ཏཱ་ལེན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏཱ་ལེན་གྲོང་ཁྱེར།
ཏཱ་ལེན་གྲོང་ཁྱེར་ནི་ལིའོ་ཉིང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། ཏཱ་ལེན་གྲོང་ཁྱེར་ལ་མིང་གཞན་དུ་པིན་ཁྲེང་ཟེར་ཞིང་། ཀྲུང་གོའི་བྱང་ཤར་ས་ཁུལ་དང་ལིའོ་ཏུང་ཕྱེད་གླིང་གི་ལྷོ་སྣེར་གནས་ཡོད། ཧོང་ཧའེ་རྒྱ་མཚོ་དང་པོ་ཧའེ་རྒྱ་མཚོའི་འབྲེལ་མཚམས་སུ་གནས་ཤིང་། ཧྲན་ཏུང་ཕྱེད་གླིང་དང་རྒྱ་མཚོའི་བར་ཆོད་ཅིང་ཁ་གཏད་དུ་གནས་ཡོད། གཞི་རྩའི་ས་ངོས་ཆགས་ཚུལ་ནི་དཀྱིལ་སྙིང་མཐོ་ལ་ཤར་ནུབ་གཞོགས་གཉིས་རིམ་གྱི་སྐས་དབྱིབས་སུ་ཇེ་དམའ་རུ་སོང་ཡོད། སའི་གོ་ལའི་ཕྱེད་བྱང་མའི་དྲོད་ཁུལ་དང་། ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་ཤར་ངོགས་སུ་གནས་ཤིང་། དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ས་གནས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ12573.85ཟིན་ཡོད། སྤྱི་ལོ2018ལོར་ཏཱ་ལེན་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི595.2ཟིན་ཡོད་པ་དང་། མངའ་ཁོངས་སུ་ཁོངས་གཏོགས་གྲོང་ཁྱེར་གྱི་ཆུས7དང་། རྫོང་རིམ་པའི་གྲོང་ཁྱེར2དང་རྫོང1བཅས་ཡོད། ཏཱ་ལེན་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར7668.5ཟིན་ཡོད་པ་དང་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར109644ཟིན་ཡོད། ཐོན་ལས་ཐེངས་གསུམ་གྱི་བསྡུར་ཚད་ནི5.7:42.3:52ཡིན་ཞིང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར704ལེགས་གྲུབ་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大连
ཕྱི་ཡིག་གི་མིང་།
Dalian/далянь/대련
མིང་གཞན།
འཆར་ཡན་གྲོང་ཁྱེར། རྐང་དྲུག་གྲོང་།
གནམ་གཤིས།
དྲོད་རྒྱུད་དུས་རླུང་ནམ་ཟླ།
ཡུལ་སྐད།
ཅའོ་ལིའོ་ཡུལ་སྐད། ཏཱ་ལེན་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ལིའུ་ཉིན་ཞིང་ཆེན།
གནམ་གྲུ་ཐང་།
ཏཱ་ལེན་ཀྲོའུ་ཧྲུའེ་ཙི་རྒྱལ་སྤྱིའི་གནམ་ཐང་དང་ཏཱ་ལེན་ཅིན་ཀྲོའུ་ཝན་རྒྱལ་སྤྱིའི་གནམ་ཐང་།
མངའ་ཁོངས།
ཁོངས་གཏོགས་སུ་ཆུས7དང་། རྫོང་རིམ་པའི་གྲོང་ཁྱེར2རྫོང1བཅས་ཡོད།
མེ་འཁོར་འབབ་ཚུགས།
ཏཱ་ལེན་འབབ་ཚུགས། ཏཱ་ལེན་བྱང་ཚུགས། ཅིན་ཀྲོའུ་ས་ཚུགས། ཕུའུ་ལན་ཏེན་ས་ཚུགས། ཀྲོང་ཧོ་བྱང་ཚུགས། ཝ་ཧྥང་ཏེན་ས་ཚུགས་སོགས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0411
སྦྲག་སྲིད་ཨང་རྟགས།
116000
རླངས་འཁོར་ཚབ་ཨང་།
ལིའོ(辽)B
ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར།
སྒོར་དུང་ཕྱུར7668.5ཡོད། (སྤྱི་ལོ2018ལོའི་དམངས་སྒོར)
གནས་ཡུལ།
ལིའོ་ཤར་ཕྱེད་གླིང་གི་ཆེས་ལྷོ་སྣེ་རུ་གནས།
མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་སྤྱི་འབོར།
སྒོར109644ཡོད། (སྤྱི་ལོ2018ལོའི་དམངས་སྒོར)
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ12573.85ཡོད།
སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་་ཀྱི་ཚབ་ཨང་།
210200
མི་གྲངས།
ཁྲི595.2ཡོད། (སྤྱི་ལོ2018ལོའི་ཐེམ་ཐོའི་མི་གྲངས)
དཀར་ཆག
1 ​ངོ་སྤྲོད་མདོར་བསྡུས།

ཏཱ་ལེན་གྲོང་ཁྱེར་ནི་ལིའོ་ཉིང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན། ཏཱ་ལེན་གྲོང་ཁྱེར་ལ་མིང་གཞན་དུ་པིན་ཁྲེང་ཟེར་ཞིང་། ཀྲུང་གོའི་བྱང་ཤར་ས་ཁུལ་དང་ལིའོ་ཏུང་ཕྱེད་གླིང་གི་ལྷོ་སྣེར་གནས་ཡོད། ཧོང་ཧའེ་རྒྱ་མཚོ་དང་པོ་ཧའེ་རྒྱ་མཚོའི་འབྲེལ་མཚམས་སུ་གནས་ཤིང་། ཧྲན་ཏུང་ཕྱེད་གླིང་དང་རྒྱ་མཚོའི་བར་ཆོད་ཅིང་ཁ་གཏད་དུ་གནས་ཡོད། གཞི་རྩའི་ས་ངོས་ཆགས་ཚུལ་ནི་དཀྱིལ་སྙིང་མཐོ་ལ་ཤར་ནུབ་གཞོགས་གཉིས་རིམ་གྱི་སྐས་དབྱིབས་སུ་ཇེ་དམའ་རུ་སོང་ཡོད། སའི་གོ་ལའི་ཕྱེད་བྱང་མའི་དྲོད་ཁུལ་དང་། ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་ཤར་ངོགས་སུ་གནས་ཤིང་། དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ས་གནས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ12573.85ཟིན་ཡོད།

སྤྱི་ལོ2018ལོར་ཏཱ་ལེན་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི595.2ཟིན་ཡོད་པ་དང་། མངའ་ཁོངས་སུ་ཁོངས་གཏོགས་གྲོང་ཁྱེར་གྱི་ཆུས7དང་། རྫོང་རིམ་པའི་གྲོང་ཁྱེར2དང་རྫོང1བཅས་ཡོད། ཏཱ་ལེན་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར7668.5ཟིན་ཡོད་པ་དང་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར109644ཟིན་ཡོད། ཐོན་ལས་ཐེངས་གསུམ་གྱི་བསྡུར་ཚད་ནི5.7:42.3:52ཡིན་ཞིང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར704ལེགས་གྲུབ་བྱུང་ཡོད།

