་བཟོས་གཙང་པོའི་གྲོང་ཁྱེར་གླེང་སྟེགས་བཅས་དོན་དག་མང་པོ་གྲུབ་འབྲས་ལེགས་པོ་ཐོབ་པའི་ངང་གཉེར་བ་དང་། སྤྱི་ལོ2018ལོའི་འཛམ་གླིང་མིས་བཟོས་གཙང་པོའི་ཡུལ་སྲོལ་གོམས་འདྲིས་དམངས་སྲོལ་འགྲེམས་འཁྲབ་བྱེད་སྒོ་དང་། ཅང་སུའུ་ཞིང་ཆེན་གྱི་སྐབས་བཅུ་དགུ་པའི་ལུས་རྩལ་འགྲན་ཚོགས། ཅང་སུའུ་ཞིང་ཆེན་གྱི་ལྡུམ་རའི་ལག་རྩལ་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བཅུ་པའི་སྐབས་སུ་སྤྱི་ལོ2021ལོར་དབྱང་ཀྲོའུ་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་སྟོན་ཚོགས་གཉེར་རྒྱུ་དང་། སྤྱི་ལོ2022ལོར་འཛམ་གླིང་གི་ལམ་ཕྱེད་མཱ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་སྤེལ་རྒྱུ་ཐག་གཅོད་བྱས་ཡོད། སྤྱི་ལོ2018ལོའི་ཀྲུང་གོའི་ཕུལ་བྱུང་གྲོང་ཁྱེར་བརྒྱའི་ཨང་རིམ་ཡོངས་བསྒྲགས་བྱས་པར། དབྱང་ཀྲོའུ་གྲོང་ཁྱེར་ཨང45པར་སླེབས་ཡོད། སྤྱི་ལོ2018ལོའི་ཟླ11པར། ཀྲུང་གོའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ10ཚེས31ཉིན། དབྱང་ཀྲོའུ་གྲོང་ཁྱེར་ཉིད་འཛམ་གླིང་གི་ཞིམ་ཟས་གྲོང་ཁྱེར་དུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དབྱང་ཀྲོའུ་གྲོང་ཁྱེར།
རྒྱ་ཡིག་གི་མིང་།
扬州
ཕྱི་ཡིག་གི་མིང་།
Yangzhou,Yangchow
མིང་གཞན།
ཀོང་ལིང་། ཅང་ཏུའུ། ཝེ་དབྱང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཆའི་ཅང་སུའུ་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས་གསུམ། རྫོང་གཅིག རྫོང་རིམ་པའི་གྲོང་ཁྱེར་གཉིས།
སྲིད་གཞུང་སྡོད་གནས།
ཝིན་ཁྲང་ནུབ་ལམ་ཨང་རྟགས8པ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ6591.21
མི་གྲངས།
ཁྲི453.1(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས།)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་བཤེར་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏K
 GDP
5466.17དམངས་སྒོར་དུང་ཕྱུར།
ས་ཁོངས་ཁ་པར་ཨང་རྟགས།
0514
སྦྲག་སྲིད་ཚབ་ཨང་།
225000
སྲིད་འཛིན་ཚབ་ཨང་།
321000
གནམ་གྲུའི་ཐང་།
ཐའེ་ཀྲོའུ་རྒྱལ་སྤྱིའི་གནམ་གྲུའི་ཐང་། ཀའོ་ཡིའུ་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
དབྱང་ཀྲོའུ་མེ་འཁོར་འབབ་ཚུགས། དབྱང་ཀྲོའུ་མེ་འཁོར་འབབ་ཚུགས་ལྷོ་མ། ཅང་ཏུའུ་མེ་འཁོར་འབབ་ཚུགས། ཀའོ་ཡིའུ་མེ་འཁོར་འབབ་ཚུགས། ཀའོ་ཡིའུ་མེ་འཁོར་འབབ་ཚུགས་བྱང་མ།
གྲུ་ཁ།
དབྱང་ཀྲོའུ་གྲུ་ཁ། ཀའོ་ཡིའུ་གྲུ་ཁ། དབྱི་ཀྲེང་གྲུ་ཁ།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1996ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། དབྱང་ཀྲོའུ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཏེ། རྫོང་རིམ་པའི་ཐའེ་ཀྲོའུ་གྲོང་ཁྱེར་མེད་པར་བཟོས་ཏེ། ས་ཁུལ་རིམ་པའི་ཐའེ་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་། སྔོན་ཆད་དབྱང་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པའི་ཐའེ་ཞིང་དང་། ཅང་ཡན། ཅིན་ཅང་། ཞིང་ཧྭ་བཅས་རྫོང་རིམ་པའི་གྲོང་ཁྱེར་བཞི་ཐའེ་ཀྲོའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག དབྱང་ཀྲོའུ་གྲོང་ཁྱེར་དུ་ཀོང་ལིན་ཆུས་དང་། གྲོང་འདབས་ཆུས(སྤྱི་ལོ2002ལོར་ཝེ་དབྱང་ཁུལ་ཞེས་མིང་བསྒྱུར)བཙུགས་ཡོད་པ་དང་། དེའི་ཁོངས་སུ་པའོ་དབྱིན་རྫོང་དང་། དབྱི་ཅང་རྫོང་གཉིས་ཡོད། དབྱི་ཀྲེང་དང་། ཀའོ་ཏུང་། ཅང་ཏུའུ་བཅས་རྫོང་རིམ་པའི་གྲོང་ཁྱེར་གསུམ་ལ་དོ་དམ་ཚབ་མ་བྱས་ཡོད། 

