དབྱི་ཁྲང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱི་ཁྲང་གྲོང་ཁྱེར།
དབྱི་ཁྲང་ལ་གནའ་དུས“དབྱི་ལིན”ཞེས་འབོད་པ་དང་། ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། ཧུའུ་པེ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་འབྲི་ཆུའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་དབྱེ་མཚམས་སུ་གནས་པ་དང་སྒྲིག་གཞིའི་ལོ་རྒྱུས་ལོ་ངོ་ཉིས་སྟོང་ལྷག་ཙམ་ཡོད། “དབྱི་ཁྲང”ཞེས་པའི་མིང་ནི་ཅིན་རྒྱལ་རབས་ཤར་མ་ནས་བཏགས་པ་དང་། གྲོང་ཁྱེར་གྱི་སྒྲིག་གཞི་ནི་བཅིངས་འགྲོལ་ཐོག་མའི་དུས་སུ་བཙུགས་པ་དང་། སྤྱི་ལོ1992ལོར་ས་ཁུལ་རིམ་པའི་གྲོང་ཁྱེར་བཙུགས། དབྱི་ཁྲང་གྲོང་ཁྱེར་གྱི་ས་ཁམས་ཁོར་ཡུག་རྙོག་འཛིང་དང་སྣ་མང་རང་བཞིན་ཅན་དང་། ས་དབྱིབས་ཅུང་རྙོག་འཛིང་ཆེ་བ། མཐོ་དམན་བར་ཁྱད་ཆེ་བ། ཚ་ཁུལ་བར་མ་དང་ཚ་ཁུལ་བྱང་མའི་བར་བརྒལ་ས་ཁུལ་དུ་གནས་པ་དང་། ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླ་ཡིན། སྤྱི་ལོ2017ལོར་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ21227ཡོད་པ་དང་དེའི་ཁོངས་གཏོགས་སུ་ཆུས་ལྔ་དང་། གྲོང་ཁྱེར་གསུམ། རྫོང་ལྔ་བཅས་ཡོད་པ་དང་། སྤྱི་ལོ2017ལོར་རྒྱུན་སྡོད་མི་འབོར་ཁྲི413.56ཡོད་པ་རེད། དབྱི་ཁྲང་ནི་འབྲི་ཆུ་དང་བསྟུན་ནས་བསྐྲུན་པ་ཡིན་ལ། རྒྱལ་ཁབ་དབུས་རྒྱུད་ས་ཁུལ་གྱི་ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་དང་། ཧུའུ་པེ་ཞིང་ཆེན་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར། འབྲི་ཆུའི་བར་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཁོངས་གཏོགས་གལ་ཆེན་བཅས་ཡིན་ཞིང་། ཧན་དབྱི་མྱུར་བགྲོད་གཞུང་ལམ་དང་། ཧན་དབྱི་མྱུར་བགྲོད་ལྕགས་ལམ། ཅའོ་ལིའུ་ལྕགས་ལམ། རྒྱལ་ལམ318སོགས་འགྲིམ་འགྲུལ་འཕར་རྩ་ཡོད་པ་རེད། དབྱི་ཁྲང་ནི་འབྲི་ཆུའི་འགག་གསུམ་རགས་ཆེན་དང་ཀེ་ཀྲོའུ་ཆུ་རགས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་སྒྲིག་བཀོད་གལ་ཆེན་གནས་ཡུལ་ཡིན་པས“འཛམ་གླིང་གི་ཆུ་གློག་གྲོང་ཁྱེར”ཞེས་བརྗོད་ཀྱིན་ཡོད། སྤྱི་ལོ2017ལོའི་ཟླ4པའི་ཚེས2ཉིན་ཀྲུང་གོའི(ཧུའུ་པེ)རང་མོས་ཚོང་དོན་ཚོད་ལྟ་ཁུལ་དབྱི་ཁྲང་ཡུག་ཁུལ་གྱི་སྒོ་བྱང་དངོས་སུ་བཀལ་བ་རེད། སྤྱི་ལོ2017ལོར་དབྱི་ཁྲང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་མུ་མཐུད་སོར་འཇོག་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། དེ་དང་ཆབས་ཅིག་དབྱི་ཁྲང་ནི་ཁེ་ལས་འབྲིང་ཆུང་གི་ཤེས་བྱའི་བདག་དབང་གི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་ཚོད་ལྟའི་གྲོང་ཁྱེར་ཡིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宜昌
ཕྱི་ཡིག་གི་མིང་།
Yichang、Ichang、Ичан、의창시
མིང་གཞན།
དབྱི་ལིང་།
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཀྲུང་ས་ཁུལ། ཧུའུ་པེ་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་དང་། རྫོང་རིམ་པའི་གྲོང་ཁྱེར3དང་རྫོང5
སྲིད་གཞུང་གནས་ཡུལ།
དབྱི་ཁྲང་གྲོང་ཁྱེར་ཞི་ལིང་ཆུས་ཀྱི་གཙང་པོའི་རྒྱུད་ཀྱི་ལམ་ཆེན་ཨང102པ།
ས་ཁོངས་ཁ་པར་ཨང་རྟགས།
(86)0717
སྦྲག་སྲིད་ཨང་རྟགས།
443000
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་ལྷོ་ནུབ་དང་། འབྲི་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་དབྱེ་མཚམས་།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ21227
མི་འབོར།
མི་ཁྲི416.92(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
ཡུལ་སྐད།
ལྷོ་ནུབ་གཞུང་སྐད། དབྱི་ཁྲང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་བརླན་གཤེར་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
འབྲི་ཆུའི་འགག་གསུམ་རགས་ཆེན་ཡུལ་སྐོར་ཁུལ་དང་། ཆིང་ཅང་རི་མོའི་བར་ཁྱམས། འབྲི་ཆུའི་འགག་གསུམ། ཅིའུ་ཅིན་ཞི་གཡེང་བཞུར་སོགས།
གནམ་ཐང་།
དབྱི་ཁྲང་འགག་གསུམ་གནམ་གྲུ་ཐང་དང་ཏང་དབྱང་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
དབྱི་ཁྲང་འབབ་ཚུགས། དབྱི་ཁྲང་ཤར་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)E
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
420500
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར4064.18(སྤྱི་ལོ2018ལོར)
1 ལོ་རྒྱས་ཀྱི་འཕེལ་རིམ།