2 མིང་བྱུང་ཚུལ།

ཏཱ་ལེན་གྱི་ས་མིང་ནི“ཏཱ་ལི་ཉི ”ཞེས་པའི་ཡི་གེ་སྒྲ་འགྱུར་བ་ལས་བྱུང་བ་ཡིན། “ཏཱ་ལི་ཉི”ནི་ཨུ་རུ་སུའི་སྐད་ཡིན་ཞིང་། དེ་ནི“རྒྱང་རིང”གི་དོན་ཡིན། “ཏཱ་ལི་ཉི་”ཞེས་པའི་མིང་གི་འབྱུང་ཁུངས་ནི་ཏཱ་ལེན་དེ་ཨུ་རུ་སུའི་བོགས་གཡར་ས་ཆ་རུ་གྱུར་རྗེས། ཧྲ་ཧོང་གོང་མ་ཉི་ཀུའུ་ལའི་བཀའ་ལྟར་ས་ཆ་དེར“ཏཱ་ལི་ཉི”ཞེས་མིང་བཏགས་པ་དང་། དུས་མཚུངས་སུ་རང་མོས་ཉོ་ཚོང་གྲུ་ཁར་བརྩིས་ནས་སྒོ་མོ་ཕྱེ་བ་རེད། རྗེས་སུ་སྒྲ་འགྱུར་ནས་ཏཱ་ལེན་ཞེས་གྱུར། ཏཱ་ལེན་གྱི་མིང་ནི་ཏཱ་ལེན་ཝན་ཞེས་པ་ནས་འགྱུར་ཡོང་བ་དང་ཉེ་རབས་ནས་བྱུང་བ་ཡིན། ཆིང་ཀོང་ཞུས་ལོ་དྲུག་ཅུ་པའི་སྐབས་སུ(སྤྱི་ལོ1880ལོ)པེ་དབྱང་བློན་ཆེན་ལི་ཧུང་ཀྲང་གིས་ཏཱ་ལེན་ཝན་གྱི་དམག་དོན་གྲུ་ཁ་འཛུགས་སྐྲུན་བྱེད་ཐབས་སྐོར་གྱི་ཞུ་ཡིག་སྟེང“ཏཱ་ལེན་ཝན”ཞེས་པ་བཏོན། འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས་བཙན་བཟུང་བྱེད་རིང་ཆིང་ཀོང་ཞུས་ཁྲི་ལོ་སོ་གཅིག་པ(སྤྱི་ལོ1905ལོའི)ཟླ2པར་ཏཱ་ལེན་ཞེས་འབོད། བཅིངས་འགྲོལ་བྱས་རྗེས། སྤྱི་ལོ1949ལོའི་ཟླ4བའི་ཚེས1ཉིན། ཏཱ་ལེན་དང་ལུའེ་ཧྲུན་ཧོ་ལ་ལུའེ་ཏཱ་གྲོང་ཁྱེར་ཟེར། སྤྱི་ལོ1981ལོའི་ཟླ2པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཏཱ་ལེན་གྲོང་ཁྱེར་ཞེས་པར་བསྒྱུར།

3 ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་དུས་འགོར་ཧྥེང་ཐེན་ཞིང་ཆེན་གྱི་ཤར་འགྲམ་ཏའོ་ཀྲོང་ཧོ་རྫོང་དང་། ལིའོ་ཧྲེན་ཏའོ་ཧྥུ་རྫོང་། ཅིན་རྫོང་བཅས་ཀྱི་ཁོངས་སུ་གཏོགས།

བྱང་ཤར་དགྲ་ལག་ཏུ་ཤོར་བའི་དུས་སྐབས་སུ། བྱང་ཕྱོགས་ནི་ཧྥུན་ཐེན་ཞིང་ཆེན་གྱི་ཧྥུ་རྫོང་དང་ཨན་ཏུང་ཞིང་ཆེན་གྱི་ཀྲོང་ཧོ་རྫོང་དུ་གཏོགས།

རྒྱལ་ཡོངས་བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ་ཞིན་ཅིན་དང་། ཀྲོང་ཧོ། ཧྥུ་རྫོང་བཅས་ཐོག་མར་ཨན་ཏུང་ཞིང་ཆེན་དུ་གཏོགས་པ་དང་། རྗེས་སུ་ལིའོ་ཉིན་ཞིང་ཆེན་དང་ལིའོ་ཏུང་ཞིང་ཆེན་དུ་བསྒྱུར། ཧྲི་ཧོ་དབྱི་ཡི་ལྷོ་ཕྱོགས་ཀྱི་ཏཱ་ཅིན་ས་ཁུལ་ནི་སུའུ་ལེན་དམག་དཔུང་གིས་དོ་དམ་བྱེད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་བཅིངས་འགྲོལ་ས་ཁུལ་དམིགས་བསལ་ཅན་ཡིན། དེའི་ཁོངས་སུ་ཏཱ་ལེན་གྲོང་ཁྱེར་དང་། ལུའི་ཧྲུན་གྲོང་ཁྱེར། ཅིན་རྫོང་། ཏཱ་ལེན་རྫོང་བཅས་ཡོད།

སྤྱི་ལོ1949ལོའི་ཟླ8པར་བྱང་ཤར་མི་དམངས་སྲིད་གཞུང་གི་འགོ་ཁྲིད་ལ་གཏོགས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ལུའི་ཏཱ་གྲོང་ཁྱེར་ནི་བྱང་ཤར་སྲིད་འཛིན་ཁུལ་ཆེན་པོའི་ཐད་གཏོགས་གྲོང་ཁྱེར་ཡིན།

སྤྱི་ལོ1953ལོའི་ཟླ3པར་ཀྲུང་དབྱང་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1954ལོའི་ཟླ8པར་ལེའོ་ཉིང་ཞིང་ཆེན་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1981ལོའི་ཟླ2པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུའེ་ཏཱ་གྲོང་ཁྱེར་ཏཱ་ལེན་གྲོང་ཁྱེར་ཞེས་པར་བསྒྱུར་བར་ཆོག་མཆན་བཀོད་པ་དང་། ཟླ3ཚེས5ཉིན་ཏཱ་ལེན་གྲོང་ཁྱེར་སྲིད་གཞུང་གིས་དངོས་སུ་སྒོ་བྱང་བཀལ་ནས་གཞུང་དོན་བསྒྲུབས།

སྤྱི་ལོ1984ལོའི་ཟླ4བར། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་གིས་ཏཱ་ལེན་གྲོང་ཁྱེར་གྱིས1985ལོ་ནས་བཟུང་འཆར་གཞི་ལོགས་སུ་འགོད་པ་དང་། ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏཱ་ལེན་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་དཔལ་འབྱོར་དོ་དམ་དབང་ཚད་སྤྲོད་རྒྱུར་མོས་མཐུན་བྱུང་པ་རེད།

སྤྱི་ལོ1985ལོའི་ཟླ1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་ནས་སླར་གསོ་རྫོང་མེད་པར་བཟོས་ཏེ། ཝ་ཧྥང་ཏེན་གྲོང་ཁྱེར་གསར་འཛུགས་བྱས། (རྫོང་རིམ་པ། ཟླ4པའི་ཚེས1ཉིན་དངོས་སུ་སྒོ་བྱང་བཀལ་ནས་བཙུགས། )

སྤྱི་ལོ1987ལོའི་ཟླ4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཅིན་རྫོང་མེད་པར་བཟོས་ནས། ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་གསར་འཛུགས་བྱས། (ཟླ5པའི་ཚེས20ཉིན་དངོས་སུ་སྒོ་བྱང་བཀལ་ནས་བཙུགས། )

སྤྱི་ལོ1991ལོའི་ཟླ11པར། དམངས་སྲིད་པུའུ་ཡིས་མཆན་བཀོད་བཀའ་ལན་གནང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཞིན་ཅིན་རྫོང་ཕྱིར་འཐེན་བྱས་ཏེ། ཕུའུ་ལན་ཏན་གྲོང་ཁྱེར་གསར་འཛུགས་བྱས། (རྫོང་རིམ་པ། སྤྱི་ལོ1992ལོའི་ཟླ2ཚེས28ཉིན་དངོས་སུ་སྒོ་བྱང་བཀལ་ནས་བཙུགས། )

