ཧོ་ནན་ཞིང་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ནན་ཞིང་ཆེན།
ཧོ་ནན་ཞིང་ཆེན་གྱི་བསྡུས་མིང་ལ“ཡུས”ཞེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཡིན། ཞིང་ཆེན་གྱི་ལྟེ་གནས་ཀྲེན་ཀྲོའུ་ནི་ཀྲུང་གོའི་དབུས་རྒྱུད་དུ་གནས་ཤིང་། ཧོ་ནན་གྱི་ས་མཚམས་ནི་འཕྲེད་ཐིག་བྱང་མའི31°23'-36°22'དང་། ཤར་ཕྱོགས་ཀྱི་གཞུང་ཐིག110°21'-116°39'བར་ཡིན་ལ། ཤར་ངོས་སུ་ཨན་ཧུའེ་དང་ཧྲན་ཏུང་། བྱང་མཚམས་སུ་ཧོ་པེ་དང་ཧྲན་ཞི། ནུབ་ཕྱོགས་སུ་ཧྲའན་ཞི། ལྷོ་ངོས་སུ་ཧུའུ་པེ་བཅས་དང་འབྲེལ་ཡོད། ཧོ་ནན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ16.7ཡོད། ཧོ་ནན་ཞིང་ཆེན་གྱི་ས་བབ་ནི་བྱང་ནས་ལྷོར་ཕྱོགས་པ་དང་། ཤར་ནས་ནུབ་ཏུ་སྤེལ་བ། ས་བབ་ནུབ་མཐོ་ལ་ཤར་དམའ་བ། བདེ་ཐང་དང་གཞོང་ས། རི་ཁུལ། རི་མ་ཐང་། ཆུ་ངོས་བཅས་ལས་གྲུབ་ཡོད་ལ། ཚོ་ཆུ་དང་། རྨ་ཆུ། ཧོའེ་ཧོ་ཆུ་བོ། འབྲི་ཆུ་བཅས་ཆུ་བོ་ཆེན་པོ་བཞི་བརྒལ་ཡོད། ཧོ་ནན་ཞིང་ཆེན་མང་ཆེ་བ་དྲོད་ཁུལ་དུ་གནས་པ་དང་། ལྷོ་རྒྱུད་ཚ་ཁུལ་ཕལ་བའི་ཁོངས་སུ་གཏོགས་ཤིང་། ཚ་ཁུལ་བྱང་མ་ནས་དྲོད་ཁུལ་དུ་བར་བརྒལ་བྱེད་པའི་སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་ནམ་ཟླ་ཡིན། ཧོ་ནན་ནི་མཚོ་རྒྱུད་སྒོ་འབྱེད་ས་ཁུལ་དང་དབུས་ནུབ་རྒྱུད་ས་ཁུལ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཀྲུང་གོའི་དཔལ་འབྱོར་ཤར་ནས་ནུབ་ཏུ་སྐས་རིམ་བཞིན་འཕེལ་རྒྱས་གཏོང་བའི་ས་རྒྱུད་བར་མ་ཡིན། སྤྱི་ལོ2019ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཁོངས་སུ་ཞིང་ཆེན་ཐད་གཏོགས་གྲོང་ཁྱེར17དང་། ཞིང་ཆེན་ཐད་སྐྱོང་གྲོང་ཁྱེར1 རྫོང་རིམ་པའི་གྲོང་ཁྱེར21 རྫོང85 གྲོང་ཁྱེར་ཁོངས་གཏོགས་ཆུས53བཅས་ཡོད། ཧོ་ནན་ལ“ཅིའུ་ཀྲོའུ་དབུས་ཁུལ་དང་ཞིང་ཆེན་བཅུ་ལ་ཤར་གཏོང་བྱེད”ཅེས་བརྗོད་སྲོལ་ཡོད་པ་དང་དེ་ནི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་དང་མི་འགྲུལ་ཟོག་འགྲེམས་གྱི་ཆ་འཕྲིན་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱི་ལོ2018ལོར་ཧོ་ནན་ཞིང་ཆེན་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར48055.86ཟིན་པ་དེ་དུས་མཚུངས་ལས7.6%འཕར་བ་དང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར4289.38ཟིན་པ་དེ་དུས་མཚུངས་ལས3.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར22034.83ཟིན་པ་དེ་དུས་མཚུངས་ལས7.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར21731.65ཟིན་པ་དེ་དུས་མཚུངས་ལས9.2%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河南省
ཁོངས་གཏོགས་ས་ཁུལ།
ཞིང་ཆེན་ཐད་སྐྱོང་གྲོང་ཁྱེར17དང་། རྫོང་རིམ་པའི་གྲོང་ཁྱེར21ཡོད།
སྲིད་གཞུང་གནས་ཡུལ།
ཀྲེང་ཀྲོའུ་གྲོང་ཁྱེར་གྱི་གསེར་ཆུའི་ཤར་ལམ་ཨང22པ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི་ཚོ16.7ཡོད།
མི་གྲངས།
མི་ཁྲི9605(2018ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླའི་ཆ་རྐྱེན།
དྲོ་རྒྱུད་དུས་རླུང་གི་གནམ་གཤིས་དང་ཚ་ཁུལ་ཕལ་པའི་དུས་རླུང་གི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ཧྲའོ་ལིན་དགོན་པ། ལུང་མོན་བྲག་ཕུག དབྱིན་ཤུལ། གནམ་སའི་དབུས་ཁུལ། སུང་ཧྲན་རི་བོ། ཧོང་ཏིའི་ཕ་ཡུལ། པད་མ་དགོན་བཅས་ཡོད།
གནམ་གྲུ་འབབ་ཐང་།
ཀྲེང་ཀྲོའུ་ཤིན་ཀྲེང་རྒྱལ་སྤྱིའི་གནམ་ཐང་དང་། ལུའོ་དབྱང་བྱང་འདབས་གནམ་ཐང་། ནན་དབྱང་ཅང་ཡིང་གནམ་ཐང་སོགས།
མེ་འཁོར་འབབ་ཚུགས།
ཀྲེང་ཀྲོའུ་ས་ཚུགས་དང་། ཀྲེང་ཀྲོའུ་ཤར་ཚུགས། ཧྲང་ཆིའུ་ས་ཚུགས། ལུའོ་དབྱང་ས་ཚུགས། ཁའེ་ཧྥེང་ས་ཚུགས། ཨན་དབྱང་ས་ཚུགས། ནན་དབྱང་ས་ཚུགས་སོགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར48055.86ཟིན་པ།
མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར50152
ཞིང་ཆེན་ལྟེ་གནས།
ཀྲེང་ཀྲོའུ།
ཕྱི་ཡིག་གི་མིང་།
Henan
དཀར་ཆག
1   ས་མིང་གི་འབྱུང་ཁུངས།
2   འཛུགས་སྐྲུན་གྱི་འཕེལ་རིམ།
3   སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
4   ས་ཁམས་ཁོར་ཡུག
4.1 གནས་སའི་ཡུལ་ཁོངས།
4.2 ས་དབྱིབས།
4.3  ནམ་ཟླའི་ཁྱད་ཆོས།
4.4 ཆུ་དཔྱད་གནས་ཚུལ་མདོར་བསྡུས།
5   རང་བྱུང་ཐོན་ཁུངས།
5.1 ཆུའི་ཐོན་ཁུངས།
5.2 རྩི་ཤིང་ཐོན་ཁུངས།
5.3 སྲོག་ཆགས་ཐོན་ཁུངས།
5.4 ནགས་ལས་ཐོན་ཁུངས།
5.5 གཏེར་རྫས་ཐོན་ཁུངས།
6   མི་གྲངས།
7   མི་རིགས་གྲུབ་ཚུལ།
8   དཔལ་འབྱོར།
8.1 ཐོན་ལས་དང་པོ།
8.2 ཐོན་ལས་གཉིས་པ།
9   སྤྱི་ཚོགས་ལས་དོན།
9.1 ཚན་རྩལ་བྱ་གཞག
9.2 སློབ་གསོའི་བྱ་གཞག  
9.3 ལུས་རྩལ་བྱ་གཞག   
9.4 ངལ་རྩོལ་ལས་ཞུགས་སྐོར།     
9.5 སྤྱི་ཚོགས་འགན་སྲུང་།    
10    འགྲིམ་འགྲུལ།
10.1 གཞུང་ལམ།
10.2 ལྕགས་ལམ།
10.3 འཁོར་ལམ་འགྲིམ་འགྲུལ།
10.4 མཁའ་སྐྱོད།
10.5 ཆུ་ཐོག་སྐྱེལ་འདྲེན།
10.6 སྐྱེལ་འདྲེན།
11   ལོ་རྒྱུས་རིག་གནས།
11.1 གནའ་བོའི་རྒྱལ་ས།
11.2 ཀྲུང་ཡོན་རིག་གནས།
11.3 འབྲུག་གི་རིག་གནས།
11.4 རྒྱ་ཡིག་རིག་གནས།
11.5 རུས་མིང་རིག་གནས།
11.6 རྨོ་ཞིང་རིག་གནས།
11.7 ཚོང་ལས་རིག་གནས།
11.8 བསམ་བློ་རིག་གནས།
11.9 ཚན་རྩལ་རིག་གནས།
11.10 ཀྲུང་ལུགས་གསོ་རིག
11.11 སྙན་ངག་རིག་གནས།
11.12 དྲག་རྩལ་རིག་གནས།
1 ས་མིང་གི་འབྱུང་ཁུངས།

ཧོ་ནན་ཞིང་ཆེན་ནི་ལོ་རྒྱུས་སྟེང་མང་ཆེ་བ་རྨ་ཆུའི་ལྷོ་ཕྱོགས་སུ་ཡོད་པས་མིང་ལ་ཧོ་ནན་ཟེར། གནའ་སྔ་མོའི་དུས་སྐབས་སུ། རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་གྱི་ཆུ་བོ་འཕྲེད་གཞུང་དུ་འབབ་པ་དང་། ནགས་ཚལ་སྟུག་པོ་ཡོད་པ། རི་སྐྱེས་གླང་ཆེན་མང་བ། ཧོ་ནན་ནི་མིས་གླང་ཆེན་འཁྲིད་པའི་ས་ཡིན་པར་བརྗོད་པ་ནི་འདྲ་གཟུགས་ཡི་གེ“ཡུས”གྱི་འབྱུང་རྩ་ཡིན་ལ། ཧོ་ནན་གྱི་བསྡུས་མིང་ལ“ཡུས”ཞེས་པའི་འབྱུང་ཁུངས་ཀྱང་ཡིན།