དབྱི་ཁྲང་ལ་ལོ་རྒྱུས་རིང་པོ་ཡོད། དབྱི་ཁྲང་མངའ་ཁོངས་ཀྱི་ཆིང་ཅང་གཙང་པོའི་འབབ་རྒྱུད་དུ“ཁྲང་དབྱང་མིའི”བྱེད་སྒོ་ཡོད། མངའ་ཁོངས་སུ་རྡོ་ཆས་གསར་པའི་དུས་རབས་ཀྱི་རྗེས་ཤུལ་བཅུ་ཕྲག་ཁ་ཤས་རྙེད་པ་དེས་ལོ་ངོ་སྟོང་ཕྲག་བདུན་དང་བརྒྱད་སྟོང་གི་སྔོན་གྱི་ཀྲུང་ཧྭ་མི་རིགས་ཀྱི་མེས་པོ་ནི་ས་གཞི་འདིར་སྐྱེ་འཕེལ་བྱུང་བ་ར་སྤྲོད་བྱས་ཡོད།      ཀྲུང་ཧྭ་མིན་གོའི་ལོ་འགོར་སྲིད་གཞུང་དང་ཁུལ་གྱི་སྒྲིག་གཞི་མེད་པར་བཟོས་ནས་ཞིང་ཆེན་དང་། ཏའོ། རྫོང་བཅས་རིམ་པ་གསུམ་གྱི་ལམ་ལུགས་ལག་བསྟར་བྱ་རྒྱུ། མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཏུང་ཧུའུ་རྫོང་དེ་དབྱི་ཁྲང་རྫོང་དུ་བསྒྱུར་ཞིང་། དེ་དང་ཞིན་ཧྲན་དང་། ཧུའེ་ཀོན། པ་ཏུང་། ཁྲང་དབྱང་། ཝུའུ་ཧྥེང་། ཧོ་ཧྥེང་རྫོང་བཅས་ཅིན་ནན་ཏའོ་ཡི་ཁོངས་སུ་གཏོགས། ཏང་དབྱང་དང་ཡོན་ཨན་ནི་ཞང་ནན་ཏའོ་རུ་གཏོགས། མིན་གོའི་སྲིད་ལོ་བཅུ་གཅིག་པར(སྤྱི་ལོ1922ལོར)དབྱི་ཁྲང་ནི་ཅིན་དབྱི་ཏའོ་རུ་གཏོགས། 

མིན་གོའི་སྲིད་ལོ་ཉེར་གཅིག་པ(སྤྱི་ལོ1932ལོ)དང་མིན་གོའི་སྲིད་ལོ་ཉེར་ལྔ་པ(སྤྱི་ལོ1936ལོར)དབྱི་ཁྲང་དང་། དབྱི་ཏུའུ། ཏང་དབྱང་། ཡོན་ཨན། ཞིན་ཧྲན། ཐུང་ཚུང་། ཁྲང་དབྱང་། ཝུའུ་ཧྥེང་བཅས་རྫོང་བརྒྱད་སྔ་རྗེས་སུ་སྲིད་འཛིན་ལྟ་ཞིབ་ཁུལ་ཨང་དགུ་པ་དང་དྲུག་པའི་ཁོངས་སུ་གཏོགས་པ་དང་ཀྲོན་ཡོན་ཀུང་ཧྲུའུ་དབྱི་ཁྲང་རྫོང་མཁར་དུ་བཙུགས་ཡོད། ཀྲི་ཅང་རྫོང་སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པ་དང་བཞི་པའི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ8པར་ཀྲུང་གུང་ཅང་ཧན་ཆུས་ཨུ་ཡིས་ཀྲོན་ཡོན་ཀུང་ཧྲུའུ་བཞི་པ(ཞང་ཞི་ཀྲོན་ཧྲུའུ་ཡང་ཟེར)དངོས་སུ་འཛུགས་རྒྱུའི་ཐག་བཅད་པ་རེད། མིན་གོའི་སྲིད་ལོ་སོ་བརྒྱད་པའི(སྤྱི་ལོ1949ལོའི)ཟླ1པོར་ཏང་དབྱང་ཀྲོན་ཧྲུའུ་ཞེས་པར་བསྒྱུར། ཟླ5པའི་ཚེས20ཉིན། ཏང་དབྱང་དུ་དབྱི་ཁྲང་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་། ཟླ་བ་དེར་ཏང་དབྱང་དུ་དབྱི་ཁྲང་གྲོང་ཁྱེར་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་བཙུགས། ཟླ6པའི་ཚེས11ཉིན། ཏང་དབྱང་ལུའུ་ཅ་ཝན་དུ་ཀྲུང་གུང་དབྱི་ཁྲང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་དབྱི་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་དངོས་སུ་བཙུགས། ཟླ7པའི་ཚེས16ཉིན་གྲོང་ཁུལ་བཅིངས་འགྲོལ་བཏང་བ་རེད། ཀྲུང་གུང་དབྱི་ཁྲང་ཀྲོན་ཡོན་ལས་ཁུངས་དང་དབྱི་ཁྲང་གྲོང་ཁྱེར་གྱི་ཏང་སྲིད་ལས་ཁུངས་ཀྱིས་འཕྲལ་མར་དབྱི་དབྱང་ནས་དབྱི་ཁྲང་གྲོང་ཁྱེར་དུ་བཅའ་སྡོད་བྱས། ཟླ11པའི་ཚེས15ཉིན། དེང་གི་དབྱི་ཁྲང་གྲོང་ཁྱེར་ཡོངས་བཅིངས་འགྲོལ་ཐོབ། 