སྤྱི་ལོ2000ལོའི་ཟླ12པར། དབྱི་ཅང་རྫོང་གིས་རྫོང་གི་སྒྲིག་གཞི་མེད་པར་བཟོས་ནས་དབྱང་ཀྲོའུ་གྲོང་ཁྱེར་གྱི་དབྱི་ཅང་ཆུས་སུ་བསྒྱུར། དབྱང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་ཀོང་ལིན་དང་། དབྱི་ཅང་། ཝེ་དབྱང་བཅས་ཆུས་གསུམ་དང་། པའོ་དབྱིན་རྫོང་། དོ་དམ་ཚབ་མའི་ཁོངས་གཏོགས་ཀྱི་དབྱི་ཀྲེང་དང་། ཀའོ་ཡིའུ། ཅང་ཏུའུ་བཅས་རྫོང་རིམ་པའི་གྲོང་ཁྱེར་གསུམ་ཡོད། 

སྤྱི་ལོ2011ལོའི་ཟླ11ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྫོང་རིམ་པའི་ཅང་ཏུའུ་གྲོང་ཁྱེར་མེད་པ་བཟོས་ནས་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུས་བཙུགས་པ་རེད། དབྱང་ཀྲོའུ་གྲོང་ཁྱེར་གྱི་ཧུའེ་ཅང་ཆུས་ཀྱི་ཐའེ་ཨན་དང་། ཐོའུ་ཆའོ། ཧྲ་ཐོའུ། ལི་ཏེན། ཧང་ཅི་བཅས་གྲོང་རྡལ་ལྔ་བཅས་དབྱང་ཀྲོའུ་གྲོང་ཁྱེར་གྱི་ཀོང་ལིང་ཆུས་སུ་ཟླ་སྒྲིལ་བཏང་བ་རེད། དབྱང་ཀྲོའུ་གྲོང་ཁྱེར་གྱི་ཝེ་དབྱང་ཆུས་མེད་པར་བཟོས་ནས་སྔོན་གྱི་སྲིད་འཛིན་ཆུས་ཁོངས་དང་གྲོང་རྡལ་ལྔ་ས་བཅད་བགོས་ནས་དབྱི་ཅང་ཆུས་སུ་ཟླ་སྒྲིལ་བྱས་པ་རེད།

སྤྱི་ལོ2016ལོའི་ཟླ11ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབྱང་ཀྲོའུ་ཀའོ་ཡིའུ་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཨང130པ་དང་། ཅང་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཨང13པ། དབྱང་ཀྲོའུ་གྲོང་ཁྱེར་གྱི་རྒྱལ་ཁབ་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཨང་གཉིས་པ་བཅས་ལ་ལ་བདམས་པར་དངོས་སུ་ཆོག་མཆན་བཀོད་དེ་བཀའ་ལན་གནང་བ་རེད། 

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ཟླ5པར། དབྱང་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་སུ་དབྱི་ཅང་ཆུས་དང་། ཀོང་ལིང་ཆུས། ཅང་ཏུའུ་ཆུས་བཅས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས3དང་པའོ་དབྱིང་རྫོང་སྟེ་རྫོང1། དོ་དམ་ཚམ་མའི་ཁོངས་གཏོགས་ཀྱི་གྲོང་ཁྱེར་ཀའོ་ཡིའུ་གྲོང་ཁྱེར་དང་དབྱི་ཀྲེང་གྲོང་ཁྱེར་ཏེ་རྫོང་རིམ་པའི་གྲོང་ཁྱེར་གཉིས། གྲོང་ཁྱེར་ཡོངས་སུ་གྲོང་རྡལ62དང་། ཤང4། ཁྲོམ་གཞུང17བཅས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6634ཡོད་པ་དེའི་ནང་གྲོང་ཁྱེར་ཁོངས་ནང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2310ཡོད། 