2 འཛུགས་སྐྲུན་གྱི་འཕེལ་རིམ།


ཧོ་ནན་ནི་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་གནས་པ་དང་། ཀྲུང་གོའི་གནའ་རབས་ཤེས་དཔལ་འབྱུང་གནས་ཀྱི་གྲས་ཤིག་ཡིན་ཞིང་། ལོ་ཁྲི50ཡི་གོང་ནས་བཟུང་མིའི་རིགས་འཚོ་གནས་དང་སྐྱེ་འཕེལ་བྱེད་ཀྱིན་ཡོད། ལོ་ངོ་བརྒྱད་སྟོང་གི་སྔོན་གྱི་ཕེ་ལི་ཀང་རིག་གནས་དུས་སྐབས་སུ་ཞིང་ལས་དང་། ཕྱུགས་ལས། རྫ་ཆས་བཟོ་བ་སོགས་ལག་ཤེས་བཟོ་ལས་བྱུང་བ་དང་། ལོ་ངོ4000ལྷག་གི་སྔོན་གྱི་ལུང་ཧྲན་རིག་གནས་ཀྱི་དུས་མཇུག་ཏུ་སླེབས་སྐབས། ཀྲུང་ཡོན་དུ་རྡོ་དང་ཟངས་ཆས་མཉམ་དུ་སྤྱོད་པའི་དུས་རབས་སུ་སླེབས་པ་དང་། སྒེར་ལ་དབང་བའི་ལམ་ལུགས་དང་གྲལ་རིམ་གྱི་མྱུ་གུ་འབུས་པ་རེད།

ཞ་རྒྱལ་རབས་ཀྱི་དུས་སྐབས་སུ། ཞ་རྒྱལ་རབས་ནི་ཀྲུང་ཡོན་ས་ཁུལ་དུ་བཙུགས་པ་རེད།

ཧྲང་རྒྱལ་རབས་ཀྱི་དུས་སྐབས་སུ། སྔ་རྗེས་སུ་རྒྱལ་པོ་ཚང་དང་། ཞི་ཝན། ཀུ་ཤུ། ཞང་། དབྱིན་ཇོ། ཁྲའོ་ཞན་སོགས་ཀྱི་ཡུལ་དུ་རྒྱལ་ས་གཏན་འཁེལ་བྱས།

ཀྲོའུ་ནུབ་མ། ཀྲོའུ་ཁྲེང་ཝང་གིས་རྒྱལ་ས་བཙུགས་ནས་ཀྲོའུ་ལུའོ་དབྱི་རུ་གྱུར།

ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་སུང་གོ་དང་། ཁྲེན་གོ  ཝེ་གོ། ཀོན་གོ། ཀྲེང་གོ། ཞུས་གོ། ཡིང་གོ། ཚའེ་གོ། ཝེ་གོ། ཧན་གོ་སོགས་རྒྱལ་ཕྲན་རྒྱལ་ཁབ་ཀྱི་རྒྱལ་ས་ཧོ་ནན་གྱི་མངའ་ཁོངས་སུ་ཡོད།

ཏུང་ཧན་ནི་ལིའུ་ཞིའུ་ཏིན་གྱི་རྒྱལ་ས་ལུའོ་དབྱང་ཡིན།

ཧན་རྒྱལ་རབས་ཤར་མའི་དུས་མཇུག་ཏུ་རྒྱལ་ས་ཞུས་ཁྲང་དུ་སྤོས།

ཚའོ་ཝེ་ནི་ཚའོ་ཚའོ་ཏིན་ཏུའུ་ལུའོ་དབྱང་ཡིན་ཞིང་། དུས་མཇུག་ཏུ་རྒྱལ་ས་ཞུས་ཁྲང་དུ་སྤོས།

ཝེ་བྱང་མ་གཅིག་གྱུར་བྱས་རྗེས། ཞའོ་ཝུན་ཏི་རྒྱལ་ས་ལུའོ་དབྱང་དུ་སྤོས།

ཀྲའོ་རྗེས་མ་དང་། རན་ཝེ། ཆན་ཡན། ཝེ་ཤར་མ། ཆི་བྱང་མ་བཅས་རྒྱལ་ས་ཨན་དབྱང་དུ་གཏན་འཁེལ་བྱས།

སུའེ་རྒྱལ་རབས་ཀྱི་སྐབས་སུ་ལུའོ་དབྱང་ཤར་གྱི་རྒྱལ་ས་བྱས་ཏེ་ཧོ་ནན་དུ་ཧོ་ནན་ཅུན་དང་། ཡུས་དབྱང་ཅུན། ཁྲེན་ལིའུ་ཅུན། ལིའང་ཅུན་སོགས་ཅུན་བཙུགས་པ་རེད།

ཐང་རྒྱལ་རབས་ཀྱི་སྐབས་སུ་ལུའོ་དབྱང་ཤར་གྱི་རྒྱལ་ས་ཡིན་པ་དང་། དེའི་རིང་ལ་རྒྱལ་ས་ལུའོ་དབྱང་དུ་ཐེངས་མང་སྤོས་པ་དང་། ཧོ་ནན་གྱི་མངའ་ཁོངས་སུ་ཏུའུ་ཏའོ་དང་ཧོ་ནན་ཏའོ་བཙུགས་ཡོད།

ཝུའུ་ཀྲོའུ་ནི་ཝུའུ་ཙེ་ཐེན་གྱི་རྒྱལ་ས་ལུའོ་དབྱང་དང་། ལུའོ་དབྱང་གྲོང་ཁྱེར་དུ་བསྒྱུར།

རྒྱལ་རབས་ལྔའི་རྗེས་ཀྱི་ལིའང་དང་། ཐང་ཕྱི་མ། ཅིང་ཕྱི་མ། ཧན་ཕྱི་མ། ཀྲོའུ་ཕྱི་མ་བཅས་ཚང་མ་ཁའེ་ཧྥེང་དང་ལུའོ་དབྱང་དུ་གཏན་འཁེལ་བྱས།

སུང་རྒྱལ་རབས་བྱང་མའི་ཏིན་ཏུའུ་ཁའེ་ཧྥེང་གིས་ཁའེ་ཧྥེང་ཧྥུ(དེང་གི་ཁའེ་ཧྥེང)ཡིས་ཏུང་ཅིན་དང་། ཧོ་ནན་ཧྥུ(དེང་གི་ལུའོ་དབྱང)ཡིས་ཞི་ཅིན་། ཡིང་ཐེན་ཧྥུ(དེང་གི་ཧྲང་ཆིའུ)ཡིས་ནན་ཅིན་བཅས་བྱས།

སུང་རྒྱལ་རབས་ལྷོ་མའི་སྐབས་སུ་ཀྲའོ་ཀུའུ་ཏིན་ཏུའུ་ནན་ཅིན་གྱི་ཡིང་ཐེན་ཧྥུ་(དེང་གི་ཧྲང་ཆིའུ་)ཡིས་སུང་རྒྱལ་རབས་ཀྱི་གོང་མའི་གོ་གནས་རྒྱུད་འཛིན་བྱས་ཤིང་། སུང་རྒྱལ་རབས་ཀྱི་གོང་མ་ཚང་དང་ཧྥ་ཐུང་རྒྱུན་མཐུད་པའི་ཆེད་དུ། རྒྱལ་མིང་ལ་སྔར་བཞིན་སུང་རྒྱལ་རབས་ཟེར། ལོ་རྒྱུས་སུ་སུང་རྒྱལ་རབས་ལྷོ་མ་ཟེར།

སྤྱི་ལོ1214ལོར་རྒྱལ་ས་ཁའེ་ཧྥེང་དུ་སྤོས། སུང་། ཅིན་གྱིས་ཧོའེ་ཧོ་ཆུ་བོ་དེད་ནས་བཅོས་སྐྱོང་བྱས་རྗེས། ཧོ་ནན་ཞིང་ཆེན་གྱི་ཧོའེ་ཧོ་ཆུ་བོའི་ལྷོ་རྒྱུད་ས་ཁུལ་ནི་སུང་རྒྱལ་རབས་ལྷོ་མའི་ཁོངས་སུ་གཏོགས་པ་རེད།

ཡོན་རྒྱལ་རབས་ཀྱིས་ཧོ་ནན་གྱི་མངའ་ཁོངས་སུ་ཧོ་ནན་གྱི་འབྲི་ཆུའི་བྱང་རྒྱུད་ཀྱི་ཞིང་ཆེན་བཙུགས་པ་དང་། ཁའེ་ཧྥེང་ཞིང་ཆེན་གྱི་ལྟེ་གནས་སུ་བསྒྱུར།

མིང་རྒྱལ་རབས་ཀྱི་དུས་སུ་ཧོ་ནན་ཞིང་ཆེན་གྱི་མངའ་འོག་ཏུ་སྲིད་གཞུང8དང་ཐད་གཏོགས་ཁུལ1ཡོད།

ཆིང་རྒྱལ་རབས་ཀྱིས་གཞི་རྩའི་ཐོག་མིང་རྒྱལ་རབས་ཀྱི་ས་ཁོངས་དབྱེ་ཡོད།

ཀྲུང་ཧྭ་མིན་གོའི་དུས་སྐབས་སུ་ལུའོ་དབྱང་ནི་ཝུའུ་ཕེ་ཧྥུ་ཡི་རྟེན་གཞི་ཡིན།

སྤྱི་ལོ1926ལོར(མིན་གོ་སྲིད་ལོ་བཅོ་ལྔ་པར)ཧྥེང་ཡུས་ཞང་བྱང་འདུལ་དམག་འཁྲུག་ནང་ཞུགས་པ་དང་ཧོ་ནན་དུ་བཅའ་སྡོད་བྱས།