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཧུའུ་པེ་ཞིང་ཆེན་གྱིས་སྲིད་འཛིན་ས་ཁུལ་བརྒྱད་བཙུགས། དེའི་ཁོངས་སུ་དབྱི་ཁྲང་སྲིད་འཛིན་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་དབྱི་ཁྲང་དང་། དབྱི་ཏུའུ། ཀྲི་ཅང་། ཏང་དབྱང་། ཡོན་ཨན། ཞིན་ཧྲན། ཡུས་ཧུའེ། ཁྲང་དབྱང་། ཝུའུ་ཧྥེང་བཅས་རྫོང་དགུ་གཏོགས་ཡོད། དེ་དང་ཆབས་ཅིག་དེ་སྔའི་དབྱི་ཁྲང་རྫོང་གི་གྲོང་ཁུལ་དང་ཉེ་འཁོར་གྱི་གྲོང་གསེབ་ཏུ་དབྱི་ཁྲང་གྲོང་ཁྱེར་བཙུགས་ནས་ཐད་གཏོགས་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དོ་དམ་བྱེད་ཁོངས་སུ་བཅུག་ཡོད། སྤྱི་ལོ1951ལོར་ཧུའུ་པེ་དབྱི་ཁྲང་སྲིད་འཛིན་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་དེ་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་དབྱི་ཁྲང་ཆུས་ཀྱི་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར། སྤྱི་ལོ1955ལོར་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར། སྤྱི་ལོ1954ལོའི་ཟླ11པར། དབྱི་ཁྲང་གྲོང་ཁྱེར་དབྱི་ཁྲང་ཀྲོན་ཧྲུའུ་ཡི་འགོ་ཁྲིད་ལ་བསྒྱུར། སྐབས་དེར་དབྱི་ཁྲང་ཀྲོན་ཧྲུའུ་ཡི་ཁོངས་གཏོགས་རྫོང9དང་གྲོང་ཁྱེར1ཡིན། སྐབས་དེར་དབྱི་ཁྲང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་རྫོང8དང་གྲོང་ཁྱེར1ཡིན། སྤྱི་ལོ1958ལོའི་ཟླ12པར་དབྱི་ཁྲང་ཀྲོན་ཡོན་ཀུང་ཧྲུའུ་མེད་པར་བཟོས་ནས་དབྱི་ཏུའུ་བཟོ་ལས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས། སྤྱི་ལོ1961ལོའི་ཟླ5པར། དབྱི་ཏུའུ་བཟོ་ལས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཕྱིར་འཐེན་བྱས་ཏེ། དབྱི་ཁྲང་ཀྲོན་ཡོན་ཀུང་ཧྲུའུ་བཙུགས། སྤྱི་ལོ1968ལོའི་ཟླ1པོར་དབྱི་ཁྲང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1978ལོའི་ཟླ8པར་དབྱི་ཁྲང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་དབྱི་ཁྲང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས། སྤྱི་ལོ1979ལོའི་ཟླ6པར། དབྱི་ཁྲང་གྲོང་ཁྱེར་ཡང་བསྐྱར་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དུ་གྱུར། སྤྱི་ལོ1992ལོའི་ཟླ3པར། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཆེད། ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། དབྱི་ཁྲང་ས་ཁུལ་དང་དབྱི་ཁྲང་གྲོང་ཁྱེར་ཟླ་སྒྲིལ་བྱས་ཏེ། གྲོང་ཁྱེར་གྱིས་རྫོང་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱས། 

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
2_1 དབྱེ་མཚམས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོར་ཞིང་ཆེན་ཁོངས་གཏོགས་སྲིད་འཛིན་ཁུལ་ཀྲོན་ཧྲུའུ་ལུགས་འཛུགས་སྐབས། ཁོངས་སུ་དབྱི་ཁྲང་དང་། དབྱི་ཏུའུ། ཀྲི་ཅང་། ཏང་དབྱང་། ཡོན་ཨན། ཞིན་ཧྲན། ཡུས་ཚུང་། ཁྲང་དབྱང་། ཝུའུ་ཧྥེང་བཅས་རྫོང་དགུ་གཏོགས་པ་དང་། ཞིང་ཆེན་ཁོངས་སུ་དབྱི་ཁྲང་གྲོང་ཁྱེར་བཙུགས།

སྤྱི་ལོ1955ལོའི་ཟླ7པར་ཀྲི་ཅང་རྫོང་ཕྱིར་འཐེན་བྱས་ཏེ་དེའི་ཁོངས་གཏོགས་ས་ཁུལ་དབྱི་ཏུའུ་རྫོང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1962ལོའི་ཟླ6པར་ཀྲི་ཅང་རྫོང་སླར་གསོ་བྱས་ཤིང་། སྔར་བཞིན་དབྱི་ཁྲང་ཀྲོན་ཧྲུའུ་ཡི་མངའ་འོག་ཏུ་གཏོགས། ད་བར་དུ། དབྱི་ཁྲང་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་རྫོང9དང་གྲོང་ཁྱེར1ཡོད།

སྤྱི་ལོ1971ལོའི་ཟླ1པོར་ཧྲེན་ནུང་ཅ་ནགས་ཁུལ་དབྱི་ཁྲང་ས་ཁུལ་གྱི་འགོ་ཁྲིད་དུ་བཅུག་པ་དང་། སྤྱི་ལོ1972ལོའི་ཟླ3པར་སླར་ཡང་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1984ལོའི་ཟླ7པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲང་དབྱང་རྫོང་དང་ཝུའུ་ཧྥེང་རྫོང་མེད་པར་བཟོ་བར་ཆོག་མཆན་བཀོད་པ་བརྒྱུད། ཁྲང་དབྱང་དང་ཝུའུ་ཧྥེང་ཐུའུ་ཅ་རིགས་རང་སྐྱོང་རྫོང་གཉིས་སོ་སོར་བཙུགས་ཏེ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས།

སྤྱི་ལོ1986ལོའི་ཟླ12པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབྱི་ཁྲང་གྲོང་ཁྱེར་དུ་ཞི་ལིང་དང་ཝུའུ་ཅ་ཀང་། ཏན་ཅུན་བཅས་རྫོང་རིམ་པའི་སྲིད་འཛིན་ས་ཁུལ3འཛུགས་པར་ཆོག་མཆན་བཀོད།

སྤྱི་ལོ1987ལོའི་ཟླ11པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབྱི་ཏུའུ་རྫོང་མེད་པར་བཟོས་ནས་ཀྲི་ཁྲེང་གྲོང་ཁྱེར་བཙུགས། (སྤྱི་ལོ1998ལོའི་ཟླ6པའི་ཚེས11ཉིན་དབྱི་ཏ་གྲོང་ཁྱེར་ཞེས་མིང་བསྒྱུར། )

སྤྱི་ལོ1988ལོའི་ཟླ10པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདམ་དབྱང་རྫོང་གྲོང་ཁྱེར་དུ་བསྒྱུར་བར་ཆོག་མཆན་བཀོད།

སྤྱི་ལོ1992ལོའི་ཟླ3པ་ནས་བཟུང་། དབྱི་ཁྲང་གྲོང་ཁྱེར་ཁོངས་སུ་རྫོང7(དབྱི་ཁྲང་རྫོང་དང་། ཀྲི་ཅང་རྫོང་། ཡོན་ཨན་རྫོང་། ཞིན་ཧྲན་རྫོང་། ཡུས་ཀུའེ་རྫོང་། ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་། ཝུའུ་ཧྥེང་ཐུའུ་ཅ་རིགས་རང་སྐྱོང་རྫོང་བཅས་རྫོང7)དང་། གྲོང་ཁྱེར2(ཀྲི་ཁྲེང་གྲོང་ཁྱེར་དང་། ཏང་དབྱང་གྲོང་ཁྱེར)ཆུས3(ཞི་ལིན་ཆུས་དང་ཝུའུ་ཅ་ཀང་ཆུས། ཏན་ཅུན་ཆུས)བཅས་སུ་གཏོགས་ཡོད།