སྤྱི་ལོ1992ལོའི་ཟླ9པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲོང་ཧོ་རྫོང་མེད་པར་བཟོས་ནས་ཀྲོང་ཧོ་གྲོང་ཁྱེར་གསར་འཛུགས་གནང་། (རྫོང་རིམ་པ། ཟླ10ཚེས28ཉིན་དངོས་སུ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས། )

སྤྱི་ལོ1994ལོའི་ཟླ5པར། ཏཱ་ལེན་གྲོང་ཁྱེར་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་ནས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་དུ་འཕར།

སྤྱི་ལོ2014ལོའི་ཟླ6པར་ཏཱ་ལེན་ཅིན་ཕུའུ་ཆུས་ཁུལ་གསར་བཙུགས་པ་དང་། ཏཱ་ལེན་ཅིན་ཕུའུ་ཁུལ་གསར་དེ་ལེའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་དབུས་ལྷོའི་རྒྱུད་དུ་གནས་པ་དང་དེའི་ཁྱབ་ཁོངས་སུ་ཏཱ་ལེན་གྲོང་ཁྱེར་ཅིན་ཀྲོའུ་ཆུས་ཡོངས་ཀྱི་སྲིད་འཛིན་ས་ཁོངས་དང་ཕུའུ་ལན་ཏན་ཆུས་ཀྱི་ས་ཁུལ་ཁག་གཅིག་ཚུད་ཡོད།

སྤྱི་ལོ2015ལོའི་ཟླ10པར་རྫོང་རིམ་པའི་ཕུའུ་ལན་ཏན་གྲོང་ཁྱེར་མེད་པར་བཟོས་ནས་ཏཱ་ལན་གྲོང་ཁྱེར་ཕུའུ་ལན་ཏན་ཆུས་བཙུགས་ཏེ་དེ་སྔའི་ཕུའུ་ལན་ཏན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་དེ་ཕུའུ་ལན་ཏན་ཆུས་ཀྱི་སྲིད་འཛིན་ས་ཁོངས་སུ་གཏོགས་པར་བྱས།

4 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོ་བར་ཏཱ་ལན་གྲོང་ཁྱེར་དུ་ཁོངས་གཏོགས་ཀྱི་ཆུས7དང་རྫོང1ཡོད་པ་དང་རྫོང་རིམ་པའི་གྲོང་ཁྱེར2ཚབ་གཉེར་བྱས་ཡོད། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་ནི་ཞི་ཀང་ཆུས་མི་དམངས་ཐང་ཆེན་ཨང་རྟགས1པར་གནས།

5 ས་ཁམས་ཁོར་ཡུག
5_1 གནས་ཡུལ།

ཏཱ་ལེན་གྲོང་ཁྱེར་ནི་ལིའོ་ཏུང་ཕྱེད་གླིང་གི་ལྷོ་སྣེ་རུ་ཆགས་ཡོད་པ་དང་། འཕྲེད་ཐིག་བྱང་མ38°43′-40°12′དང་། གཞུང་ཐིག་ཤར་མ120°58′-123°31′ཡི་བར་དུ་གནས་ཡོད། ཤར་གྱི་ཧོང་ཧའེ་རྒྱ་མཚོ་དང་། ནུབ་ཀྱི་པོ་ཧའེ་རྒྱ་མཚོ་དང་འབྲེལ་ཞིང་། ལྷོ་ཡི་ཧྲན་ཏུང་ཕྱེད་གླིང་དང་རྒྱ་མཚོའི་བར་ཆོད་ཅིང་ཁ་གཏད་དུ་གནས་ཡོད། བྱང་གི་ཡངས་ཤིང་རྒྱ་ཆེ་བའི་བྱང་ཤར་གྱི་བདེ་ཐང་ལ་བསྙེས་ཡོད་ཅིང་། ས་དབྱིབས་ཧྲིལ་བོ་བྱང་གི་མཐོ་ཚད་དང་། བྱང་གི་ཞེང་གི་ལྷོ་ངོས་སུ་དོག་ཅིང་། གྲོང་ཁྱེར་དེ་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་བཞི་མ12573.85ཟིན་པའི་ནང་གྲོང་ཁུལ་གྱི་སྟོང་སྨི་ངོས་གྲུ་བཞི་མ2414.96དང་ཁོངས་གཏོགས་རྫོང(གྲོང་ཁྱེར)སྟོང་སྨི་ངོས་གྲུ་བཞི་མ10158.89(ཕུའུ་ལན་ཏན་ཁུལ་ཚུད་པ)ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྟོང་སྨི2211ཡོད་པ་དེའི་ནང་སྐམ་ཆེན་པོའི་འགྲམ་རྒྱུད་སྟོང་སྨི1371དང་གླིང་ཕྲན་གྱི་འགྲམ་རྒྱུད་སྟོང་སྨི840ཡོད།

5_2 ནམ་ཟླ།

ཏཱ་ལེན་གྲོང་ཁྱེར་ནི་སའི་གོ་ལའི་ཕྱེད་བྱང་མའི་དྲོད་ཁུལ་དང་། ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་ཤར་ངོགས་སུ་གནས་པ་དང་། དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་མ་ཟད། རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས་ཀྱི་ཁྱད་ཆོས་ཀྱང་ལྡན། དགུན་དུས་སུ་གྲང་ངར་མེད་པ། དབྱར་ཁར་ཚ་གདུག་མེད་པ། ཆར་ཆུ་གཅིག་སྡུད་ཆེ་བ། དུས་རླུང་མངོན་གསལ་དོད་པ་བཅས་རེད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10ཡས་མས་ཡིན་པ་དང་། ལོ་རེའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ35ཡས་མས་ཡིན། ལོ་རེའི་དྲོད་ཚད་དམའ་ཤོས-28-18℃ཡིན་པ་དང་། སད་མེད་དུས་ཡུན་ཉིན180~200ཡིན། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི550~800ཡིན་པ་དང་། ཐན་པའི་ལོ་ནི་ཞོད་སྐྱོན་ལོ་ལས་མང་། ཨེ་ཤ་ཡ་ཤར་མའི་དུས་རླུང་ཁུལ་དུ་གནས་པས། རིམ་པ་བདུན་པའམ་རིམ་པ་བདུན་ཡན་གྱི་རླུང་ཆེན་ཉིན་གྲངས་ཀྱི་མཚོ་རྒྱུད་དུ་ལོ་རེར་ཉིན40ནས65བར་དང་། སྐམ་སའི་དབུས་ཁུལ་དུ་ཉིན10ནས20བར་ཡིན། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2500~2800ཡིན་པ་དང་ཉི་འོད་ཕོག་ཚད60%ཡས་མས་ཡིན། ལོ་རེའི་ཆ་སྙོམས་མཁའ་དབུགས་ལྟོས་བཅས་ཀྱི་བརླན་ཚད64%~70%ཡིན། ལོ་རེའི་ཆ་སྙོམས་ཐོག་རྒོད་ཉིན18ནས26བར་ཡིན། ལོ་རེའི་ཆ་སྙོམས་སྨུག་པའི་ཉིན་གྲངས་ནི་གྲོང་ཁྱེར་ནང་གི་ཆུས་བཞི(ཀྲུང་ཧྲན་ཆུས་དང་ཞི་ཀང་ཆུས། ཧྲ་ཧོ་ཁོའུ་ཆུས། ཀའོ་ཞིན་གླིང་ཆུས)ཉིན35ནས་50བར་དང་། ཀྲོང་ཧོ་གྲོང་ཁྱེར་དང་ཁྲང་ཧའེ་རྫོང་ལ་ཉིན40ནས55བར་དང་། ས་ཁུལ་གཞན་དག་ལ་ཉིན10ནས30བར་ཡིན།