3 ས་ཁམས་ཁོར་ཡུག
3_1 གནས་ས།

དབྱང་ཀྲོའུ་གྲོང་ཁྱེར་ནི་ཅང་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དང་། འབྲི་ཆུའི་བྱང་ངོགས་དང་ཅང་ཧོའེ་བདེ་ཐང་ལྷོ་སྣེར་གནས་ཡོད། ཀའོ་ཡིའུ་གྲོང་ཁྱེར་ཀྲོའུ་ཧྲན་གྲོང་རྡལ་ཀྲོའུ་ཧྲན་གྲོང་རྡལ་ཀྲི་ཀོང་གྲོང་ཚོའི་ལུང་ཧྭ་ཚོགས་ཆུང་ནི་ཅང་སུའུ་ཞིང་ཆེན་གྱི་སྐམ་ཁོངས་ས་ཁམས་དབྱིབས་རྩིས་ལྟེ་གནས་སུ་གཏན་འཁེལ་བྱས་པ་རེད། ཤར་རྒྱུད་ནི་ཡན་ཁྲེང་གྲོང་ཁྱེར་དང་ཐའེ་ཀྲོའུ་གྲོང་ཁྱེར་གཉིས་ལ་འབྲེལ་ཡོད། ལྷོ་རྒྱུད་འབྲི་ཆུ་དང་ཉེ་ཞིང་། ཀྲེན་ཅང་གྲོང་ཁྱེར་དང་གཙང་པོས་བཅད་དེ་ཕན་ཚུན་ཁ་གཏད་དུ་གནས། ལྷོ་ནུབ་རྒྱུད་ནི་ནན་ཅིང་གྲོང་ཁྱེར་འབྲེལ་ཡོད། ནུབ་རྒྱུད་ནི་ཨན་ཧུའེ་ཞིང་ཆེན་གྱི་ཁྲུའུ་ཀྲོའུ་གྲོང་ཁྱེར་བར་གྱི་འབྲེལ་མཚམས་ཡིན། ནུབ་བྱང་རྒྱུད་ནི་ཧོའེ་ཨན་གྲོང་ཁྱེར་མཚམས་འབྲེལ་ཡོད། དབྱང་ཀྲོའུ་གྲོང་ཁུལ་ནི་འབྲི་ཆུ་དང་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོའི་འབྲེལ་མཚམས་སུ་གནས་ཤིང་། གྲོང་ཁྱེར་དེ་ཡོངས་ཀྱི་ཤར་ནུབ་ཀྱི་ཆེས་ཆེ་བའི་བར་ཐག་སྟོང་སྨི85དང་། ལྷོ་བྱང་གི་ཆེས་ཆེ་བའི་བར་ཐག་སྟོང་སྨི125ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ6591.21ཡོད། 

3_2 ནམ་ཟླ།

དབྱང་ཀྲོའུ་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་གནམ་གཤིས་སུ་གཏོགས་པ་དང་། དྲོད་རྒྱུད་ཀྱི་དུས་རླུང་ནམ་ཟླའི་བར་བརྒལ་ཁུལ་དུ་གནས། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི་དུས་བཞིའི་དབྱེ་བ་གསལ་བ་དང་། ཉི་འོད་ཕོག་ཚད་མང་བ། ཆར་ཆུ་འབེལ་བ། རླུང་ཕྱོགས་དེ་དུས་ཚིགས་དང་བསྟུན་ནས་འགྱུར་ལྡོག་མངོན་གསལ་ཆེ་བ་བཅས་ཡིན། དགུན་ཁར་སྐམ་ཤས་ཆེ་བའི་བྱང་རླུང་གིས་བྱང་ཤར་རླུང་དང་ནུབ་བྱང་རླུང་མང་། དབྱར་དུས་མང་ཆེ་བ་ནི་རྒྱ་མཚོ་ནས་བཞའ་ཚན་ཆེ་བའི་ཤར་ལྷོ་ནས་ཤར་རླུང་བར་ཡིན། དཔྱིད་དུས་ཤར་རླུང་མང་བ། སྟོན་དུས་བྱང་ཤར་རླུང་མང་། 

4 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར། དབྱང་ཀྲོའུ་གྲོང་ཁྱེར་གྱི་དུད་ཚང་བསྡོམས་འབོར་ཁྲི147.2དང་། ཐེམ་ཐོའི་མི་འབོར་ཁྲི458.34ཡོད་པའི་ནང་སྐྱེས་པ་ཁྲི228.70དང་བུད་མེད་ཁྲི230.13ཡོད་པ་དེས་སྤྱིའི་མི་འབོར་གྱི49.84%བཟུང་བ་དང་བུད་མེད་ཀྱིས་སྤྱིའི་མི་འབོར་གྱི50.16%བཟུང་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི453.1ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི2.28ཀྱིས་ཇེ་མང་དུ་སོང་ནས0.51%འཕར་ཡོད། ལོ0ནས14བར་གྱི་མི་འབོར་ཁྲི51.09དང་། ལོ15ནས64བར་གྱི་མི་འབོར་ཁྲི324.97། ལོ65དང་དེ་ཡན་གྱི་མི་འབོར་ཁྲི77.04ཟིན་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད7.43%ཟིན་ནས་ལོ་གོང་མ་ལས་སྟོང་ཆའི0.03འཕར་བ་དང་། མི་འབོར་འདས་ཚད7.92%ཡིན་པ་དེ་ལོ་གོང་མ་ལས་སྟོང་ཆའི0.61འཕར། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི-0.49ཟིན་པ་དེ་ལོ་གོང་མ་ལས་སྟོང་ཆའི0.58ཆག་ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད66.05%ཟིན་ཡོད། 