སྤྱི་ལོ1995ལོའི་ཟླ3པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབྱི་ཁྲང་གྲོང་ཁྱེར་གྱི་ཧུའེ་ཐིང་ཆུས་འཛུགས་རྒྱུའི་ཆོག་མཆན་གནང་།

སྤྱི་ལོ1996ལོའི་ཟླ7པའི་ཚེས30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲི་ཅང་རྫོང་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ཆོག་མཆན་བཀོད།

སྤྱི་ལོ2001ལོའི་ཟླ3པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབྱི་ཁྲང་རྫོང་མེད་པར་བཟོས་ནས་དབྱི་ལིན་ཆུས་འཛུགས་པར་ཆོག་མཆན་བཀོད། ད་བར་དུ། དབྱི་ཁྲང་གྲོང་ཁྱེར་ཁོངས་སུ་ཆུས5དང་རྫོང5གྲོང་ཁྱེར3ཡོད།

སྤྱི་ལོ2017ལོའི་ཟླ12པའི་ཚེས12ཉིན་ཀྲུང་གུང་ཤིས་ལིང་ཆུས་ཡའོ་དབན་ཁྲོམ་གཞུང་ལས་དོན་ཨུ་ཡོན་ལྷན་ཁང་དང་ཤིས་ལིང་ཆུས་ཡའོ་དབན་ཁྲོམ་གཞུང་དོན་གཅོད་ཁྲུའུ་སོགས་སྒོ་བྱང་བཀལ་བ་དང་ཡའོ་དབན་ཁྲོམ་གཞུང་དོན་གཅོད་ཁྲུའུ་དངོས་སུ་བཙུགས་པ་རེད།

2_2 ས་ཁུལ་དབྱེ་འབྱེད་ཀྱི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2016ལོར་དབྱི་ཁྲང་གྲོང་ཁྱེར་ཁོངས་གཏོགས་སུ་རྫོང་དང་། གྲོང་ཁྱེར། ཆུས13ཡོད་པ་སྟེ། ཡོན་ཨན་རྫོང་དང་། ཤིན་ཧྲན་རྫོང་། ཆུས་ཀུའེ་རྫོང་། ཁྲང་དབྱང་ཐུའུ་ཅ་རིགས་རང་སྐྱོང་རྫོང་། ཝུའུ་ཧྥུང་ཐུའུ་ཅ་རིགས་རང་སྐྱོང་རྫོང་། ཝུའུ་ཧྥུང་ཐུའུ་ཅ་རིགས་རང་སྐྱོང་རྫོང་། དབྱི་ཁྲེང་གྲོང་ཁྱེར། ཀྲེ་ཅང་གྲོང་ཁྱེར། ཏང་དབྱང་གྲོང་ཁྱེར། དབྱི་ལིང་ཆུས། ཤིས་ལིང་ཆུས། ཝུའུ་ཅ་ཀང་ཆུས། ཏན་ཅུན་ཆུས། ཆུས་ཐིང་ཆུས་བཅས་ཁྱོན་ཤང20དང་། གྲོང་རྡལ67 ཁྲོམ་གཞུང23བཅས་ཡོད་པ་རེད། གྲོང་ཁྱེར་སྲིད་གཞུང་ནི་ཞི་ལིང་ཆུས་འབྲི་ཆུའི་རྒྱུད་ཀྱི་ལམ་ཆེན་ཨང102པར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག 
3_1 གནས་སའི་ཡུལ་ཁོངས།  

དབྱི་ཁྲང་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། འབྲི་ཆུའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་འབྲེལ་མཚམས་དང་། ཧུའུ་པེའི་ནུབ་རྒྱུད་ཀྱི་ཝུའུ་ལིན་རི་རྒྱུད། ཆིན་པ་རི་རྒྱུད་ནས་ཅང་ཧན་བདེ་ཐང་གི་བར་བརྒལ་ས་རྒྱུད་དུ་ཆགས་ཡོད། ཤར་གྱི་གཞུང་ཐིག110°15'~112°04'བར་དང་བྱང་གི་འཕྲེད་ཐིག29°56'~31°34'བར་ཡིན་ལ། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི174.08དང་ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི180.6ཡོད། ཤར་དུ་ཅིན་ཀྲོའུ་གྲོང་ཁྱེར་དང་ཅིན་མོན་གྲོང་ཁྱེར་དང་ཁྱིམ་མཚེས་ཡིན་པ་དང་། ལྷོ་རུ་ཧུའུ་ནན་ཞིང་ཆེན་གྱི་ཧྲི་མོན་རྫོང་དང་། ནུབ་ཏུ་ཨེན་ཧྲི་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་དང་འབྲེལ་ཞིང་། བྱང་དུ་ཧྲེན་ནུང་ཅ་ནགས་ཁུལ་དང་ཞང་དབྱང་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ21227ཡོད། 