སྤྱི་ལོ1928ལོར(མིན་གོ་སྲིད་ལོ་བཅུ་བདུན་པར)ཀྲང་གོ་ཐའོ་དང་ཞུས་ཞང་ཆན་སོགས་ཀྱིས་རི་ཁུལ་ཆེན་པོར་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ་བཅས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་གསར་དུ་བཏོད་པ་དང་། ཞིན་དབྱང་རྫོང་ནི་གནས་གཞིའི་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཡིན།

སྤྱི་ལོ1930ལོར(མིན་གོ་སྲིད་ལོ་བཅུ་དགུ་པར)ཟླ5པར་ཧོ་ནན་ཞིང་ཆེན་ཚོགས་པའི་སྡོད་གནས་ཁའེ་ཧྥེང་གྲོང་ཁྱེར་ནས་ཧྲང་ཆིའུ་གྲོང་ཁྱེར་དུ་སྤོས། ལོ་དེའི་ཟླ10པའི་ཚེས6ཉིན། ཧོ་ནན་ཞིང་ཆེན་ཚོགས་པའི་སྡོད་གནས་ཧྲང་ཆིའུ་གྲོང་ཁྱེར་ནས་ཁའེ་ཧྥེང་གྲོང་ཁྱེར་དུ་སྤོས།

སྤྱི་ལོ1932ལོར(མིན་གོ་སྲིད་ལོ་ཉེར་གཅིག་པར) བཅུ་གཉིས་པའི་ཚེས་བརྒྱད་ཀྱི་དུས་འགྱུར་བྱུང་རྗེས་ཀྲུང་ཧྭ་མིན་གོའི་རྒྱལ་ས་ལུའོ་དབྱང་དུ་སྤོས།

སྤྱི་ལོ1939ལོར(མིན་གོ་སྲིད་ལོ་ཉེར་བརྒྱད་པར) ཕེང་ཞུའེ་ཧྥེང་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་པ་རྣམས་ཀྱིས་ཧོ་ནན་དང་། ཨན་ཧུའེ། ཅང་སུའུ་བཅས་ཀྱི་རི་འགོག་གནས་གཞིའི་ས་ཁུལ་གསར་དུ་བཏོད་པ་དང་། ཧྲང་ཆིའུ་ཡུང་ཁྲེང་གནས་གཞིའི་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་བྱས།

སྤྱི་ལོ1949ལོའི་ཟླ1པའི་ཚེས10ཉིན། ཧོའེ་ཧའེ་གཡུལ་འགྱེད་རྒྱལ་ཁའི་ངང་མཇུག་རྫོགས། ཧོ་ནན་མངའ་ཁོངས་ཡོངས་སུ་བཅིངས་འགྲོལ་ཐོབ།

སྤྱི་ལོ1949ལོའི་ཟླ8པར། རྨ་ཆུའི་བྱང་ཕྱོགས་ས་ཁུལ་དུ་བདེ་ཐང་ཞིང་ཆེན་བཙུགས་པ་དང་། ཞིང་ཆེན་ལྟེ་གནས་དེ་ཞིན་ཞང་གྲོང་ཁྱེར་དུ་བཅའ་སྡོད་བྱས་ཤིང་། ཧོ་ནན་ཞིང་ཆེན་གྱིས་རྨ་ཆུའི་ལྷོ་ཕྱོགས་ས་ཁུལ་རང་སོར་བཞག

སྤྱི་ལོ1952ལོའི་ཟླ11པར་བདེ་ཐང་ཞིང་ཆེན་མེད་པར་བཟོས་པ་དང་། སྲིད་འཛིན་ས་ཁོངས་མང་ཆེ་བ་ཧོ་ནན་ཞིང་ཆེན་ཁོངས་སུ་ཟླ་སྒྲིལ་བཏང་།

སྤྱི་ལོ1954ལོའི་ཟླ10པར། ཧོ་ནན་ཞིང་ཆེན་ཚོགས་པའི་སྡོད་གནས་ཁའེ་ཧྥེང་གྲོང་ཁྱེར་ནས་ཀྲེང་ཀྲོའུ་གྲོང་ཁྱེར་དུ་སྤོས།

སྤྱི་ལོ2019ལོའི་ཟླ8པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧོ་ནན་ཞིང་ཆེན་ཁྲང་ཡོན་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་ཁྲང་ཡོན་གྲོང་ཁྱེར་འཛུགས་རྒྱུར་མོས་མཐུན་བྱས་པ་རེད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ཟླ5པའི་བར། ཧོ་ནན་ཁོངས་སུ་ཀྲེང་ཀྲོའུ་དང་། ཁའེ་ཧྥེང་། ལུའོ་དབྱང་། ཕིན་ཏིན་ཧྲན། ཨན་དབྱང་། ཧོ་པི། ཞིན་ཞང་། ཅའོ་ཙའོ། ཕུའུ་དབྱང་། ཞུས་ཁྲང་། ལུའོ་ཧོ། སན་མོན་ཞ། ནན་དབྱང་། ཧྲང་ཆིའུ། ཞིན་དབྱང་། ཀྲོའུ་ཁོའུ། མ་སྡོད་ཚོང་ཁང་བཅས་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར17དང་། ཅི་ཡོན་གྲོང་ཁྱེར་གྱི་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར1ཡོད། རྫོང་རིམ་པའི་གྲོང་ཁྱེར21དང་། རྫོང84གྲོང་ཁྱེར་ཁོངས་གཏོགས་ཆུས53ཤང་གྲོང1791ཁྲོམ་གཞུང་དོན་གཅོད་ཁྲུའུ660བཅས་ཡོད། ཞིང་ཆེན་སྲིད་གཞུང་གིས་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་གསེར་ཆུ་ཁུལ་གྱི་གསེར་ཆུ་ཤར་ལམ22ལ་ཕེབས་ཡོད་པ་རེད།

4 ས་ཁམས་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས།

ཧོ་ནན་ཞིང་ཆེན་ནི་ཧྭ་པེ་བདེ་ཐང་ལྷོ་རྒྱུད་ཀྱི་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དུ་གནས་ཡོད། ས་བབ་ཀྱི་མཚོན་རྟགས། ནུབ་ནས་ཤར་གྱི་གཞུང་ཐིག110°21′དང་། ཤར་གྱི་གཞུང་ཐིག116°39′དང་། བརྒལ་བའི་གཞུང་ཐིག6°18′དང་དྲང་ཐིག་གི་བར་ཐག་ནི་སྟོང་སྨི580ཙམ་ཡོད། ལྷོ་ནས་བྱང་གི་འཕྲེད་ཐིག31°23′ཡིན། བྱང་གི་འཕྲེད་ཐིག36°22′ཡིན།  དྲང་ཐིག་གི་བར་ཐག་ནི་སྟོང་སྨི550ཡོད། ཤར་དུ་ཧྲན་ཏུང་དང་ཨན་ཧུའེ། ནུབ་ཏུ་ཧྲའན་ཞི་དང་འབྲེལ་ཞིང་། བྱང་དུ་ཧོ་པེ་དང་ཧྲན་ཞིར་སྦྲེལ་ཞིང་། ལྷོ་རུ་ཧུའུ་པེ་དང་སྦྲེལ་ཡོད། ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི16.7ཟིན་ཡོད།

4_2 ས་དབྱིབས།

ཧོ་ནན་ཞིང་ཆེན་གྱི་ས་བབ་ནི་བྱང་ནས་ལྷོར་ཕྱོགས་པ་དང་། ཤར་ནས་ནུབ་ཏུ་སྤེལ་བ། ས་བབ་ནུབ་ཏུ་མཐོ་ཞིང་ཤར་དུ་དམའ་བ། བྱང་དང་ནུབ་དང་ལྷོ་བཅས་ཕྱོགས་གསུམ་ནས་ཐའེ་ཧང་རི་བོ་དང་། ཧྥུ་ཉིའུ་རི་བོ། ཐུང་པའེ་རི་བོ། ཏ་པིའེ་རི་བོ་བཅས་ཞིང་ཆེན་གྱི་ས་མཚམས་བརྒྱུད་དེ་ཕྱེད་གདུབ་དབྱིབས་སུ་ཆགས་ཡོད། དབུས་རྒྱུད་དང་ཤར་རྒྱུད་ནི་རྨ་ཆུ་དང་ཧོའེ་ཧོ་ཆུ་བོ་བཅས་ཀྱི་གཤོང་གསོག་བདེ་ཐང་ཡིན། ལྷོ་ནུབ་རྒྱུད་ནི་ནན་དབྱང་གཞོང་ས་ཡིན། བདེ་ཐང་དང་གཞོང་ས། རི་ཁུལ། རི་མ་ཐང་བཅས་སོ་སོས་སྤྱིའི་རྒྱ་ཁྱོན་གྱི55.7%དང་། 26.6% 17.7%བཅས་ཟིན་ཡོད། ལིང་པའོ་གྲོང་ཁྱེར་ཁོངས་ཀྱི་ཁྭ་ཏ་ནི་ཞིང་ཆེན་ཡོངས་ཀྱི་རི་བོ་མཐོ་ཤོས་ཡིན་པ་དང་ས་བབ་མཐོ་ཚད་སྨི2413.8ཟིན། ས་བབ་དམའ་ཤོས་སུ་གནས་པའི་ཀུའུ་ཧྲི་རྫོང་ཧོའེ་ཧོ་ཆུ་བོའི་ཞིང་ཆེན་ནས་ཐོན་པ་དང་སྨི23.2ཙམ་ལས་མེད། 