5 ཆབ་སྲིད་འགོ་ཁྲིད།

གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཞ་ཞིན་རྨིན།

ཧྲི་ཀྲང་། ཀྲང་པའོ་ཅོན།  

གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞི། ཁྲེན་དབྱང་། 

ཧྲི་ཀྲང་གཞོན་པ། ཏེང་དབྱི། ཧྥང་ཀུའེ་ལིན། ཁྲེན་ཁའེ་ཧྥུ། ཀུང་ཝུན་ཧྥེ། ཧོ་ཅིན་ཧྥ། ཡུས་ཡུས། ལིའུ་ཡུས་ཐུང་། ཀྲང་པའོ་ཅོན། 

6 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་དབྱང་ཀྲོའུ་ཡིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར5466.17ཟིན་པ་དེ་ལོ་གོང་མ་ལས6.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར273.34ཟིན་ནས3.0%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར2623.24ཟིན་ནས་5.8%འཕར་བའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར2283.60ཟིན་ནས་6.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར2569.59ཟིན་ནས8.2%འཕར་ཡོད། རྒྱུན་སྡོད་མི་འབོར་ལ་གཞིགས་ནས་བརྩིས་པའི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར120944ཡིན་པ་དང་ལོར་ཆ་སྙོམས་དངུལ་བརྗེས་འཛའ་ཐང་ལྟར་བརྩིས་ན་ཨ་སྒོར18277ཟིན་ཡོད། ཐོན་ལས་གསུམ་པའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཟིན་གྲངས་ལོ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་1.1འཕར་ཡོད། 

སྤྱི་ལོ2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་བཟོ་ཚོང་སྡེ་ཚན་གྱིས་ཐོ་འགོད་བྱས་པའི་སྒེར་གཉེར་ཁེ་ལས141500དང་། ལོ་ཧྲིལ་པོར་སྒེར་གཉེར་ཁེ་ལས25606ཐོ་འགོད་བྱས་པ། གསར་དུ་ཐོ་འགོད་བྱས་པའི་སྒེར་གཉེར་ཁེ་ལས་ཀྱི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར1176.65ཟིན་ཡོད། ལོ་མཇུག་ཏུ་རྐྱང་བའི་བཟོ་ཚོང་དུད་ཚང333668ཡོད་པ་དང་། ལོ་ཧྲིལ་པོར་དུད་ཚང་ཁྲི54983ཐོ་འགོད་བྱས་པ་རེད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་མི་འབོར་ཁྲི267.1དང་། ཐོན་ལས་དང་པོའི་ལས་ཞུགས་མི་འབོར་ཁྲི39.4། ཐོན་ལས་གཉིས་པའི་ལས་ཞུགས་མི་འབོར་ཁྲི120.4། ཐོན་ལས་གསུམ་པའི་ལས་ཞུགས་མི་འབོར་ཁྲི107.3བཅས་ཡོད་པ་རེད། ལས་ཤོར་ཚད་ཅུང་དམའ་བ་དང་། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.78%ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས79103གྱིས་མང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས15200གསར་དུ་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ85772ལས་ཞུགས་བསྐྱར་དུ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་དཀའ་ངལ་ཡོད་མཁན་མི16142ལས་ཞུགས་བསྐྱར་དུ་བྱས་ཡོད། 

སྤྱི་ལོ2018ལོར་དབྱང་ཀྲོའུ་ཡི་ལོ་ཧྲིལ་པོའི་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མ་ལས2.2%འཕར་ཡོད། དེའི་ནང་ཐ་མག་དང་ཨ་རག་རིགས1.7%འཕར་བ་དང་། གྱོན་ཆས་རིག་4.2%འཕར། སྡོད་གནས་རིགས1.8%འཕར། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས5.2%འཕར། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས4.2%འཕར། སློབ་གསོ་རིག་གནས་དང་རོལ་རྩེད་རིགས1.1%འཕར། སྨན་བཅོས་འཕྲོད་སྦྱོར་རིགས0.2%འཕར། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས1.7%འཕར་བ་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-20

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།