6 རང་བྱུང་ཐོན་ཁུངས།
6_1 ཆུའི་ཐོན་ཁུངས།

ཏཱ་ལེན་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་གསབ་སྤྲོད་ཀྱི་འབྱུང་ཁུངས་གཙོ་བོ་ནི་རླུང་ཁམས་ཆེན་པོའི་ཆར་ཆུ་ཡིན་པ་དང་། ཉར་ཚགས་ཀྱི་རྣམ་པ་གཙོ་བོ་ནི་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུ་ཡིན། སྤྱི་ལོ2016ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར17.49ཟིན་པ་དེ་ལོ་མང་གི་ཆ་སྙོམས་གྲངས་ཐང་ལས45.2%ཆག་ཡོད། དེའི་ནང་ས་ངོས་ཆུའི་ཐོན་ཁུངས་ཀྱི་འབོར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར17.30དང་། ས་འོག་ཆུའི་ཐོན་ཁུངས་ཀྱི་འབོར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར4.85ཟིན་ཡོད། ས་ངོས་ཆུའི་ཐོན་ཁུངས་ཀྱི་འབོར་ཚད་དང་ས་འོག་ཆུའི་ཐོན་ཁུངས་ཀྱི་འབོར་ཚད་དབར་ཆུ་སྤྱོད་ཚད་བསྐྱར་རྩིས་བརྒྱབ་པ་ལྟར་ན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར4.66ལ་ཟིན་ཡོད།

6_2 གཏེར་ཁའི་ཐོན་ཁུངས།

ཏཱ་ལེན་གྲོང་ཁྱེར་དུ་གཏེར་ཁའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད་པ་དང་། གསར་རྙེད་བྱུང་བའི་གཏེར་རིགས་ལ་ལྕགས་རིགས་མིན་པའི་གཏེར་རྫས་དང་། ལྕགས་རིགས་རྩ་ཆེ་རིགས་ཀྱི་གཏེར་རྫས། མདོག་ལྡན་ལྕགས་རིགས་ཀྱི་གཏེར་རྫས། ནུས་ཁུངས་ཀྱི་གཏེར་རྫས། ས་འོག་ཚ་ནུས་ཀྱི་གཏེར་རྫས་སོགས་རིགས56ཡོད། ཞིང་ཆེན་ཡོངས་ནས་ཤེས་རྟོགས་བྱུང་བའི་གཏེར་རྫས་རིགས110ཡི51%ཟིན་པ་དེའི་ནང་རྩད་ཆོད་པའི་གཏེར་རྫས་རིགས47དང་། གསར་སྤེལ་བེད་སྤྱོད་བྱས་ཟིན་པའི་གཏེར་རྫས་རིགས46ཡོད། གསར་རྙེད་བྱུང་བའི་གཏེར་རིགས་ནང་། ལྕགས་རིགས་མིན་པའི་གཏེར་ཁའི་ཐོན་ཁུངས་ཀྱིས་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་པ་དང་། གཏེར་ཁའི་ཐོན་ཁུངས་བསྡོམས་འབོར་གྱི་བརྒྱ་ཆ83.6ཟིན་ཡོད། ཏཱ་ལེན་ས་ཁུལ་གྱི་གཏེར་རྫས་ཐོན་ཁུངས་གཙོ་བོར་ལྕགས་དང་། ཟངས། ཞ་ཉེ། ཏི་ཚ། ཅིན། ལིན། རྡོ་རྗེ་རྡོ་དང་རྡོ་ཐལ་རྡོ་སོགས(བཞུ་རྫས་སུ་བཀོལ་བའི་ཐལ་རྡོ། ཨར་འདམ་དུ་བཀོལ་བའི་ཐལ་རྡོ། བུལ་བཟོ་རུ་སྤྱོད་པའི་ཐལ་རྡོ། )ཡོད་པ་དང་། དེ་ནས་འཛུགས་སྐྲུན་ལ་བཀོལ་བའི་ཐལ་རྡོའི་བྲག་རྡོ་དང་། འཛེང་རྡོའི་བྲག་རྡོ། ས་འོག་ཚ་ནུས་སོགས་ཀྱི་ཁྲོད་དུ། གསེར་དང་ལྕགས་རིགས་མང་བའི་གཏེར་རྫས་གཙོ་བོ་ཏཱ་ལེན་གྲོང་ཁྱེར་གྱི་བྱང་ཕྱོགས་ས་ཁུལ་དུ་ཁྱབ་ཡོད་པ་དང་། དེ་དག་ཚང་མ་གཏེར་རྡོ་ཆུང་གྲས་ཡིན། རྡོ་རྗེ་ཕ་ལམ་གྱི་གཏེར་རྫས་དེ་གཙོ་བོ་ཝ་ཧྥང་ཏེན་གྲོང་ཁྱེར་གྱི་དབུས་ཁུལ་དུ་ཁྱབ་ཡོད་པ་དང་། གསོག་ཚད་ཅུང་ཆེ་བ་དང་། རྒྱལ་ཡོངས་ཀྱི50%ཡན་ཟིན་ཡོད་ཅིང་། དེ་དག་ཚང་མ་གདོད་མའི་གཏེར་རྡོ་ཆེ་གྲས་ཡིན། རྡོ་ཐལ་རྡོའི་གཏེར་རྫས་གཙོ་བོ་ཏཱ་ལེན་གྲོང་ཁྱེར་གྱི་ནུབ་རྒྱུད་མཚོ་འགྲམ་ཁུལ་དུ་ཁྱབ་ཡོད། དེའི་ནང་ཞུ་རྫས་ནི་རྡོ་ཐལ་གཏེར་ཁའི་གཏེར་ཁ་ཆེ་གྲས་ཡིན་པ་དང་། ཨར་འདམ་གྱི་རྡོ་ཐལ་གཏེར་ཁའི་གཏེར་ཁ་ཆེ་བ་དང་། འབྲིང་བ། ཆུང་བ་བཅས་ཡིན། འཛུགས་སྐྲུན་ལ་སྤྱོད་པའི་འཛེང་རྡོའི་གཏེར་ཁ་ཚང་མ་གཏེར་ཁ་ཆེ་གྲས་ཡིན། ས་འོག་ཚ་ནུས་དེ་གཙོ་བོ་ཝ་ཧྥང་ཏན་གྲོང་ཁྱེར་གྱི་ལུང་མོན་ཐང་དང་ཕུའུ་ལན་ཏན་གྲོང་ཁྱེར་གྱི་ཨན་པོ་དང་ཐན་ཐང་ཁུལ་དུ་ཁྱབ་ཡོད།

7 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏ་ལེན་དུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི595.2ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི3184འཕར་ཡོད། ཐེམ་ཐོའི་མི་འབོར་ཁྲོད་ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི5.0ཡོད་པ་དང་སྐྱེས་ཚད8.43%ཟིན་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི4.8དང་ཤི་ཚད8.11%ཟིན་ཡོད། རང་ཤུགས་སུ་འཕར་ཚད་སྟོང་ཆའི0.32ཡིན། ཏཱ་ལེན་གྲོང་ཁྱེར་ནི་གྲངས་ཉུང་མི་རིགས་ཁ་འཐོར་དུ་སྡོད་པའི་ས་ཁུལ་ཡིན་པ་དང་། གྲངས་ཉུང་མི་རིགས55འདུས་སྡོད་བྱས་ཡོད། མན་ཇུ་རིགས་དང་སོག་རིགས། ཁྲའོ་ཞན་རིགས། ཧུའེ་རིགས། ཞི་པོ་རིགས་སོགས་ཡོད།