4_3  ནམ་ཟླའི་ཁྱད་ཆོས།

ཧོ་ནན་ཞིང་ཆེན་མང་ཆེ་བ་དྲོད་ཁུལ་དུ་གནས་པ་དང་། ལྷོ་རྒྱུད་ཀྱི་ཚ་ཁུལ་ཕལ་བའི་ཁོངས་སུ་གཏོགས་ཤིང་། ཚ་ཁུལ་བྱང་མ་ནས་དྲོད་ཁུལ་དུ་བར་བརྒལ་བྱེད་པའི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན་ལ། དུས་མཚུངས་སུ་ད་དུང་ཤར་ནས་ནུབ་ཏུ་བདེ་ཐང་ནས་རི་མ་ཐམ་རི་ཁུལ་གྱི་ནམ་ཟླའི་ཕྱོགས་སུ་བར་བརྒལ་བྱེད་པའི་ཁྱད་ཆོས་ལྡན་པ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་དང་ཚ་བའི་དུས་མཚུངས། རྙོག་འཛིང་ཆེ་ལ་གནམ་གཤིས་ཀྱི་གནོད་འཚེ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཞིང་ཆེན་ཡོངས་སུ་ལྷོ་ནས་བྱང་དུ་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི10.5~16.7℃ཡིན་པ་དང་། ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི407.7~1295.8ཡིན་པ། ཆར་བ་འབབ་ཚད་ཆེ་ཤོས་ནི་ཟླ6པ་ནས8པའི་བར་ཡིན། ལོ་རེར་ཆ་སྙོམས་ཀྱི་ཉི་འོད་ཆུ་ཚོད1285.7~2292.9ཡིན། ལོ་ཧྲིལ་པོར་སད་མེད་པའི་དུས་ཀྱི་ཉིན་ནི201~285ཡིན་པས་ལོ་ཏོག་སྣ་ཚོགས་སྐྱེས་པར་འཚམ་པོ་ཡོད།

4_4 ཆུ་དཔྱད་གནས་ཚུལ་མདོར་བསྡུས།

ཧོ་ནན་ཞིང་ཆེན་ནི་འབྲི་ཆུ་དང་། ཧོའེ་ཧོ་ཆུ་བོ། རྨ་ཆུ། ཧའེ་ཧོ་ཆུ་བོ་བཅས་འབབ་རྒྱུད་ཆེ་གྲས་བཞི་བརྒལ་ཡོད། ཧོ་ནན་ཞིང་ཆེན་ནང་ཁུལ་གྱི་ཆུ་བོ་མང་ཆེ་བ་ནི་ནུབ་རྒྱུད་དང་། ནུབ་བྱང་། ཤར་ལྷོའི་རྒྱུད་བཅས་ཀྱི་རི་ཁུལ་ལས་བྱུང་བ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ100ཡན་ཟིན་པའི་ཆུ་བོ560ཡོད། ཞིང་ཆེན་ཡོངས་ཀྱི་ལོ་མང་རིང་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར403.5ཟིན་ནས་རྒྱལ་ཡོངས་ཀྱི་ཨང19པར་སླེབས་པ། མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ383ཙམ་ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྔ་ཆའི་གཅིག་ཟིན་པ་དང་མཚུངས།

5 རང་བྱུང་ཐོན་ཁུངས།
5_1 ཆུའི་ཐོན་ཁུངས།

ཧོ་ནན་ཞིང་ཆེན་ནང་ཁུལ་གྱི་ཆུ་བོ་མང་ཆེ་བ་ནི་ནུབ་རྒྱུད་དང་། ནུབ་བྱང་། ཤར་ལྷོའི་རྒྱུད་བཅས་ནས་བྱུང་བ་དང་། མངའ་ཁོངས་སུ་ཆུ་བོ་གཙོ་བོ1500ལྷག་འདྲེས་ཡོད་པ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ100ཡན་ཟིན་པའི་ཆུ་བོ493ཡོད། ཧོ་ནན་ཞིང་ཆེན་དུ་ལོ་མང་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར405ཟིན་པ་དང་ལོ་འཁོར་རེར་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ440ཡོད་པ་རེད། ཧོ་ནན་ཞིང་ཆེན་གྱི་ཆུ་ཤུགས་ཐོན་ཁུངས་གསོག་ཚད་སྟོང་ཝ་ཁྲི490.5ཟིན་པ་དང་གསར་སྤེལ་བྱེད་ཚད་སྟོང་ཝ་ཁྲི315ཟིན་ཡོད། ཧོ་ནན་ནི་རྒྱལ་ཁབ་ཀྱི་ཆུ་བེད་གཙོ་གནད་ལས་གྲྭ་ཆེ་གྲས་ཏེ་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭའི་ལྟེ་བའི་ཆུ་འགོ་དང་། གཙོ་བོ་ཆུ་རྒྱུག་ཁུལ་དང་དེ་བཞིན་ཆུ་འདྲེན་མ་ཡུར་གཙོ་བོའི་ལས་གྲྭའི་ཆུ་ཡུར་ཐོག་མའི་གནས་ཡུལ་ཡིན་ཞིང་། ཤར་གཏོང་བྱས་ཚུན་ཧོ་ནན་དུམ་བུའི་ལོ་འཁོར་རེའི་ཆ་སྙོམས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར8.7ཟིན་གྱིན་ཡོད།

5_2 རྩི་ཤིང་ཐོན་ཁུངས།

རྩི་ཤིང་ལ་ལྷོ་བྱང་གི་རིགས་གཉིས་ཡོད་པ་དང་། སྲུང་སྐྱོང་རྩི་ཤིང་ལ་ཚན198དང་། ཁོངས1142དང་། རིགས3979བཅས་ཡོད་པ་དེས་རྒྱལ་ཡོངས་ཀྱི་སྲུང་སྐྱོང་རྩི་ཤིང་གི10%བཟུང་ཡོད། དེའི་ནང་གྲོ་མ་རིགས་ཀྱི་རྩི་ཤིང་ཚན29དང་། ཁོངས70དང་། རིགས205དང་དེ་བཞིན་རྒྱུད་འགྱུར་གྱི་སོན་རྗེན་རྩི་ཤིང་ཚན10དང་། ཁོངས28དང་། རིགས74དང་དེ་བཞིན་རྒྱུད་འགྱུར་གྱི་ཕོ་ཁེབས་རྩི་ཤིང་ཚན159དང་། ཁོངས1044ཁོངས་དང་། རིགས3670དང་དེ་བཞིན་རྒྱུད་འགྱུར་བཅས་ཡོད་པ་དེའི་ནང་རྒྱལ་ཁབ་རིམ་པའི་རྩ་ཆེའི་སྟོངས་ལ་ཉེ་བའི་སྲུང་སྐྱོང་རྩི་ཤིང་རིགས63ཡོད་པ་དང་། ཞིང་ཆེན་རིམ་པའི་སྲུང་སྐྱོང་རྩི་ཤིང་རིགས64དང་། དེ་དག་གིས་མཉམ་དུ་ཧོ་ནན་གྱི་རྩི་ཤིང་ཁུལ་རྒྱུད་གྲུབ་ཡོད། 

5_3 སྲོག་ཆགས་ཐོན་ཁུངས།

ཧོ་ནན་ཞིང་ཆེན་དུ་ཤེས་ཟིན་པའི་སྲོག་ཆགས་ཀྱི་རིགས3500ཡོད་པའི་ནང་གདོད་སྐྱེས་སྲོག་ཆགས་ཀྱི་རིགས51དང་། ཁུང་མང་སྲོག་ཆགས་དང་ཁོག་རྒྱུ་སྲོག་ཆགས་ཀྱི་རིགས6 དང་། ལེབ་མོའི་སྲོག་ཆགས་ཀྱི་རིགས10དང་།  སྐུད་དབྱིབས་སྲོག་ཆགས་ཀྱི་རིགས23དང་།  འཁོར་ཚིགས་སྲོག་ཆགས་ཀྱི་རིགས10དང་།  མཉེན་གཟུགས་སྲོག་ཆགས་ཀྱི་རིགས17དང་། ཡན་ལག་གྲོན་ཆུང་སྲོག་ཆགས་ཀྱི་རིགས2500ལྷག་ཙམ། ཉ་རིགས110བཅས་ཡོད། སྐམ་ཆུ་གཉིས་འཚོའི་རིགས19དང་། གོག་འགྲོའི་རིགས37དང་། འདབ་ཆགས་ཀྱི་རིགས300ལྷག་ཙམ། འོ་འཐུང་གི་རིགས72བཅས་ཡོད་ཅིང་། རིགས་མང་ཆེ་བར་དཔལ་འབྱོར་གྱི་རིན་ཐང་གལ་ཆེན་ལྡན་པ་དང་། ཉུང་ཤས་ཤིག་ཞིང་ལས་དང་ནགས་ལས་ཐོན་སྐྱེད། མིའི་རིགས་ཀྱི་བདེ་ཐང་བཅས་ལ་གནོད་འཚེ་ཆེན་པོ་ཡོད།

ཧོ་ནན་སྲོག་ཆགས་ཀྱི་ས་ཁམས་ཁྱབ་ཚུལ་གྱི་གྲུབ་ཆ་ནི་གནའ་བོའི་བྱང་མཚམས་དང་ཤར་རྒྱ་མཚོའི་མཚམས་སུ་གཏོགས་པ་དང་། “ཀྲུང་གོའི་རང་བྱུང་ས་ཁོངས་དབྱེ་བའི་ཚན་པའི”རྩ་དོན་གཞིར་བཟུང་ན། ཧོ་ནན་སྲོག་ཆགས་ཀྱི་ས་ཁོངས་དབྱེ་སྟངས་དེ་ཆུས2དང་ཞིང་ཆེན6ལ་དབྱེ་བ་དང་། ཞིང་ཆེན་ཡོངས་ཀྱི་སྐམ་ས་དང་ཆུ་གཉིས་སུ་འཚོ་བའི་སྲོག་ཆགས་ཀྱི་རིགས19ཡོད་པ་དང་། ཤར་རྒྱ་མཚོའི་རིགས་ཀྱི་ཁོངས་སུ་གཏོགས་པ12ཡོད་པ་དེས་སྤྱིའི་རིགས་ཀྱི63.1%བཟུང་བ་དང་། གནའ་བོའི་བྱང་ཕྱོགས་ཀྱི་རིགས7ཡོད་པ་དེས་སྤྱིའི་རིགས་ཀྱི36.8%ཟིན་ཡོད། གོག་འགྲོའི་སྲོག་ཆགས་ཀྱི་རིགས37ལས་གནའ་བོའི་བྱང་མཚམས་ཀྱི་རིགས5ཡོད་པ་དེས་སྤྱིའི་རིགས་ཀྱི13.5%བཟུང་བ་དང་། གནའ་བོའི་བྱང་མཚམས་དང་ཤར་རྒྱ་མཚོའི་མཚམས་སུ་ཁྱོན་བསྡོམས་ཀྱི་རིགས8ཡོད་པ་དེས་སྤྱིའི་རིགས་ཀྱི21.6%བཟུང་བ་དང་། ཤར་རྒྱ་མཚོའི་རྒྱུད་ཀྱི་རིགས24ཡོད་པ་དེས་སྤྱིའི་རིགས་ཀྱི64.9%བཟུང་བ་དང་འོ་འཐུང་སྲོག་ཆགས་རིགས72ཡོད་པ་དེ་དག་ཁྱབ་རྒྱ་ཆེ་བ་ཕུད། གནའ་བོའི་བྱང་རྒྱུད་ཀྱི་རིགས26ལ་གཏོགས་པ་དེས་སྤྱིའི་རིགས་ཀྱི52%བཟུང་བ་དང་། ཤར་རྒྱ་མཚོའི་ལས་རིགས24ཡོད་པ་དེས་བསྡོམས་གྲངས་ཀྱི48%བཟུང་ཡོད། 