3_2 ས་དབྱིབས། 

དབྱི་ཁྲང་གྲོང་ཁྱེར་གྱི་ས་ཁམས་ཁོར་ཡུག་རྙོག་འཛིང་ཆེ་བ་དང་། ས་གཤིས་གྲུབ་ཚུལ་ཐད་ཧྭ་ཞ་གསར་པའི་རིམ་པ་དང་པོའི་གྲུབ་ཚུལ་གྱི་དུམ་བུ་གསུམ་པ་དང་ཧོའེ་དབྱང་རི་བོའི(淮阳山)ཡི་གེ་རྣམ་པའི་གྲུབ་ཚུལ་མ་ལག་གི་མཉམ་འདུས་ཁུལ་དུ་གནས་ཡོད། སྔོན་གྱི་ཀྲིན་ཏན་དུས་རིམ་དུ་ལྗོངས་ནང་ཁུལ་གྱི་བྲག་ཞུན་འགུལ་སྐྱོད་དྲག་པོ་བྱས་ཏེ། བྲག་ཞུན་བྲག་རྡོ་མང་པོ་ཞིག་གྲུབ་ཅིང་། སྐྱུར་གཤིས་ནས་ཚད་བརྒལ་རང་བཞིན་དང་། བཙན་འཛུལ་གཟུགས་ནས་འཕྱུར་ཐོན་བྲག་རྡོ་ཚང་མར་གནས་པ་མ་ཟད། སྤུས་འགྱུར་བྲག་རྡོའི་མ་ལག་རབ་དང་རིམ་པ་ཞིག་ཆགས་ཡོད། ཀྲེན་ཏན་ཅི་ནས་སན་ཏིང་དུས་རབས་བར་དུས་ཡུན་རིང་པོའི་ནང་མཚོ་ཆུའི་བཙན་འཛུལ་ཕོག་ནས་གཏིང་ཐུང་མཚོ་གཏིང་དུ་དིམ་བསགས་གཙོ་བོར་བྱེད་པའི་དུས་རབས་ཁག་གི་ས་རིམ་ཆགས་པ་དང་དེའི་སྐྱེ་འཚར་ཧ་ཅང་ཆ་ཚང་བ་དང་སྤྱིའི་མཐུག་ཚད་སྨི3000ཡན་ཟིན་གྱི་ཡོད། དེའི་ནང་ཀྲེན་ཏན་ནས་ཧན་ཝུའུ་དུས་རབས་ནི་ཀྲུང་གོའི་ལྷོ་ཕྱོགས་ཀྱི་ཚད་ལྡན་ས་རིམ་གྱི་གྲས་ཤིག་རེད། གསུམ་བརྩེགས་དུས་རབས་ཀྱི་དུས་མཇུག་ཏུ་རི་བོ་ཡན་ཧྲན་འགུལ་སྐྱོད་བྱས་པ་བརྒྱུད་མངའ་ཁོངས་སུ་སྐམ་སའི་དབུས་ཁུལ་གྱི་གཞོང་ས་ཆགས་ཡོད་པ་དང་། དེ་ནས་ཀྲུའུ་ལུའོ་དུས་རབས་དང་པའེ་ལུའོ་དུས་རབས། དེ་བཞིན་ས་གཞི་ཆགས་རིམ་གསུམ་པའི་སྐམ་སའི་དིམ་བསགས་བཅས་བྱུང་ཡོད། ཆུས་ནང་ཁུལ་གྱི་དུས་རབས་སོ་སོའི་ས་རིམ་རིམ་བཞིན་ཕྱིར་མངོན་པ་དང་། དེའི་ཐོག་གྲུབ་ཚུལ་གྱི་བྱེད་སྒོ་ཛ་དྲག་པོ་ཡོད་པས་དབྱི་ཁྲང་གྲོང་ཁྱེར་གྱི་གཏེར་ཁའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་ཁྱད་ཆོས་གཏན་འཁེལ་བྱས་ཡོད། 

3_3 ནམ་ཟླ།     

དབྱི་ཁྲང་ནི་ཚ་ཁུལ་བར་མ་དང་ཚ་ཁུལ་བྱང་མའི་བར་བརྒལ་ས་ཁུལ་དུ་གནས་པ་དང་། ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླ་ཡིན། དུས་བཞིའི་དབྱེ་བ་གསལ་བ་དང་། ཆུ་ཚ་དུས་ཚིགས་གཅིག་པ། གྲང་ཐན་དུས་ཚིགས་གཅིག་བཅས་ཀྱི་གནམ་གཤིས་ཁྱད་ཆོས་ཡོད། ལོ་མང་པོའི་རིང་ཆར་ཆུ་འབབ་ཚད་ཧའོ་སྨི1215.6ཟིན་ཡོད། ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ16.9ཟིན་པ་དང་ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ41.4ཡིན་པ་དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ9.8ཡིན་པ་རེད། ལོ་རེར་ཆ་སྙོམས་ཏུའུ10ལས་མང་བའི་བྱེད་སྒོའི་དྲོད་ཚད་ཧྲེ་ཧྲི་ཏུའུ5200ཡན་ཟིན་པ་དང་རྒྱུན་མཐུད་ཉིན་གྲངས250ཟིན་གྱི་ཡོད། སད་མེད་དུས་ཉིན250-300ཡིན་པ་དང་། ལོ་རེའི་ཆ་སྙོམས་འགྱེད་འཕྲོ་ཚད་ནི་ལི་སྨི100.7ཡིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1538~1883ཡིན་པ། ཉི་འོད་ཕོག་ཚད40%ཡིན། 

3_4 ཆུ་དཔྱད།

དབྱི་ཁྲང་གྲོང་ཁྱེར་གྱི་ཆུ་བོ་ཚང་མ་འབྲི་ཆུའི་འབབ་རྒྱུད་ཀྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གཞུང་ཆུ་རྒྱུད་དང་། འབྲི་ཆུའི་བར་རྒྱུད་ཀྱི་ཆུ་གཞུང་ཆུ་རྒྱུད། ཆིང་ཅང་གཙང་པོའི་ཆུ་རྒྱུད། ཏུང་ཐིང་མཚེའུ་ཁུལ་གྱི་ཆུ་ལག་བཞི་དང་ཆུ་རྒྱུད་སོགས་ཆུ་རྒྱུད་ཆེ་གྲས་ལྔར་གཏོགས་ཡོད། འབྲི་ཆུའི་གཞུང་རྒྱུན་གཙོ་བོར་བྱེད་པ་དང་། ཆུ་བོ་མང་བ་དང་། སྟུག་ཚད་ཆེ་བ། ཆུ་འབོར་མང་བ་བཅས་ཡིན། རྒྱལ་ཡོངས་ཀྱི་ཆུ་བེད་ཡོངས་བཤེར་བརྟག་དཔྱད་བྱས་པར་གཞིགས་ན། དབྱི་ཁྲང་གྲོང་ཁྱེར་གྱི་ཆུ་གསོག་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ50ཡན་ཟིན་པ་དང་། མངའ་ཁོངས་ནང་གི་ཆུ་གསོག་རྒྱ་ཁྱོན་གྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི91.5%ཟིན་པ་དང་། ཆུ་དྲའི་སྟུག་ཚད་སྟོང་སྨི་གྲུ་བཞི་མ་རེར་སྟོང་སྨི0.24ཟིན་གྱིན་ཡོད། ཆུ་བོ་འདུས་པའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1000ལས་ཆེ་བ་དང་། རིང་ཚད་སྟོང་སྨི100ཡན་གྱི་ཆུ་བོ་གཙོ་བོ་ནི་འབྲི་ཆུ་དང་། ཆིང་ཅང་གཙང་པོ། ཏན་ཀྲང་གཙང་པོ། ཧོང་པའེ་གཙང་པོ། ཉ་ཆུ་སོགས་ཡིན། 

4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་དབྱི་ཁྲང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི413.56ཡོད་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད59.86%ཟིན་ཡོད། ཐེམ་ཐོའི་མི་འབོར་ཁྲི392.26ཡོད། ལོ་མཇུག་ཏུ་གསར་སྐྱེས་མི་འབོར་ཁྲི3.76ཡོད་པ་དེ་ལོ་གོང་མ་ལས་མི་ཁྲི0.63མང་དུ་ཕྱིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི5.09ཡིན་པ་དེ་ལོ་གོང་མ་ལས་མི་ཁྲི2.61འཕར་བ། མི་འབོར་ཁྲི1.33རང་ཤུགས་སུ་ཉུང་དུ་སོང་ཡོད། 