8 དཔལ་འབྱོར།

སྤྱི་ལོ2018ལོར་ཏཱ་ལེན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར7668.5ཟིན་པ་དེ་ལོ་གོང་མ་ལས6.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར442.7ཟིན་ནས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར3241.6ཟིན་ནས11.9%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར3984.2ཟིན་ནས2.9%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད5.7%བཟུང་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད42.3%ཟིན་པ། ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད52%ཟིན་པ་བཅས་རེད། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར109644ཟིན་པ་དེ་ལོ་གོང་མ་ལས6.4%འཕར་ཡོད།

སྤྱི་ལོ2018ལོར་ཏཱ་ལེན་གྲོང་ཁྱེར་གྱི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར704ཟིན་པ་དེ་ལོ་གོང་མ་ལས7.0%འཕར་བའི་ནང་ཁྲལ་འབབ་སྒོར་དུང་ཕྱུར538.7ཟིན་ནས4.5%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར1001.5ཡིན་པས་སྔ་ལོ་ལས་བརྒྱ་ཆའི8.9འཕར་ཡོད། དེའི་ནང་སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་འགན་སྲུང་སོགས་དམངས་འཚོའི་ཐད་ལ་སྤྱོད་པའི་གཏོང་སྒོ་སྒོར་དུང་ཕྱུར698.9ཟིན་པ་དེས་གཏོང་སྒོ་ཡོངས་ཀྱི་བརྒྱ་ཆའི69.8ཟིན་ཡོད།

9 སྤྱི་ཚོགས་ལས་དོན།
9_1 ཚན་རིག་ལག་རྩལ།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏཱ་ལན་གྲོང་ཁྱེར་ལ་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང5དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས4ཡོད་པ་དང་། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང114དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས112ཡོད། གྲོང་ཁྱེར་རིམ་པའི་གཙོ་གནད་ཚོད་ལྟ་ཁང95དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས97བཅས་ཡོད། ཚན་རྩལ་ཁེ་ལས་གསོ་སྐྱོང་འཕྲུལ་ཆས49ཡོད་པ་དང་། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད13784ཟིན་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད6103ཟིན་ཡོད་པ་དང་། མི་ཁྲི་རེར་ནུས་ལྡན་ངང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད16.27ཟིན་ཡོད། ཁེ་བེད་བདག་ཐོབ་སྤྲོད་དབང7768ཡོད་པའི་ནང་གསར་གཏོད་ཁེ་བེད་བདག་ཐོབ་སྤྲོད་དབང2604ཡོད་པ་རེད། ལག་རྩལ་གན་རྒྱའི་ཐོ་འགོད་དངུལ་འབོར་སྒོར་དུང་ཕྱུར124ཟིན་ནས་ལོ་གོང་མ་ལས་29%འཕར་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏཱ་ལན་གྲོང་ཁྱེར་ཡོངས་སུ་བརྟག་བཤེར་ཞིབ་དཔྱད་སྒྲིག་གཞི200ཡོད་པ་དང་སྤུས་ཚད་དོ་དམ་མ་ལག་གི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་ལག་ཁྱེར4351ཐོབ་ཡོད་པ་རེད། ཁྲིམས་གཏན་འཁེལ་བའི་ཚད་འཇལ་ལག་རྩལ་སྒྲིག་གཞི7ཡོད་པ་དང་ལོ་ཧྲིལ་པོར་བཙན་ཤེད་ཀྱིས་ཚད་འཇལ་ཡོ་བྱད་ཁྲི25.07ཡོད། ལོ་ཧྲིལ་པོར་ས་གནས་ཀྱི་ཚད་གཞི་ཁག11གཏན་འབེབས་དང་བཟོ་བཅོས་བྱས་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་ལེའོ་ཉིང་གི་གྲགས་ཅན་སྤུས་རྟགས་ཐོན་རྫས116དང་ཏཱ་ལེན་གྲགས་ཅན་ཐོན་རྫས261ཡོད་པ་རེད།

9_2 སློབ་གསོའི་བྱ་གཞག

སྤྱི་ལོ2017ལོའི་ལོ་མཇུག་བར་ཏཱ་ལན་གྲོང་ཁྱེར་དུ་མཐོ་རིམ་སློབ་གྲྭ་དཀྱུས་མ30ཡོད་པ་དང་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི28.5ལ་སླེབས་ཡོད། དར་མའི་མཐོ་རིམ་སློབ་གྲྭ7ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.2ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ79ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི6.8ཡོད། མཐོ་འབྲིང་དཀྱུས་མ75དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི9.1ཡོད། ལོ་དགུའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ713ཡོད་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི44.9ཡོད། བུ་བཅོལ་ཁང1326ཡོད་ལ་བུ་བཅོལ་ཁང་དུ་བྱིས་པ་ཁྲི16.9ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་སློབ་ཞུགས་གོང་གི་ལོ་གསུམ་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད98%དང་། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད99.8%དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད99.9%མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད99%བཅས་རེད།

9_3 རིག་གནས་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏཱ་ལན་གྲོང་ཁྱེར་དུ་སྤྱི་པའི་དཔེ་མཛོད་ཁང13དང་། རིག་གནས་སྒྱུ་རྩལ་ཁང13གཞུང་ཁོངས་རྟེན་རྫས་བཤམས་མཛོད་ཁང11དྲན་གསོ་ཁང2མཛེས་རྩལ་ཁང1གྲོང་ཁྱེར་ཐད་གཏོགས་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ4བཅས་ཡོད་པ་རེད། ལོ་ཧྲིལ་པོར་ཆེད་ལས་སྒྱུ་རྩལ་ཁང་གི་ཚོགས་པའི་འཁྲབ་སྟོན་ཐེངས1321བྱས་པ་དེའི་ནང་ཕྱི་རྒྱལ་གྱི་འཁྲབ་སྟོན་ཐེངས400བྱས་པ་རེད། ལོ་མཇུག་ཏུ་ཁྱོན་བསྡོམས་ཚགས་པར་རིགས4དང་། དུས་དེབ་རིགས54དཔེ་སྐྲུན་ཁང(སྒྲ་བརྙན་དཔེ་སྐྲུན་ཁང་ཚུད)6བཅས་ཡོད། ལོ་མཇུག་ཏུ་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི227ཡོད་པའི་ནང་སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི191.5ཡོད་པ་རེད། ལོ་ཧྲིལ་པོར་གློག་བརྙན་སྟོན་ཐེངས་ཁྲི70.4དང་། ལྟད་མོ་བ་མི་ཐེངས་ཁྲི1726ཟིན་ཡོད། གློག་བརྙན་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར5.31ཟིན་ཡོད།