5_4 ནགས་ལས་ཐོན་ཁུངས།

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱིས་ནགས་ཚལ་སྤྱི་ཆིང་སྟོང481.67བསྐྲུན་པའི་ནང་མིའི་ཐབས་ལ་བརྟེན་ནས་ནགས་བཟོ་སྤྱི་ཆིང་སྟོང126.28བྱས་ཡོད། ལོ་མཇུག་ཏུ་རང་བྱུང་སྲུང་སྐྱོང་ཁུལ30ཡོད་པ་དང་རྒྱ་ཁྱོན་སྤྱིའི་ཆིང་སྟོང762ཟིན་པའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ13ཡོད་པ་རེད། ནགས་ཚལ་སྤྱི་གླིང118ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང31ཡོད་པ་རེད། ནགས་ཚལ་ཁེབས་ཚད24.53%ཟིན་ཡོད། 

5_5 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2014ལོར་ཧོ་ནན་ཞིང་ཆེན་གྱིས་ཤེས་རྟོགས་བྱུང་བའི་གཏེར་རིགས142དང་། ཐོན་ཁུངས་གསོག་ཚད་ཀྱི་གཏེར་རིགས109དང་།གསར་སྤེལ་བེད་སྤྱོད་བྱས་ཟིན་པའི་གཏེར་རིགས93བཅས་རྩད་ཆོད་ཡོད་པ་རེད། དེའི་ནང་ནུས་ཁུངས་གཏེར་ཁའི་རིགས6དང་། ལྕགས་རིགས་གཏེར་ཁའི་རིགས23དང་། ལྕགས་རིགས་མིན་པའི་གཏེར་རྫས་ཀྱི་རིགས62དང་།  ཆུ་རླངས་གཏེར་ཁའི་རིགས2བཅས་ཡོད། དགེ་མཚན་ལྡན་པའི་གཏེར་རྫས་ནི་རྡོ་སོལ་དང་། རྡོ་སྣུམ། རང་བྱུང་སོལ་རླངས་བཅས་ལ“ནུས་ཁུངས་གཏེར་རྫས་ཆེན་པོ་གསུམ་”དང་། ཨཱན་དང་། གསེར་དང་། ཧ་ཡང་། དངུལ་བཅས་ལ“ལྕགས་རིགས་གཏེར་རྫས་ཆེན་པོ་བཞི”དང་། རང་བྱུང་བུལ་དང་། ཚྭ་གཏེར། མེ་བཟོད་ས་མྱགརྡོ་སྔོན་གྱི་སྲིང་བལ། མུ་ཏིག་བྲག་རྡོ། ཆུ་འདམ་ཐལ་རྡོ། ཧྲི་ཡིན་བྱེ་མའི་བྲག་རྡོ་བཅས་ལ“ལྕགས་རིགས་མིན་པའི་གཏེར་རྫས་ཆེན་པོ་བདུན” བཅས་ཕྱོགས་བསྡུས་བྱས་ཆོག  རྩད་ཆོད་ཟིན་པའི་གཏེར་རྫས་ཐོན་ཁུངས་ནང་རྒྱལ་ཡོངས་ཀྱི་རིགས11ཡོད་པ་དང་། མདུན་གྲལ3ནང་རིགས32ཡོད་པ། མདུན་གྲལ5ནང་གི་རིགས58ཡོད་པ་བཅས་རེད། དེའི་ནང་རྡོ་སོལ་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་བརྒྱད་པ དང་། རྡོ་སྣུམ་ཨང་བཅུ་གཉིས་པ། རང་བྱུང་སོལ་རླངས་ཨང17པར་བཅས་སུ་སླེབས་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧོ་ནན་ས་ཁོངས་ནང་ཤེས་རྟོགས་བྱུང་བའི་གཏེར་རིགས144ཡོད་པ་དང་། ཐོན་ཁུངས་གསོག་ཚད་ཀྱི་གཏེར་རིགས110དང་གསར་སྤེལ་བེད་སྤྱོད་བྱས་པའི་གཏེར་རིགས93རྩད་ཆོད་ཡོད། སྔོག་འདོན་དང་བེད་སྤྱོད་བྱས་ཟིན་པའི་གཏེར་རིགས་ཁྲོད་ནུས་ཁུངས་གཏེར་རྫས་རིགས6དང་། ལྕགས་རིགས་གཏེར་རྫས་རིགས23དང་། ལྕགས་རིགས་མིན་པའི་གཏེར་རྫས་རིགས62དང་། ཆུ་རླངས་གཏེར་རྫས་རིགས2བཅས་ཡོད། ལོ་ཧྲིལ་པོར་གཏེར་ཁ་ཆེ་འབྲིང11གསར་དུ་རྙེད་པ་རེད།

6 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་གྱི་མི་འབོར་ཁྲི10906ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི53འཕར་བ་དང་རྒྱུན་སྡོད་མི་འབོར་ཁྲི9605ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི46འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི4967ཟིན་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད51.71%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི་གྲངས1.55མཐོ་རུ་ཕྱིན་ཡོད་པ་རེད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི127ཡོད་པ་དང་སྐྱེས་ཚད11.72%ཟིན་པ། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི74ཡོད་པ་དང་ཤི་ཚད6.80%ཟིན་པ། རང་བྱུང་འཕར་ཚད4.92%ཟིན་པ་རེད། 

7 མི་རིགས་གྲུབ་ཚུལ།

སྤྱི་ལོ2013ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་དུ་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི145ཙམ་ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་མི་འབོར་ཁྱོན་བསྡོམས་གྱིས1.38%བཟུང་ཡོད།   དེའི་ནང་ཧུའེ་རིགས་ཀྱི་མི་གྲངས་ཁྲི124དང་། སོག་རིགས་ཀྱི་མི་གྲངས་ཁྲི9.15དང་།  མན་ཇུ་རིགས་ཀྱི་མི་གྲངས་ཁྲི7.58བཅས་ཡོད། ཧོ་ནན་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)158ལ་ཁྱབ་ནས་ཁ་ཐོར་ཆེ་བ་དང་འདུས་སྡོད་ཆུང་བའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། 

8 དཔལ་འབྱོར།

ཞིབ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། སྤྱི་ལོ2018ལོར་ཧོ་ནན་ཞིང་ཆེན་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར48055.86ཟིན་པ་དེ་དུས་མཚུངས་ལས7.6%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1.0ཡིས་མཐོ་བ་རེད།            དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར4289.38ཟིན་པ་དེ་དུས་མཚུངས་ལས3.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་22034.83ཟིན་པ་དེ་དུས་མཚུངས་ལས7.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར21731.65ཟིན་པ་དེ་དུས་མཚུངས་ལས་9.2%འཕར་ཡོད། སྤྱི་ལོ2018ལོར་ཞིང་ཆེན་ཡོངས་ཀྱི་ཐོན་ལས་གསུམ་པའི་འཕར་ཐང་གིསGDPཡི་བསྡུར་ཚད45.2%བཟུང་བ་དངGDPའཕར་རྒྱུར་ལེགས་སྐྱེས་འབུལ་ཚད50.0%ཟིན་པ་དེ་ཐོན་ལས་གཉིས་པའི4.4%ལས་མཐོ་བ་རེད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར50152ཟིན་ནས7.2%འཕར་ཡོད།        སྤྱི་ལོ2018ལོར་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མ་ལས2.3%འཕར་ཡོད། ཚོང་ཟོག་སིལ་འཚོང་རིན་གོང2.9%འཕར་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་ནས་ཐོན་པའི་རིན་གོང3.6%འཕར་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱིས་རིན་གོང4.0%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རིན་གོང5.4%འཕར་ཡོད། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང4.3%འཕར་ཡོད། ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་རིན་གོང2.1%ཆག་ཡོད།       སྤྱི་ལོ2018ལོར་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར5875.82ཟིན་ནས་ལོ་གོང་མ་ལས11.9%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར3763.94ཡིན་ལ10.5%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་སྒོ་སྒོར་དུང་ཕྱུར2656.50ཡིན་ལ14.0%འཕར་བ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོའི་བསྡུར་ཚད་ཀྱི70.6%ཟིན་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར9225.41ཡིན་ལ12.3%འཕར་ཡོད། དེའི་ནང་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར7126.49ཡིན་ལ11.1%འཕར་བ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་བསྡུར་ཚད་ཀྱི77.2%བཟུང་ཡོད། 