5 དཔལ་འབྱོར།

སྤྱི་ལོ2017ལོར་དབྱི་ཁྲང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3857.17ཡིན་པ་དེ་ལོ་གོང་མ་ལས་2.4%འཕར་བ།  ཐོན་ལས་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར426.72ཡིན་པ་དེ་ལོ་གོང་མ་ལས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར2077.58ཡིན་པ་དེ་ལོ་གོང་མ་ལས1.5%ཆག ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར1352.87ཡིན་པ་དེ་ལོ་གོང་མ་ལས9.5%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི10.8:57.2:32.0ནས11.1:53.8:35.1ཡིན་པ་དང་ཐོན་ལས་གསུམ་པས་བཟུང་བའི་བསྡུར་ཚད་ལོ་གོང་མ་ལས3.1%འཕར་ཡོད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར93331ཡིན་པ་དེ་ལོ་གོང་མ་ལས3.7%འཕར་བ་དང་ལོ་གོང་མ་ལས་སྒོར3353འཕར་བ་རེད། 

སྤྱི་ལོ2017ལོར་དབྱི་ཁྲང་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མ་ལས1.1%འཕར་ཡོད། ཚོང་ཟོག་སིལ་འཚོང་རིན་གོང་ལོ་གོང་མ་ལས་བརྒྱ་ཆའི0.1འཕར་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་ལོ་གོང་མ་ལས་བརྒྱ་ཆའི4.7འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་གསར་དུ་ཐོ་འགོད་བྱས་པའི་ཁྲོམ་རའི་བྱེད་པོ་ཁྲི6.80ཡོད་པའི་ནང་གསར་དུ་ཐོ་འགོད་བྱས་པའི་སྒེར་གཉེར་ཁེ་ལས་ཁྲི1.37ཡོད་པ་དང་། གསར་དུ་ཐོ་འགོད་བྱས་པའི་ཁེར་གཉེར་བཟོ་ཚོང་ཐེམ་དུད་ཁྲི5.23ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི10.96འཕར་བ་དང་ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.06%ཟིན་ཡོད།      སྤྱི་ལོ2017ལོར་དབྱི་ཁྲང་གྲོང་ཁྱེར་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར2582.05བཏང་བའི་ནང་ཁྱོན་མ་དངུལ་སྒོར་ཁྲི5000ཡན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར2203.53བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི85.34%བཟུང་བ་དང་། མ་དངུལ་བསྡོམས་འབོར་སྒོར་ཁྲི5000མན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར180.68བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི7.0%བཟུང་བ། ས་ཁང་བདག་ཁོངས་ལ་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར197.85ཡིན་པ་དེས་མ་དངུལ་འཇོག་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི7.7ཟིན་ཡོད། གཞུང་ཁོངས་མིན་པའི་དཔལ་འབྱོར་མ་འཇོག་ལ་སྒོར་དུང་ཕྱུར1760.04བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི68.2%བཟུང་བའི་ནང་དམངས་ཁྲོད་མ་འཇོག་སྒོར་དུང་ཕྱུར1717.34ཟིན་པ་དང་། གཞུང་ཁོངས་དཔལ་འབྱོར་གྱི་མ་འཇོག་སྒོར་དུང་ཕྱུར822.01ཟིན་པ་དེས་མ་འཇོག་བསྡོམས་འབོར་གྱི31.8%བཟུང་ཡོད། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར31.18བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི1.2%བཟུང་བ། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར1252.22བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི48.5%བཟུང་བ། ཐོན་ལས་གསུམ་པར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར1298.65ཟིན་པ་དེས་མ་འཇོག་བསྡོམས་འབོར་གྱི50.3%བཟུང་ཡོད། ཐོན་ལས་གསུམ་པའི་མ་འཇོག་གིས་མ་འཇོག་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་སྤྱི་ལོ2016ལོ་ལས1.5%འཕར་ཡོད།      སྤྱི་ལོ2017ལོར་དབྱི་ཁྲང་གྲོང་ཁྱེར་དུ་ས་གནས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར387.69བྱུང་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར242.08ཡིན། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར163.18ཟིན་པ་དེས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི67.4%བཟུང་ཡོད། ལོ་ཧྲིལ་པོར་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར493.83ཡོད། 

སྤྱི་ལོ2017ལོར་དབྱི་ཁྲང་གྲོང་ཁྱེར་གྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24182ཡིན་པ་དེ་ལོ་གོང་མ་ལས8.6%འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར32316ཟིན་པ་དང་ལོ་གོང་མ་ལས8.7%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15253ཟིན་པ་དེ་ལོ་གོང་མ་ལས8.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར20246ཟིན་པ་དེ་ལོ་གོང་མ་ལས8.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས29.2%ཟིན་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར12113ཟིན་པ་དེ་ལོ་གོང་མ་ལས8.3%འཕར་བ། གྲོང་གསེབ་ཀྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས29.6%ཟིན་ཡོད། 

6  སྤྱི་ཚོགས་ཀྱི་ལས་དོན།
6_1 ཚན་རིག་ལག་རྩལ།

སྤྱི་ལོ2017ལོར་དབྱི་ཁྲང་གྲོང་ཁྱེར་དུ་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར406.41བྱུང་བ་དེ་ལོ་གོང་མ་ལས4.2%འཕར་བ་དང་། ལག་རྩལ་མཐོ་གསར་གྱི་ཐོན་ལས་ཀྱི་འཕར་ཐང་གིསGDPནང་བཟུང་བའི་བསྡུར་ཚད་ནི་བརྒྱ་ཆ10.5ཟིན་ཡོད། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས382ཡོད་པ་དེ་སྔ་ལོ་ལས52འཕར་ཡོད། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་ལས་གྲྭའི་ལག་རྩལ་ལྟེ་གནས146ཡོད་པ། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་གཙོ་གནད་ཚོད་ལྟ་ཁང57ཡོད་པ་རེད། གཙོ་གནད་ཚན་རྩལ་གྲུབ་འབྲས་ཁག200ཐོ་འགོད་བྱས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཁེ་བེད་བདག་ཐོབ་བདག་སྤྲོད་བྱེད་ཚད11349ཡིན་པ་དང་། ཁེ་བེད་བདག་ཐོབ་སྤྲོད་དབང4271ཡིན་པའི་ནང་གསར་གཏོད་ཁེ་བེད་བདག་ཐོབ666ཡོད་པ་རེད། 