9_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏཱ་ལན་གྲོང་ཁྱེར་དུ་འཕྲོད་བསྟེན་སྒྲིག་གཞི་སྣ་ཚོགས2944ཡོད་པའི་ནང་སྨན་ཁང153དང་། འཕྲོད་བསྟེན་ཁང85 སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)130བཅས་ཡོད་པ་རེད། དངོས་ཡོད་ཉལ་ཁྲི45916ཡོད། འཕྲོད་བསྟེན་ལས་སྒྲུབ་མི་སྣ63597ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ51842ཡོད། ཐེམ་ཐོ་སྟོང་རེའི་མི་འབོར་སྨན་བཅོས་སྒྲིག་གཞིའི་ནད་ཁྲི7.71དང་། ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ3.37ཐོ་འགོད་ནད་གཡོག་པ4བཅས་ཡོད་པ་རེད། ལོ་ཧྲིལ་པོར་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི3664.61ཟིན་ཡོད། སྨན་བཅོས་སྒྲིག་གཞིའི་ཆ་སྙོམས་ཉལ་ཁྲི་སྤྱོད་ཚད79.6%ཟིན་ཡོད། མི་རེའི་ཆ་སྙོམས་ཚེ་ཚད་ལོ80.89ཡིན། སྦྲུམ་མ་ཤི་ཚད7.87དང་། ཁྲི7.87/10ཡིན། ཕྲུ་གུ་དམར་འབྱར་ཤི་ཚད2.49ཡིན། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་ཞིང་པ་ཁྲི188.38ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི་ཁྲི8.45ཉུང་དུ་ཕྱིན་ཡོད་པ་རེད།

སྤྱི་ལོ2019ལོའི་ཟླ9པར་ཏཱ་ལེན་གྲོང་ཁྱེར་གྱིས་གད་སྙིགས་རིགས་དབྱེའི་ངང་འཕེན་གཏོང་བྱེད་སར་ལྟ་སྐུལ་མཛུབ་ཁྲིད་པ་བཀོད་སྒྲིག་བྱས་ཡོད།

9_5 ལུས་རྩལ་བྱ་གཞག

སྤྱི་ལོ2017ལོའི་ལོ་མཇུག་བར་ཏཱ་ལན་གྲོང་ཁྱེར་དུ་ལུས་རྩལ་ཐང6481ཡོད་པ་དང་། ལོ་ཧྲིལ་པོར་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཐེངས500ལྷག་ཙམ་སྤེལ་བ་དང་མི་ཐེངས་ཁྲི500ལྷག་ཙམ་ཞུགས་ཡོད་པ་རེད། ཏཱ་ལེན་ནས་ཡིན་པའི་ལུས་རྩལ་པ་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོའི་བྱ་དགའ་ཐོབ་མཁན4ཡོད་པ་དང་ལེའོ་ཉིང་ཞིང་ཆེན་གྱི་ལོ་འཁོར་འགྲན་བསྡུར་ནང་ཞུགས་ནས་གསེར་གྱི་རྟགས་མ275.5ཐོབ་ཡོད་པ་རེད། ལུས་རྩལ་རྒྱན་ཤོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར17.46ཟིན་པ་དེ་ལོ་གོང་མ་ལས2.9%འཕར་ཡོད།

9_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏཱ་ལེན་གྲོང་ཁྱེར་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ལས་ཐོག་ལས་བཟོ་ཁྲི205.4འགན་བཅོལ་ནང་ཞུགས་ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི་ཁྲི7.3འཕར་ཡོད་པ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི515ཟིན་ནས་མི་ཁྲི5མང་དུ་ཕྱིན་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི152.4ཟིན་ནས་མི་ཁྲི6.9མང་དུ་ཕྱིན་ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི263.2ཟིན་ནས་མི་ཁྲི0.5མང་དུ་ཕྱིན་ཡོད། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི165.7ཟིན་ནས་མི་ཁྲི5.6མང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི124.1ཟིན་ནས་མི་ཁྲི2.3ཉུང་དུ་ཕྱིན་ཡོད།

སྤྱི་ལོ2017ལོར་ཏ་ལེན་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་སྒོར་དུང་ཕྱུར218.9ཟིན་པ་དེ་ལོ་གོང་མ་ལས7.4%འཕར་ཡོད། སྡོད་ཁང་སྤྱི་གསོག་མ་དངུལ་སྒོར་དུང་ཕྱུར292བེད་སྤྱོད་བཏང་བའི་ནང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དུད་ཚང་ཁྲི3.3ལ་སྒོར་དུང་ཕྱུར116.7སྤྲད་ཡོད་པ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་མི་ཁྲི61.4ཡིས་སྒོར་དུང་ཕྱུར175.4བླངས་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏཱ་ལན་གྲོང་ཁྱེར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་ལྟེ་གནས320ཡོད་པ་དང་། རིགས་ཁག་གི་གསོ་ཉར་རང་བཞིན་གྱི་སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི300དང་། ཉར་གསོའི་ཞབས་ཞུའི་ཉལ་ཁྲི་ཁྲི4.5མཁོ་འདོན་བྱས་ཡོད། རིགས་ཁག་གི་མི་སྣ་ཁྲི2.6གསོ་ཉར་བྱས་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཁྲི3.33དང་གྲོང་གསེབ་ཀྱི་གྲོང་མི་ཁྲི4.41ལ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་ཡོད། ལོ་ཧྲིལ་པོར་གནས་སྐབས་རོགས་སྐྱོབ་དང་སྨན་བཅོས་རོགས་སྐྱོབ་སོགས་ཆེད་དོན་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར0.94བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི11.2འགན་ལེན་བྱས་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཕན་བདེའི་རྒྱན་ཤོག་སྒོར་དུང་ཕྱུར16.43ལྷག་ཕྱིར་བཙོང་ཡོད་པ་དང་། ཕན་བདེའི་སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར4.92གྲབས་གསོག་བྱས་ཡོད།

9_7 གྲོང་ཁྱེར་འཛུགས་བསྐྲུན།

སྤྱི་ལོ2019ལོའི་ཟླ10ཚེས31ཉིན་ཏཱ་ལེན་གྲོང་ཁྱེར་ཁག་དང་པོའི5Gཚོང་སྤྱོད་གྲོང་ཁྱེར་གྱི་མིང་ཐོར་བདམས་ཐོབ་བྱུང་ཡོད།

10 འགྲིམ་འགྲུལ་སྐྱེལ་འདྲེན།
10_1 ཕྱོགས་བསྡུས་གཞི་གྲངས།

སྤྱི་ལོ2017ལོར་ཏཱ་ལེན་གྲོང་ཁྱེར་གྱི་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་འགྲུལ་ཟོག་བརྗེ་བའི་འཁོར་རྒྱུག་བྱེད་ཚད་སྟོང་སྨི་དུང་ཕྱུར9096.5ཟིན་པ་དེ་ལོ་གོང་མ་ལས4.3%འཕར་ཡོད། དེའི་ནང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྟོང་སྨི་དུང་ཕྱུར9007.5ཟིན་ནས4.3%འཕར་བ་དང་། འགྲུལ་པ་འཁོར་རྒྱུག་བྱེད་ཚད་སྟོང་སྨི་དུང་ཕྱུར234.8ཟིན་ནས་5.9%འཕར་ཡོད།

སྤྱི་ལོ2017ལོར་ཏཱ་ལེན་གྲོང་ཁྱེར་གྱི་མཚོ་རྒྱུད་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར4.6ཟིན་པ་དེ་ལོ་གོང་མ་ལས4.3%འཕར་བ་དང་། དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་ཁྲི970.7ཟིན་ནས1.3%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ལ་དོས་སྒམ་གྲུ་གཟིངས་ཀྱི་གྲུ་ལམ108ཡོད་པ་དེའི་ནང་ཕྱི་ཕྱོགས་ཉོ་ཚོང་གི་གྲུ་ལམ86དང་། ནང་ཁུལ་གྱི་གྲུ་ལམ22ཡོད། ལོ་ཧྲིལ་པོར་མཁའ་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི1749.9ཟིན་ནས14.7%འཕར་ཡོད། དངོས་ཟོག་རྐྱང་པའི་སྦྲག་སྐྱེལ་བྱེད་ཚད་ཏུན་ཁྲི16.5ཟིན་ནས10.7%འཕར་ཡོད། ཏཱ་ལེན་ཀྲོའུ་ཧྲུའེ་ཙེ་རྒྱལ་སྤྱིའི་གནམ་ཐང་གིས་ལོ་ཧྲིལ་པོར་དུས་གཏན་གནམ་གྲུ་ཐེངས་ཁྲི14.1བཏང་བ་དང་། མཁའ་ལམ་བསྡོམས་འབོར210ཟིན་པའི་ནང་རྒྱལ་ནང་གི་མཁའ་ལམ174དང་། རྒྱལ་སྤྱི་དང་ས་ཁུལ་གྱི་མཁའ་ལམ36དང་། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར116དང་གནམ་གྲུ་ཤར་གཏོང་བྱེད་བཞིན་ཡོད།