8_1 ཐོན་ལས་དང་པོ།
8_1_1 འདེབས་འཛུགས་ལས་རིགས།

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་སྟོང10135.50ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང་སྟོང150.65ཉུང་དུ་ཕྱིན་ཡོད། དེའི་ནང་གྲོ་འདེབས་ཁྱོན་སྤྱི་ཆིང་སྟོང5475.00ཟིན་ནས་སྤྱི་ཆིང་སྟོང9.34འཕར་བ་དང་།      མ་རྨོས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་སྟོང3150.19ཟིན་ནས་སྤྱི་ཆིང་སྟོང166.67ཉུང་དུ་ཕྱིན་ཡོད། སྲིང་བལ་འདེབས་ཁྱོན་སྤྱི་ཆིང80.00ཟིན་ནས་སྤྱི་ཆིང20.10ཉུང་དུ་ཕྱིན་ཡོད། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང་སྟོང1751.12ཟིན་ནས་སྤྱི་ཆིང་སྟོང126.36འཕར་ཡོད། བ་དམ་འདེབས་ཁྱོན་སྤྱི་ཆིང་སྟོང1272.35ཟིན་ནས་སྤྱི་ཆིང་སྟོང144.18མང་དུ་ཕྱིན་ཡོད།     སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་སྟོང1839.86ཟིན་ནས་སྤྱི་ཆིང་སྟོང67.33མང་དུ་ཕྱིན་ཡོད།

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི5973.40ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི26.80འཕར་ནས0.5%འཕར་ཡོད། དེའི་ནང་དབྱར་འབྲུའི་ཐོན་ཚད་ཏུན་ཁྲི3554.20ཟིན་ནས་ཏུན་ཁྲི77.40མང་དུ་ཕྱིན་ནས2.2%འཕར་བ་དང་། སྟོན་འབྲུ་ཐོན་ཚད་ཏུན་ཁྲི2419.20ཟིན་ནས་ཏུན་ཁྲི50.60ཉུང་དུ་ཕྱིན་ནས2.0%ཆག་ཡོད། གྲོའི་ཐོན་ཚད་ཏུན་ཁྲི3549.50ཡིན་ཞིང་། ཏུན་ཁྲི83.50འཕར་སྣོན་བྱུང་ཞིང་། 2.4%འཕར་སྣོན་བྱུང་།      མ་རྨོས་ལོ་ཏོག་གི་ཐོན་ཚད་ཏུན་ཁྲི1709.55ཡིན་ཞིང་། ཏུན་ཁྲི43.42ཉུང་དུ་སོང་ནས2.5%ཆག་ཡོད།           2017ལོར་ཧོ་ནན་ཞིང་ཆེན་གྱི་སྲིང་བལ་ཐོན་ཚད་ཏུན་ཁྲི8.70ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི1.05ཉུང་དུ་ཕྱིན་ནས10.8%ཆག་ཡོད། སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི་678.32ཡིན་ཞིང་། ཏུན་ཁྲི59.23འཕར་སྣོན་བྱུང་ཞིང་། 9.6%འཕར་སྣོན་བྱུང་། དེའི་ནང་བ་དམ་ཐོན་ཚད་ཏུན་ཁྲི563.38ཟིན་ནས་ཏུན་ཁྲི54.19མང་དུ་ཕྱིན་ནས10.6%འཕར་ཡོད། སྔོ་ཚལ་དང་བཟའ་བྱའི་ཤ་མོའི་ཐོན་ཚད་ཏུན་ཁྲི8331.72ཡིན་ཞིང་། ཏུན་ཁྲི524.11འཕར་སྣོན་བྱུང་ཞིང་།  6.7%འཕར་སྣོན་བྱུང་། ཤིང་འབྲས་རིགས་ཀྱི་ཞིང་ལས་སྐྱེ་དངོས་ཐོན་ཚད་ཏུན་ཁྲི1846.65ཟིན་ནས་ཏུན་ཁྲི101.88ཉུང་དུ་ཕྱིན་ནས5.2%ཆག་པ་རེད། 

8_1_2 ཕྱུགས་ལས།

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་ཕག་དང་ནོར་ལུག་གི་ཤའི་སྤྱིའི་ཐོན་འབོར་ཏུན་ཁྲི655.90ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི21.46འཕར་ནས3.4%འཕར་ཡོད། བྱ་སྒོང་ཐོན་ཚད་ཏུན་ཁྲི422.80ཡིན་ཞིང་། ཏུན་ཁྲི0.30འཕར་སྣོན་བྱུང་ཞིང་། 0.1%འཕར་སྣོན་བྱུང་། འོ་མའི་ཐོན་ཚད་ཏུན་ཁྲི310.50ཟིན་ནས་ཏུན་ཁྲི16.30ཉུང་དུ་ཕྱིན་པ་དང5.0%ཆག་ཡོད། ལོ་མཇུག་ཏུ་ནང་འཇུག་ཕག་པ་ཁྲི4390ཡོད་པ་དེ2.5%འཕར་བ། ཕག་པ་བཤས་གཏོང་གི་ཚད་ཁྲི6220ཟིན་ནས3.6%འཕར་ཡོད། 

8_2 ཐོན་ལས་གཉིས་པ།
8_2_1 བཟོ་ལས།

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར18807.16ཟིན་པ་དེ་ལོ་གོང་མ་ལས7.4%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང8.0%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་དཔལ་འབྱོར་གྱི་རིགས་དབྱེ་ནས་བལྟས་ན། གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་འཕར་ཐང5.6%འཕར་བ་དང་། ཐུན་མོང་ཁེ་ལས7.3%འཕར་བ་དང་། མ་རྐང་ལམ་ལུགས་ཀྱི་ཁེ་ལས8.6%འཕར་བ། ཕྱི་རྒྱལ་གྱི་ཚོང་པ་དང་ཀང་ཨའོ་ཐའེ་གསུམ་གྱི་ཚོང་པའི་མ་འཇོག་ཁེ་ལས7.6%འཕར་བ། སྒེར་གཉེར་ཁེ་ལས6.0%འཕར་ཡོད། རིགས་དབྱེ་ནས་བལྟས་ན། གཏེར་འདོན་ལས་རིགས་ཀྱི་རིན་ཐང་འཕར་མ3.9%འཕར་བ་དང་། བཟོ་སྐྲུན་ལས་རིགས8.5%འཕར་བ། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། ཆུ་བཅས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས4.3%འཕར་ཡོད། ཐོན་རྫས་ཕྱིར་འཚོང་བྱེད་ཚད98.6%ཟིན་ཡོད།      སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་གཙོ་ཁྲིད་ཐོན་ལས་ཆེ་གྲས་ལྔའི་རིན་ཐང་འཕར་མ་ལོ་གོང་མ་ལས12.1%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་བསྡུར་ཚད་ཀྱི44.6%བཟུང་བ་དང་། སྲོལ་རྒྱུན་ཐོན་ལས2.7%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི44.2%ཟིན་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས12.1%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི12.1%ཟིན་པ། ལག་རྩལ་མཐོ་བའི་ཐོན་ལས16.8%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི8.2%ཟིན་པ། ཟད་གྲོན་ཆེ་བའི་བཟོ་ལས3.2%འཕར་བ་དེས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི32.7%ཟིན་ཡོད།     སྤྱི་ལོ2017ལོའི་ལོ་མཇུག་ཏུ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི7992.58ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས10.7%འཕར་ཡོད། དེའི་ནང་མེ་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི6601.29ཟིན་ནས3.5%འཕར་བ་དང་། ཆུ་གློག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་399.04ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་མཉམ་པ་དང་། དྲ་སྦྲེལ་རླུང་གློག་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི233.07ཟིན་ནས124.0%འཕར་བ། དྲ་སྦྲེལ་ཉི་འོད་ནུས་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི703.46ཟིན་ནས147.4%འཕར་ཡོད།      སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར80605.71ཟིན་པ་དེ་ལོ་གོང་མ་ལས9.1%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར5272.37ཟིན་ནས8.5%འཕར་ཡོད། དཔལ་འབྱོར་གྱི་རིགས་དབྱེ་ནས་བལྟས་ན། གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར169.02ཟིན་ནས625.4%འཕར་བ་དང་། ཐུན་མོང་ཁེ་ལས་ལ་སྒོར་དུང་ཕྱུར73.67བཏང་ནས44.5%ཆག་པ། མ་རྐང་ལམ་ལུགས་ཀྱི་ཁེ་ལས་སྒོར་དུང་ཕྱུར4637.15ཟིན་ནས12.7%འཕར་བ། ཕྱི་རྒྱལ་གྱི་ཚོང་པ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ཚོང་པའི་མ་འཇོག་ཁེ་ལས་སྒོར་དུང་ཕྱུར256.77ཟིན་ནས11.1%ཆག་པ། སྒེར་གཉེར་ཁེ་ལས་སྒོར་དུང་ཕྱུར2181.52ཟིན་ནས3.1%འཕར་ཡོད། རིགས་དབྱེ་ནས་བལྟས་ན། གཏེར་འདོན་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར146.33ཟིན་ནས44.9%འཕར་བ་དང་། བཟོ་སྐྲུན་ལས་རིགས་ལ་སྒོར་དུང་ཕྱུར5059.34བཏང་ནས9.1%འཕར་བ། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། ཆུ་བཅས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ལ་སྒོར་དུང་ཕྱུར66.70ཟིན་ནས44.9%ཆག་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་སྒོར་བརྒྱ་རེའི་གཙོ་གཉེར་ལས་སྒོའི་ཡོང་འབབ་ཁྲོད་ཀྱི་མ་གནས་སྒོར87.56ཟིན་པ་དེ་ལོ་གོང་མ་ལས་སྒོར0.11ཆག་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་མ་རྩ་བུ་ལོན་ཟུག་ཚད47.5%ཟིན་ནས་ལོ་གོང་མ་དང་མཉམ་པ་རེད།     སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་ཐོན་ལས་གཅིག་སྡུད་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་ལོ་གོང་མ་ལས13.3%འཕར་ནས་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་བསྡུར་ཚད་ཀྱི64.9%བཟུང་བ་དང་། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར54838.93ཟིན་ནས16.0%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་3254.49ཟིན་ནས19.1%འཕར་ཡོད། ཀྲེང་ཀྲོའུ་མཁའ་འགྲུལ་གྲུ་ཁའི་དཔལ་འབྱོར་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང15.2%འཕར་བ། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར3015.30ཟིན་ནས12.5%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར36.01ཟིན་ནས15.0%བཅས་ཆག་ཡོད།     ཨར་སྐྲུན་ལས་རིགས།         སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10085.49ཟིན་པ་དེ་ལོ་གོང་མ་ལས14.5%འཕར་ཡོད། འོས་ཐོབ་ནང་གི་བཟོ་སྐྲུན་ཁེ་ལས7793ཡོད་པ་དེ་ལོ་གོང་མ་ལས781མང་དུ་ཕྱིན་ཡོད། 