6_2 སློབ་གསོ།

སྤྱི་ལོ2017ལོའི་ལོ་མཇུག་བར་དབྱི་ཁྲང་གྲོང་ཁྱེར་དུ་བུ་བཅོལ་ཁང429ཡོད་པ་དང་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ་ཁྲི8.5ཡོད། སློབ་ཆུང་དཀྱུས་མ254དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི16.61དང་། སློབ་ཐོན་སློབ་མ་ཁྲི2.6 ཆེད་འགན་དགེ་རྒན་ཁྲི1.1བཅས་ཡོད། སློབ་འབྲིང་དཀྱུས་མ174དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི12.59དང་། སློབ་ཐོན་སློབ་མ་ཁྲི4.4 ཆེད་འགན་དགེ་རྒན་ཁྲི1.24བཅས་ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ15ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.66ཡོད་པ་དང་། སློབ་ཐོན་སློབ་མ་ཁྲི0.77ཡོད་པ། ཆེད་འགན་འཁུར་བའི་དགེ་རྒན1741ཡོད། མཐོ་སློབ་དཀྱུས་མ5དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི5.72 སློབ་ཐོན་སློབ་མ་ཁྲི1.6དང་དགེ་རྒན3539ཡོད་པ་རེད།      སྤྱི་ལོ2019ལོའི་ཟླ10པར་སློབ་གསོ་པུའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་ཁག་གཉིས་པས་དབྱི་ཁྲང་ཞིབ་བཤེར་རྩིས་ལེན་བྱས་ནས་གྲོས་འཆམ་བྱུང་བ་རེད། 

6_3 རིག་གནས་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར་དབྱི་ཁྲང་གྲོང་ཁྱེར་དུ་སྤྱི་པའི་དཔེ་མཛོད་ཁང15ཡོད་པ་དང་ཁྱོན་དེབ་ཁྲི291.74ཉར་ཚགས་བྱས་ཡོད། རིག་གནས་བྱ་གཞག་སྒྲིག་གཞི177དང་། སྒྱུ་རྩལ་བྱ་གཞག་སྒྲིག་གཞི19 སྒྱུ་རྩལ་འཁྲབ་སྟོན་ཚོགས་པ11 སྒྱུ་རྩལ་ཁང་དང་རིག་གནས་ཁང121 རིག་དངོས་སྲུང་སྐྱོབ་དོ་དམ་སྒྲིག་གཞི7 རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང18བཅས་ཡོད་པ་རེད། གློག་བརྙན་བྱ་གཞག་སྒྲིག་གཞི37ཡོད་པའི་ནང་གློག་བརྙན་སྟོན་པའི་དོ་དམ་སྒྲིག་གཞི13དང་ཆེད་ལས་གློག་བརྙན་ཁང24འགྲེམས་སྤེལ་བྱས་ཡོད། ལོ་མཇུག་ཏུ་སྤྱི་པའི་རླུང་འཕྲིན་ལེ་ཚན11ཡོད་པ་དང་རླུང་འཕྲིན་ལེ་ཚན་གྱི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་པ། སྤྱི་པའི་བརྙན་འཕྲིན་ལེ་ཚན15ཡོད་པ་དང་། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི59.74ཡོད། བརྙན་འཕྲིན་ལེ་ཚན་གྱི་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་ཡོད། 

6_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་དབྱི་ཁྲང་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི2969(གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་པ)ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང185དང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང(སོའོ་དང་ས་ཚིགས)10 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)10 འཕྲོད་བསྟེན་ལྟ་སྐུལ་ཁང(ལྟེ་གནས)12བཅས་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་འཕྲོད་བསྟེན་སྒྲིག་གཞིའི་མི་སྣ38275ཡོད་པ་དེ་ལོ་གོང་མ་ལས་མི1625མང་དུ་ཕྱིན་པ་དེའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ10919ཡོད་པ་དེ་ལོ་གོང་མ་ལས་མི460མང་དུ་ཕྱིན་པ་དང་། ཐོ་འགོད་ནད་གཡོག་པ་དང་ནད་གཡོག་པ14483ཡོད་པ་དེ་ལོ་གོང་མ་ལས518མང་དུ་ཕྱིན་ཡོད། འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི28180ཟིན་པ་དེ་ལོ་གོང་མ་ལས1833མང་དུ་ཕྱིན་ཡོད།  

6_5 ལུས་རྩལ།

སྤྱི་ལོ2017ལོར་དབྱི་ཁྲང་གྲོང་ཁྱེར་དུ་ལུས་རྩལ་ཐང92དང་ཆེད་བསྐོས་ལུས་རྩལ་མི་སྣ145ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་ཆེན་ཡན་གྱི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་མི་གྲངས530ཟིན་ནས་གསེར་གྱི་རྟགས་མ37དང་། དངུལ་གྱི་རྟགས་མ50 ཟངས་ཀྱི་རྟགས་མ56བཅས་ཐོབ་ཡོད།      སྤྱི་ཚོགས་འགན་སྲུང་།      སྤྱི་ལོ2017ལོའི་ལོ་མཇུག་བར་དབྱི་ཁྲང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་རིམ་བཞིན་མི་ཁྲི119.25དང་། མི་ཁྲི376.76 མི་ཁྲི52.26 མི་ཁྲི59.97 མི་ཁྲི46.30བཅས་སོ་སོར་ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི10.44དང་། མི་ཁྲི231.31 མི་ཁྲི1.20 མི་ཁྲི 1.43དང་མི་ཁྲི1.30བཅས་སོ་སོར་འཕར་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་རྒན་གསོའི་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་སྨན་བཅོས་འགན་བཅོལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་འགན་བཅོལ་བཅས་ཁྱབ་ཚད99%དང་། 98% 98%བཅས་སོ་སོར་ཟིན་ཡོད། གྲོང་ཁྱེར་དེ་ཡོངས་སུ་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན་མི་གྲངས་ཁྲི13.12ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན་གྲོང་མི་ཁྲི3.21ཡོད་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་མཁན་ཞིང་པ་ཁྲི9.91ཡོད། 