10_2 མཁའ་ལམ།

ཏཱ་ལེན་ཀྲོའུ་ཧྲུའེ་ཙི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཏཱ་ལེན་ཅིན་ཀྲོའུ་ཝན་རྒྱལ་སྤྱིའི་གནམ་གྲུ་ཐང་།

10_3 ལྕགས་ལམ།
10_3_1 ལྕགས་ལམ་ལམ་ཐིག

ཧཱ་ཏཱ་མྱུར་བགྲོད་ལྕགས་ལམ། སྤྱི་ལོ2012ལོའི་ཟླ12ཚེས1ཉིན་དངོས་སུ་མེ་འཁོར་ཤར་གཏོང་ཐུབ་པ་དང་ཏཱ་ལེན་ནས་ ཧཱ་ཨེར་པིན་བར་ཆུ་ཚོད་གསུམ་དང་ཕྱེད་ཀ་ལས་འགོར་གྱི་མེད། ཧཱ་ཏཱ་མྱུར་བགྲོད་ལྕགས་ལམ་བྱང་དུ་ཧཱ་ཨེར་པིན་ནས་འགོ་བཙུགས་ཏེ་ལྷོ་ཏཱ་ལན་དུ་འབྱོར་བ་དང་ལམ་ཐིག་ཧྲིལ་པོར་རིང་ཚད་སྤྱི་ལེ904ཡོད། མ་དངུལ་སྒོར་དུང་ཕྱུར900ལྷག་ཙམ་བཏང་ནས་གློག་ཤུགས་ཅན་གྱི་ལྕགས་ལམ་སྤྱད་དེ་ཆུ་ཚོད་རེའི་མྱུར་ཚད་སྟོང་སྨི350ཡན་ཟིན་ཡོད། ཏཱ་ལེན་མངའ་ཁོངས་སུ་ཏཱ་ལེན་ས་ཚུགས་དང་། ཏཱ་ལེན་བྱང་ཚུགས། ཕུའུ་ཝན་ས་ཚུགས། ཝ་ཧྥང་ཏེན་ནུབ་ཚུགས་བཅས་བཙུགས་ཡོད།

ཧྲེན་ཏཱ་ལྕགས་ལམ་ནི་ཀྲུང་གོའི་མ་ལམ་ཆེན་པོ་དྲུག་གི་གྲས་ཤིག་ཡིན། ཏཱ་ལེན་ས་ཁོངས་སུ་བཙུགས་པའི་འབབ་ཚུགས་གཙོ་བོ་ནི་ཏཱ་ལེན་འབབ་ཚུགས(འབབ་ཚུགས་རིམ་པ་དང་པོ)དང་། ཏཱ་ལེན་འབབ་ཚུགས་བྱང་མ(འབབ་ཚུགས་རིམ་པ་དང་པོ)ཅིན་ཀྲོའུ་འབབ་ཚུགས(འབབ་ཚུགས་རིམ་པ་དང་པོ)ཕུའུ་ལན་ཏེན་འབབ་ཚུགས(འབབ་ཚུགས་རིམ་པ་གསུམ་པ)ཝ་ཧྥང་ཏེན་འབབ་ཚུགས(འབབ་ཚུགས་རིམ་པ་གཉིས་པ)སོགས་ཡོད།

ཏན་ཏཱ་མྱུར་བགྲོད་ལྕགས་ནི་ཏན་ཏུང་དང་ཏཱ་ལེན་ས་ཁུལ་གཉིས་སྦྲེལ་མཐུད་བྱེད་པའི་འགྲུལ་སྐྱེལ་གཙོ་བོར་བྱེད་པ་དང་ཞོར་དུ་ཚོང་ཟོག་སྐྱེལ་འདྲེན་བྱེད་པའི་མྱུར་བགྲོད་ལྕགས་ལམ་ཞིག་ཡིན། སྤྱི་ལོ2010ལོའི་ཟླ3ཚེས17ཉིན་དངོས་སུ་ལས་འགོ་ཚུགས་པ་དང་སྤྱི་ལོ2015ལོའི་ཟླ12ཚེས17ཉིན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས། སྤྱིའི་རིང་ཚད་སྟོང་སྨི293ཡོད་པ་དང་། ཆུ་ཚོད་རེའི་མྱུར་ཚད་མཐོ་ཤོས་སྟོང་སྨི200ཡིན། ཏཱ་ལེན་མངའ་ཁོངས་སུ་ཏཱ་ལེན་བྱང་ཚུགས་དང་། ཅིན་ཀྲོའུ་ས་ཚུགས། ཕི་ཁོའུ་ས་ཚུགས། ཀྲོང་ཧོ་པེ་ས་ཚུགས་སོགས་བཙུགས་ཡོད།

10_3_2 ལྕགས་ལམ་ས་ཚུགས།

ཏཱ་ལེན་ས་ཚིགས་ནི་ཀྲུང་ཧྲན་རི་ཁུལ་འབྲི་ཆུའི་ལམ་གྱི་ཨང260པར་གནས་པ་དང་། ཧྲེན་ཏཱ་ལྕགས་ལམ་གྱི་མཐའ་སྣེ་ཡིན། དེ་ནི་མཚོ་ཐོག་དང་། སྐམ་ས། མཁའ་ཐོག་བཅས་ཀྱི་སྐྱེལ་འདྲེན་འབྲེལ་མཐུད་བྱེད་པའི་ལྟེ་བ་ཡིན།

ཏཱ་ལེན་བྱང་ཚུགས་ནི་ཀན་ཅིང་ཙི་ཆུས་ནན་ཀོན་ལིང་ཁྲོམ་གཞུང་དུ་གནས་པ་དང་། ཧཱ་ཏཱ་མྱུར་བགྲོད་ལྕགས་ལམ་དང་ཏན་ཏཱ་འགྲུལ་སྐྱེལ་ཆེད་ལམ་དུ་གསར་དུ་བསྐྲུན་པའི་འགྲུལ་སྐྱེལ་འབབ་ཚུགས་ཤིག་ཡིན།

ཅིན་ཀྲོའུ་འབབ་ཚུགས་ནི་ཅིན་ཀྲོའུ་ཆུས་ཤང་དབྱིང་ཁྲོམ་ལམ་དུ་གནས་པ་དང་། ཧྲེན་ཏཱ་ལྕགས་ལམ་དང་ཏན་ཏཱ་མྱུར་བགྲོད་ལྕགས་ལམ་ཐོག་ཅིན་ཁྲེང་ལྕགས་ལམ་དང་ཅིན་ཡའོ་ལྕགས་ལམ་གཉིས་དེ་གར་བསྣོལ་ཡོད།

ཕུའུ་ཝན་ས་ཚུགས་ནི་ཅིན་ཀྲོའུ་ཆུས་ཧྲི་ཧོ་ཁྲོམ་གཞུང་ཧོང་ཆི་ཐུན་དང་ནན་ལུའོ་ཅ་ཐུན་བར་དུ་གནས་ཡོད།