རྒྱལ་ནང་གི་ཉོ་ཚོང་།      སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མ་ལས1.4%འཕར་བའི་ནང་ཐ་མག་དང་ཨ་རག་གི་རིན་གོང1.6%ཆག་ཡོད། ཚོང་ཟོག་སིལ་འཚོང་རིན་གོང1.3%འཕར་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་བཟོ་གྲྭ་ནས་ཐོན་པའི་རིན་གོང6.8%འཕར་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱིས་རིན་གོང7.3%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རིན་གོང7.4%འཕར་ཡོད། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང0.3%ཆག་ཡོད། ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་རིན་གོང5.1%ཆག་ཡོད།      སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར19666.77ཟིན་པ་དེ་ལོ་གོང་མ་ལས11.6%འཕར་བ་དང་རིན་གོང་གི་རྒྱུ་རྐྱེན་ཕུད་དོན་དངོས་ཐོག10.2%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྒོར་དུང་ཕྱུར16044.48ཟིན་ནས11.4%འཕར་བ་དང་། གྲོང་གསེབ་ཀྱི་སྒོར་དུང་ཕྱུར3622.30ཟིན་ནས12.5%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ཚེ་སྡེབ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར2102.28ཟིན་ནས10.7%འཕར་བ་དང་། སིལ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར14791.08ཟིན་ནས11.6%འཕར་བ། ཞག་སྡོད་ལས་རིགས་ལ་སྒོར་དུང་ཕྱུར154.05ཟིན་ནས10.3%འཕར་བ། བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར2619.36བཏང་ནས12.9%འཕར་ཡོད། ལོ་ཧྲིལ་པོར་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར1735.7ཟིན་པ་དེ་ལོ་གོང་མ་ལས51.5%འཕར་ཡོད། དེའི་ནང་དངོས་ཟོག་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར977.5ཟིན་ནས44.2%འཕར་ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་ཚོང་ཟོག་སིལ་ཚོང་བསྡོམས་འབོར་ནང་འབྲུ་རིགས་དང་། སྣུམ་རིགས། བཟའ་བཅའི་རིགས་ལོ་གོང་མ་ལས15.6%འཕར་བ་དང་། བཏུང་བྱའི་རིགས14.1%འཕར་བ། ཐ་མག་དང་ཨ་རག་རིགས12.5%འཕར་བ། གྱོན་ཆས་དང་། ཞྭ་ཞྭ་དང་། ཁབ། འཁལ་འཐག་ཐོན་རྫས་རིགས8.8%འཕར་བ། མཛེས་འདོན་བྱུག་རྫས་རིགས37.5%འཕར་བ། གསེར་དངུལ་མུ་ཏིག་དང་ནོར་བུའི་རིགས9.2%འཕར་བ་དང་། རྒྱུན་སྤྱོད་མཁོ་ཆས་རིགས10.8%འཕར་བ། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས་རིགས14.9%འཕར་བ། ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་ཀྱི་རིགས15.8%འཕར་བ། ཁྱིམ་ཆས་རིགས16.5%འཕར་བ། རྡོ་སྣུམ་དང་བཟོས་རྫས་རིགས13.9%འཕར་བ། རླངས་འཁོར་རིགས6.4%འཕར་བ་བཅས་རེད།      ཕྱི་ཕྱོགས་དཔལ་འབྱོར།      སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར5232.79ཟིན་པ་དེ་ལོ་གོང་མ་ལས10.9%འཕར་ཡོད། དེའི་ནང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3171.81ཟིན་ནས་11.8%འཕར་བ་དང་། ནང་འདྲེན་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2060.98ཟིན་ནས9.6%འཕར་ཡོད། ལོ་ཧྲིལ་པོར་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་བཞག་པའི་མ་དངུལ(དངུལ་ཁང་དང་། དངུལ་འཛིན། འགན་བཅོལ་བཅས་ཚུད་མེད)གསར་དུ་བཙུགས་པའི་ཁེ་ལས210བསྡུ་ལེན་བྱས། ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་བཞག་པའི་མ་དངུལ་ཨ་སྒོར་དུང་ཕྱུར172.2དངོས་སུ་སྤྱད་པ་དེ་ལོ་གོང་མ་ལས1.4%འཕར་ཡོད། ཞིང་ཆེན་ཕྱིའི་མ་དངུལ་སྒོར་དུང་ཕྱུར9106.8དངོས་སུ་བེད་སྤྱོད་བཏང་བ7.9%འཕར་ཡོད། ལོ་ཧྲིལ་པོར་ཕྱི་ཕྱོགས་སུ་ལས་གྲྭ་འགན་གཙང་ལེན་པ་དང་ངལ་ལས་མཉམ་ལས་ཀྱི་ལས་སྒོའི་གན་རྒྱ་གསར་པ་བཞག་པའི་དངུལ་གྲངས་ཨ་སྒོར་དུང་ཕྱུར37.5ཟིན་ནས་ལོ་གོང་མ་ལས16.1%ཆག་པ་དང་། ཚོང་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར47.7ཟིན་ནས9.4%ཆག་ཡོད།      ས་ཁང་བདག་ཁོངས་ཐོན་ལས།      སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར7090.25བཏང་བ་དེ་ལོ་གོང་མ་ལས14.7%འཕར་ཡོད། དེའི་ནང་སྡོད་ཁང་སྒོར་དུང་ཕྱུར5330.80ཟིན་ནས17.0%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ཁྲི58.87གསར་དུ་ལས་འགོ་བཙུགས་པ་དང་། སྡོད་ཁང་ཁྲི64.34གཞི་རྩའི་ཆ་ནས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི2846.55ཟིན་ནས16.2%ཆག་ཡོད། དེའི་ནང་ཚོང་ཟོག་སྡོད་ཁང་སྨི་ངོས་གྲུ་ཁྲི1995.61ཟིན་ནས21.1%ཆག་ཡོད།      སྦྲག་སྲིད་གློག་འཕྲིན།      སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་སྦྲག་ཏར་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར1816.04ཟིན་པ་དེ་ལོ་གོང་མ་ལས84.2%འཕར་ཡོད། དེའི་ནང་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་བསྡོམས་འབོར(མྱུར་སྐྱེལ་ཚུད)སྒོར་དུང་ཕྱུར332.71ཟིན་ནས42.7%འཕར་བ་དང་། གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར1483.33ཟིན་ནས97.0%འཕར་ཡོད། མྱུར་སྐྱེལ་ལས་སྒོའི་བསྡོམས་འབོར་དུང་ཕྱུར10.74ཟིན་ནས28.0%འཕར་བ། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར115.93ཟིན་ནས22.9%འཕར་ཡོད། ལོ་མཇུག་ཏུ་ས་གནས་དེ་གའི་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི735.00དང་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི8969.00ཟིན་ཡོད། ཁ་པར་ཁྱབ་ཚད་མི་བརྒྱ་རེར102.40ཡོད། ལོ་མཇུག་ཏུ་དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི9670.80ཟིན་ཡོད།     ཡུལ་སྐོར་ལས་རིགས།      སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི66511ལ་སྣེ་ལེན་བྱས་པ་དེ་ལོ་གོང་མ་ལས14.1%འཕར་ཡོད། དེའི་ནང་མངའ་ཁོངས་སུ་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི307.32ཟིན་ནས་4.5%འཕར་ཡོད་པ་རེད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར6751ཟིན་ནས17.1%འཕར་ཡོད། ལོ་མཇུག་ཏུA4རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ159དང་། སྐར་རིམ་མགྲོན་ཁང532དང་། ཡུལ་སྐོར་ལས་དོན་ཁང1199བཅས་ཡོད་པ་རེད།      དངུལ་རྩའི་ལས་རིགས།      སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཧོ་ནན་ཞིང་ཆེན་དངུལ་རྩའི་སྒྲིག་གཞིས་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར59068.66ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན9.4%འཕར་བའི་ནང་རྒྱལ་ནང་གི་དུད་ཚང་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར32279.05ཟིན་ནས9.7%འཕར་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར41743.31ཡིན་པས14.4%འཕར་ཡོད། དེའི་ནང་མངའ་ཁོངས་ནང་གི་ཁྱིམ་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར15251.08ཟིན་པས21.5%འཕར་ཡོད། ལོ་མཇུག་ཏུ་ཁྱོན་ཚོངར་ར་ཞུགས་པའི་ཀུང་སི116ཡོད། མ་རྐང་འཛིན་ཤོག118འགྲེམས་སྤེལ་བྱས་པའི་ནང་མ་རྐངA78འགྲེམས་སྤེལ་བྱས་པ་དང་ཕྱི་རྒྱལ་གྱི་མ་རྐང་འཛིན་ཤོག40འགྲེམས་སྤེལ་བྱས་ཡོད། འདི་ལོ་འགྲེམས་སྤེལ་ཐེངས་དང་པོ་བྱས་པ་དང་མ་དངུལ་བསྡུ་སྒྲིལ་དང་བསྡུ་རུབ་བྱས་པའི་མ་དངུལ་སྒོར་དུང་ཕྱུར521.78ཟིན་པའི་ནངAམ་རྐང་འགྲེམས་སྤེལ་དང་མ་དངུལ་བསྡུ་སྒྲིལ་བསྐྱར་མའི་བསྡུ་རུབ་མ་དངུལ་སྒོར་དུང་ཕྱུར431.73ཟིན་ཡོད། ལོ་མཇུག་ཏུAམ་རྐང་གི་ཚོང་རར་ཞུགས་པའི་ཀུང་སིའི་འགྲོ་རྒྱུག་མ་རྐང་གི་ཚོང་རའི་རིན་གོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར7307.38ཟིན་ཡོད། 