7 འགྲིམ་འགྲུལ་སྐྱེལ་འདྲེན། 

འགྲིམ་འགྲུལ་ཐད་དེ་སྔ་ནང་ཁུལ་གྱི་ཆུ་ཐོག་སྐྱེལ་འདྲེན་དང་ལྕགས་ལམ་གཙོ་བོར་བྱས་ཤིང་། སྤྱི་ལོ2010ལོར་སླེབས་སྐབས་དབྱི་ཁྲང་གྲོང་ཁྱེར་དུ་ཆུ་ལམ་ཡག་ཤོས་(འབྲི་ཆུ)1དང་། ལྕགས་ལམ(ཅའོ་ལིའུ་དང་། དབྱི་དབན་། ཧན་དབྱི)3 མྱུར་བགྲོད་མྱུར་ལམ5(ཧྲང་ཧའེ་དང་། ཁྲུང་ཆིང་། ཅིང་དབྱི། འགག་གསུམ་ཧྥན་པཱ། དབྱི་པ། པའོ་དབྱི)ས་ཁོངས་རང་བཞིན་གྱི་གནམ་ཐང(འགག་གསུམ་གནམ་ཐང)1དབྱི་ཁྲང་དུ་སྣོལ་འདྲེས་བྱས་པ་དང་། ཆུ་གཞུང་ལྕགས་ལམ་བར་སྣང་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་ཆགས་ཡོད་པ་རེད།      ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུས་བརྡ་ཐོ་བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་སྤྱི་སྤྱོད་རླངས་འཁོར་གྲོང་ཁྱེར་འཛུགས་སྐྲུན་གྱི་ཁག་དང་པོའི་གཏོད་པའི་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་ཧུའུ་པེ་དབྱི་ཁྲང་གྲོང་ཁྱེར་དང་ཤང་དབྱང་གྲོང་ཁྱེར་ཚུད་པའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)25ཡི་གྲོང་ཁྱེར50བདམས་ཡོད་པ་རེད། དེ་ཡང་ཝུའུ་ཧན་གྲོང་ཁྱེར་ཁག་དང་པོའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་རླངས་འཁོར་གྲོང་ཁྱེར་གཏོད་པའི་གྲོང་ཁྱེར་ནང་བདམས་རྗེས་ཧུའུ་པེ་ཞིང་ཆེན་གྱིས་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁག་གསུམ་པ་རེད། གསར་འཛུགས་ལས་དོན་དེ་སྤྱི་ལོ2020ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་རེད།      སྤྱི་ལོ2017ལོའི་ལོ་མཇུག་བར་དབྱི་ཁྲང་གྲོང་ཁྱེར་གྱི་དམངས་སྤྱོད་རླངས་འཁོར་བདག་ཚད་ཁྲི56.67ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན16.6%འཕར་བའི་ནང་སྒེར་གྱི་རླངས་འཁོར་བདག་ཚད་ཁྲི52.35ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས17.7%འཕར་ཡོད། 

8 ལོ་རྒྱུས་རིག་གནས། 

དབྱི་ཁྲང་ནི་སྔོན་ཆད་ཁྲུའུ་རིག་གནས་དང་པ་རིག་གནས་འཕེལ་རྒྱས་ཀྱི་རེ་བ་ཡིན། དེ་གར་ཆུས་ཡོན་དང་། མི་རིགས་དང་གཉེན་ཉེའི་ཕོ་ཉ་ཝང་ཀྲའོ་ཅུན། དེ་བཞིན་མཁས་དབང་དབྱང་ཧྲོའུ་ཅིང་སོགས་སྔོན་བྱོན་མཁས་མཆོག་གྲགས་ཅན་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་པ་དང་། མི་རབས་རིམ་བྱུང་གི་རིག་གནས་པ་དཔེར་ན་ལི་པའེ་དང་། ཏུའུ་ཕུའུ། པའེ་ཅུས་དབྱི། ཨོའུ་དབྱང་ཞིའུ། སུའུ་ཧྲི། ལུའུ་ཡིའུ་སོགས་ཀྱང་མང་པོ་ཞིག་དེར་འཛོམས་ཡོད། ཁོང་ཚོས་ཤིས་ལིང་རི་ཆུ་ལ་ལྟ་སྐོར་བྱས་ནས་སྙན་རྩོམ་བཞག་སྟེ་དབྱི་ཁྲང་ལ་རིག་གནས་ཀྱི་རྒྱུ་ནོར་བསྣན་ཡོད།      དབྱི་ཁྲང་གིས་ད་དུང“རྒྱལ་ཁབ་གསུམ་གྱི་གནའ་གནས”ཞེས་པའི་མཚན་སྙན་ཐོབ་ཅིང་། གནའ་བོའི་བརྩམས་ཆོས་གྲགས་ཅན《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》ནང་གཏམ་རྒྱུད་སུམ་ཅུ་སོ་དྲུག་དེ་གར་ཐོན་ཡོད། དེ་གར་ད་དུང་ཀུང་ཀུང་ཀོན་གྱི་དབྱང་ལྔའི་ས་ཆ་སྦས་ནས་འབྲེལ་ཡོད་ཀྱི་གོང་མའི་བང་སོ་བསྐྲུན་པ་རེད། དུས་མཚུངས་སུ་ཀོན་ཀུང་རིག་གནས་ལ་རྟོག་ཞིབ་དང་ཞིབ་འཇུག་བྱེད་ས་ཡང་ཡིན། “འཛམ་གླིང་གི་རིག་གནས་པ་གྲགས་ཅན་བཞིའི”གྲས་སུ་གྲགས་པའི་ཆུས་ཡོན་ལ“ཀྲུང་གོའི་གནའ་རབས་ཀྱི་མཛེས་མ་བཞི”ཞེས་འབོད་པའི་ཝང་ཀྲའོ་ཅུན་ནི་ཀུའུ་དབྱི་ཁྲང་གི་མངའ་ཁོངས་སུ་སྐྱེས་པ་དང་། མངའ་ཁོངས་སུ་ད་དུང་ཆུས་ཡོན་མཆོད་ཁང་དང་། ཀྲའོ་ཅུན་གྲོང་ཚོ། དཔེ་ཀློག་དོང་། ཉང་ཅིང་སོགས་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་མང་པོ་ཡོད། 

9 མཛེས་ལྗོངས་གྲགས་ཅན།

དབྱི་ཁྲང་གྲོང་ཁྱེར་གྱི་ས་ཁོངས་སུ་ཡུལ་སྐོར་བྲག་ཕུག་གསུམ་དང་། པད་མའི་བྲག་ཕུག ཁམ་བུའི་མེ་ཏོག་གྲོང་ཚོ། ཧོང་ལིང་ལྷ་ཁང་། གསེར་སེང་བྲག་ཕུག པའེ་གོ་ཧྲུའུ་རྦབ་ཆུ་སོགས་ལོ་རྒྱུས་རིག་གནས་ཀྱི་གནའ་ཤུལ་དང་མཛེས་ལྗོངས་གྲགས་ཅན་མང་པོ་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲོང་ཁྱེར། ས་ཁམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-03

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།