ཕུའུ་ལན་ཏན་ས་ཚུགས་ནི་ཕུའུ་ལན་ཏན་ཆུས་འབབ་ཚུགས་མདུན་གྱི་ཁྲོམ་གཞུང་དུ་གནས་པ་དང་ཧྲེན་ཏཱ་ལམ་ནས་ཏཱ་ལེན་འབབ་ཚུགས་བར་སྤྱི་ལེ78ཡོད་པ་དང་། ཧྲེན་དབྱང་བྱང་རྒྱུད་འབབ་ཚུགས་བར་སྤྱི་ལེ322ཡོད།

ཝ་ཧྥང་ཏན་ས་ཚུགས་ནི་ཝ་ཧྥང་ཏན་གྲོང་ཁྱེར་བཅིངས་འགྲོལ་ཁྲོམ་གཞུང་དུ་གནས་པ་དང་ཧྲེན་ཏཱ་ལྕགས་ལམ་དང་དེའི་ཡན་ལག་ལམ་ཐིག་ཝ་ཁྲང་ལྕགས་ལམ(ཝ་ཧྥང་ཏན་ནས་ཁྲང་ཤིན་ཏའོ་བར)དང་འབྲེལ་ཡོད།

ཝ་ཧྥང་ཏན་ནུབ་ཚུགས། ཝ་ཧྥང་ཏན་གྲོང་ཁྱེར་དང་སྟག་ཐོན་གྲོང་རྡལ་ཤར་ངོས་སུ་གནས་པའི་སྟག་ཆེན་གྲོང་ཚོར་གནས་ཡོད།

ཀྲོང་ཧོ་པེའི་འབབ་ཚུགས་ནི་ཀྲོང་ཧོ་གྲོང་ཁྱེར་ཤིན་ཧྭ་ཁྲོམ་གཞུང་དུ་གནས་པ་དང་ཏན་ཏཱ་མྱུར་བགྲོད་ལྕགས་ལམ་ཐོག་གི་ས་ཚིགས་གལ་ཆེན་ཞིག་ཡིན།

10_4 མཚོ་ཐོག་སྐྱེལ་འདྲེན།

ཏཱ་ལེན་གྲུ་ཁའི་ཆུ་ཁོངས་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ346དང་། སྐམ་ཁོངས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ15ཡོད། ཁྲལ་སྲུང་གྲུ་ཁའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ6.88དང་། དོས་སྒམ་འདོན་འཇུག་བྱེད་ནུས་ཚད་ལྡན་སྒམ་ཁྲི1600དང་། གྲུ་ཁའི་སྤྱིའི་རིང་ཚད་སྟོང་སྨི160ལྷག་བཅས་ཡོད། ཏཱ་ལེན་གྲུ་ཁ་ནི་ལིའོ་ཏུང་ཕྱེད་གླིང་གི་ལྷོ་རྒྱུད་དང་ཨེ་ཤེ་ཡ་བྱང་ཤར་གྱི་དཔལ་འབྱོར་ཁུལ་གྱི་ལྟེ་བར་གནས་ཡོད། ལྟེ་བའི་གྲུ་ཁའི་ཁུལ་གྱི་སྐམ་སའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ18ཙམ་ཡོད་པ་དེ་དག་གཙོ་བོ་ཏཱ་ལེན་ལའོ་ཀང་དང་། ཧེ་ཙུའེ་ཙི། ཀན་ཅིང་ཙི། ཏ་ལེན་ཝན། ཁྲུའུ་ཡུས་ཝན། ཏ་ཡའོ་ཝན་སོགས་གྲུ་ཁའི་ཁུལ་དུ་ཁྱབ་ཡོད།

10_5 གཞུང་ལམ།

ཧྲེན་ཏཱ་མྱུར་བགྲོད་གཞུང་ལམ(རྗེས་སུ་ཧྲེན་ཧའེ་མྱུར་བགྲོད་གཞུང་ལམ་ལེའོ་ཉིང་དུམ་བུར་ཞེས་བསྒྱུར་ཡོད)ལིའོ་ཏུང་ཕྱེད་གླིང་དུ་ཁྱབ་ཡོད་པ་དང་། ཧྲེན་དབྱང་དང་། ལེའོ་དབྱང་། ཨན་ཧྲན། ཡིང་ཁོའུ། ཏཱ་ལེན་བཅས་གྲོང་ཁྱེར་ཆེ་གྲས་ལྔ་དང་དམ་པོར་འབྲེལ་ཡོད།

ཏན་ཏཱ་མྱུར་བགྲོད་གཞུང་ལམ་ཀྲོང་ཧོ་བརྒྱུད་དེ་ཏན་ཏུང་ལ་ཤར་གཏོང་ཐུབ་པ་དང་། བྱང་ཤར་འགྲམ་རྒྱུད་ཀྱི་བགྲོད་ལམ་ཆེན་པོ“ཧོ་ཏཱ་ལམ་ཐིག”(རྒྱལ་ལམ201ནས་ཧོ་ཀང་བར)དང་གཞུང་བཅད་བགྲོད་ལམ་ཆེན་པོ“ལམ་ཐིག་ནག་པོ”(རྒྱལ་ལམ202ནས་གཙང་པོ་ནག་པོ)ཚང་མ་ཏཱ་ལེན་(ལུའི་ཧྲུན)ནས་འགོ་ཚུགས་ཡོད། ཏཱ་ལེན་གྲོང་ཁྱེར་ཁུལ་དུ་ཐག་རིང་རླངས་འཁོར་ས་ཚུགས་གཙོ་བོ་ལྔ་ཡོད།

10_6 ས་འོག་ལྕགས་ལམ།

ཏཱ་ལེན་ས་འོག་ལྕགས་ལམ་གཉེར་སྐྱོང་ལམ་ཐིག་ཁྱོན4ཡོད་པའི་ནང་ཏཱ་ལེན་ས་འོག་ལྕགས་ལམ་ལམ་ཐིག་དང་པོ་དང་གཉིས་པར་ས་འོག་ལྕགས་ལམ་མ་ལག་སྤྱད་ཡོད་པ་དང་། ཏཱ་ལེན་ས་འོག་ལྕགས་ལམ་ལམ་ཐིག3དང12ལ་ཡང་བའི་ལྕགས་ལམ་མ་ལག་སྤྱད་ཡོད། གཉེར་སྐྱོང་ལམ་ཚད་ཁྱོན་སྟོང་སྨི153.66ཟིན་ཡོད་པ་དང་། ཁྱོན་ཡོངས་སུ་མེ་འཁོར་འབབ་ཚུགས68བཙུགས་ཡོད། སྐྲུན་བཞིན་པའི་ལམ་ཐིག2ནི་ཏཱ་ལེན་ས་འོག་ལྕགས་ལམ་གྱི་ལམ་ཐིག5དང13ཡིན་པ་དང་ཁྱོན་ཡོངས་ལ་སྟོང་སྨི43.29ཡོད།

11 མཛེས་ལྗོངས་གྲགས་ཅན།

ཏཱ་ལེན་ལའོ་ཧུའུ་ཐན་རྒྱ་མཚོའི་སྤྱི་གླིང་དང་། ཅིན་ཧྲི་ཐན་རྒྱལ་ཁབ་ཡུལ་སྐོར་སྤྲོ་གསེང་ཁུལ། ཏཱ་ལེན་ནགས་ཚལ་སྲོག་ཆགས་གླིང་ག ཏཱ་ལེན་ཧྲེང་ཡཱ་རྒྱ་མཚོའི་འཇིག་རྟེན། ཏཱ་ལེན་དེང་རབས་དངོས་མང་བཤམས་སྟོན་ཁང་སོགས་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་མང་པོ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-02-20

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།