8_2_2 འགན་བཅོལ་ལས་རིགས།

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་འགན་བཅོལ་ཀུང་སིའི་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར2020.07ཟིན་ཡོད། དེའི་ནང་རྒྱུ་ནོར་འགན་བཅོལ་སྒོར་དུང་ཕྱུར443.59དང་མི་ལུས་འགན་བཅོལ་སྒོར་དུང་ཕྱུར1576.47ཟིན་ཡོད། ལོ་ཧྲིལ་པོར་གསབ་དངུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར625.86བཏང་ཡོད། དེའི་ནང་རྒྱུ་ནོར་འགན་བཅོལ་སྒོར་དུང་ཕྱུར217.56དང་མི་ལུས་འགན་བཅོལ་སྒོར་དུང་ཕྱུར408.30བཅས་ཟིན་ཡོད།

9 སྤྱི་ཚོགས་ལས་དོན།
9_1 ཚན་རྩལ་བྱ་གཞག

སྤྱི་ལོ2017ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་དུ་ཞིང་ཆེན་རིམ་པ་ཡན་གྱི་ཁེ་ལས་ལག་རྩལ་ལྟེ་གནས1136ཡོད་པའི་ནང་རྒྱལ་ཁབ་རིམ་པ84ཡོད་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་ལས་གྲྭའི་ཚོད་ལྟ་ཁང(ལས་གྲྭ་ཞིབ་འཇུག་ལྟེ་གནས)616ཡོད་པའི་ནང་རྒྱལ་ཁབ་རིམ་པ46ཡོད། རྒྱལ་ཁབ་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས10དང་ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས1287ཡོད་པ། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང184ཡོད་པ། ལོ་ཧྲིལ་པོར་ཆེད་ཁེ119243རེ་ཞུ་བྱས་པ་དེ་ལོ་གོང་མ་ལས26.0%འཕར་བ། ཁེ་བེད་བདག་ཐོབ55407སྤྲད་པ་དེ12.7%འཕར་ཡོད། ལོ་མཇུག་བར་ནུས་ལྡན་གྱི་གསར་གཏོད་ཁེ་བེད་བདག་ཐོབ28615ཟིན་ནས26.6%འཕར་བ་དང་། མི་འབོར་ཁྲི་རེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ3.0ཡོད་པ་དེ25.0%འཕར་ཡོད། ཆེད་ཁེའི་བདག་དབང་གཏའ་མར་འཇོག་པའི་མ་དངུལ་སྒོར་དུང་ཕྱུར15.5ཟིན་པ་དེ་ལོ་གོང་མ་ལས་ལྡབ་གཅིག་འཕར་ཡོད། ལག་རྩལ་གན་རྒྱ5877བཞག་པ་དང་། ལག་རྩལ་གན་རྒྱ་ཚོང་འགྲིག་དངུལ་གྲངས་སྒོར་དུང་ཕྱུར76.93ཟིན་ནས30.0%འཕར་ཡོད།  

ཧོ་ནན་ཞིང་ཆེན་ཚན་རིག་ཁང་ནི་ཧོ་ནན་ཞིང་ཆེན་ཁོ་ནར་གཏོགས་པའི་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་ཚན་རིག་ཞིབ་འཇུག་ལས་ཁུངས་དང་། ཡང་ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་གོའི་ཚན་རིག་ཁང་མཉམ་སྐྲུན་སྡེ་ཚན་ལ་གོ། 

9_2 སློབ་གསོའི་བྱ་གཞག  

སྤྱི་ལོ2018ལོར་ཧོ་ནན་ཞིང་ཆེན་དུ་ཞིབ་འཇུག་སློབ་མ20043བསྡུས་པ་དང་། ཞིབ་འཇུག་སློབ་མ50999སློབ་སྦྱོང་བྱས་པ། སློབ་ཐོན་སློབ་མ13556སློབ་སྦྱོང་བྱས་ཡོད། མཐོ་རིམ་སློབ་གསོ་དཀྱུས་མའི་སློབ་མ་ཁྲི70.86བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི214.08ཟིན་པ། སློབ་ཐོན་སློབ་མ་ཁྲི55.99ཟིན་ཡོད། དར་མའི་མཐོ་རིམ་སློབ་གསོར་སློབ་མ་ཁྲི18.17བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི33.86དང་སློབ་ཐོན་སློབ་མ་ཁྲི12.30ཡོད། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གསོའི་སློབ་མ་ཁྲི50.03བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི136.63དང་སློབ་ཐོན་སློབ་མ་ཁྲི39.94ཟིན་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ་ཁྲི72.65བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི210.06ཟིན་པ་དང་སློབ་ཐོན་སློབ་མ་ཁྲི66.08ཟིན་ཡོད། དམའ་རིམ་སློབ་འབྲིང་དུ་སློབ་མ་ཁྲི159.86བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི451.88དང་སློབ་ཐོན་སློབ་མ་ཁྲི133.63བསྡུས་ཡོད། སློབ་ཆུང་དུ་སློབ་མ་ཁྲི173.56བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ་ཁྲི994.60དང་སློབ་ཐོན་སློབ་མ་ཁྲི160.70ཟིན་ཡོད། དམིགས་བསལ་སློབ་གསོར་དབང་པོ་སྐྱོན་ཤོར་བའི་བྱིས་པ་ཁྲི0.99བསྡུས་པ་དང་། སློབ་གྲྭར་ཡོད་པའི་དབང་པོ་སྐྱོན་ཤོར་བའི་བྱིས་པ་ཁྲི4.39བསྡུས་ཡོད། ལོ་ཧྲིལ་པོར“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་གྲོན་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར155.85བཀོད་སྒྲིག་བྱས་པ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཁྱོན་བསྡོམས་མི་ཐེངས་ཁྲི1373.62ལ་རོགས་སྐྱོར་བྱས་ཡོད། བུ་བཅོལ་ཁང་དུ་བྱིས་པ་ཁྲི437.99བཅས་ཡོད།    

9_3 ལུས་རྩལ་བྱ་གཞག   

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་ལུས་རྩལ་པས་འགྲན་བསྡུར་ཆེ་གྲས་སྣ་ཚོགས་ནང་ཁྱོན་གསེར་གྱི་རྟགས་མ136དང་། འཛམ་གླིང་གི་ཨང་དང་པོ3དང་། ཨེ་ཤེ་ཡའི་ཨང་དང་པོ15དང་།རྒྱལ་ཡོངས་ཀྱི་ཨང་དང་པོ118བཅས་བླངས་པ་རེད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གསེར་གྱི་རྟགས་མ25དང་། དངུལ་གྱི་རྟགས་མ18དང་། ཟངས་ཀྱི་རྟགས་མ20བཅས་ཐོབ་པ་དང་གསེར་གྱི་རྟགས་མ་དང་གཟེངས་བསྟོད་རྟགས་མ་ཁྱོན་སྐབས་རིམ་བྱུང་གི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་མང་ཤོས་ཡིན་པ་རེད།     འཕྲོད་བསྟེན་ལས་དོན།     སྤྱི་ལོ2017ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་དུ་འཕྲོད་བསྟེན་སྒྲིག་གཞི71090ཡོད་པའི་ནང་སྨན་ཁང1632དང་། ཤང(གྲོང་རྡལ)འཕྲོད་བསྟེན་ཁང2062དང་། གྲོང་ཚོའི་འཕྲོད་བསྟེན་ཁང56462དང་།  བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང161དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)179དང་། ཆེད་ཚན་འགོག་བཅོས་ཁང(སོའོ་དང་ས་ཚིགས)21དང་།  འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི179བཅས་ཡོད་པ་རེད། འཕྲོད་བསྟེན་སྒྲིག་གཞིའི་ནད་པའི་མལ་ཁྲི་ཁྲི55.90ཡོད་པའི་ནང་སྨན་ཁང་ཁྲི41.38དང་། ཤང(གྲོང་རྡལ)འཕྲོད་བསྟེན་ཁང་ཁྲི10.83བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི57.84ཡོད་པའི་ནང་ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ་ཁྲི21.98དང་ཐོ་འགོད་བྱས་པའི་སྨན་གཡོག་ཁྲི24.00ཡོད། སྒྲིག་གཞི་ལྟར་དབྱེ་ན། དེའི་ནང་སྨན་ཁང་གི་འཕྲོད་བསྟེན་ལག་རྩལ་པ་ཁྲི37.68དང་། ཤང(གྲོང་རྡལ)འཕྲོད་བསྟེན་ཁང་གི་འཕྲོད་བསྟེན་ལག་རྩལ་པ་ཁྲི8.32ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)ཀྱི་འཕྲོད་བསྟེན་ལག་རྩལ་པ་ཁྲི0.99འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞིའི་འཕྲོད་བསྟེན་ལག་རྩལ་པ་ཁྲི0.45བཅས་ཡོད་པ་རེད།  

9_4 ངལ་རྩོལ་ལས་ཞུགས་སྐོར།     

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི144.21གསར་དུ་འཕར་བ་དང་། ལས་ཤོར་མི་སྣ་ཁྲི43.98བསྐྱར་དུ་ལས་ཞུགས་ཐུབ་པ། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་ཁྲི17བསྐྱར་དུ་ལས་ཞུགས་ཐུབ་པ། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.76%ཟིན་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱེད་མི་ཁྲི63འཕར་སྣོན་བྱུང་བ་དང་། ལོ་མཇུག་ཏུ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱེད་གྲངས་བསྡོམས་འབོར་མི་ཁྲི2939ཟིན་ཞིང་། དེའི་ནང་ཞིང་ཆེན་ནང་ཁུལ་དུ་མི་ཁྲི1762སྤོ་སྒྱུར་བྱས་པ་དང་། ཞིང་ཆེན་ཕྱི་རོལ་དུ་མི་ཁྲི1177སྤོ་སྒྱུར་བྱས་ཡོད།

9_5 སྤྱི་ཚོགས་འགན་སྲུང་།    

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི1897.49ཟིན་ཡོད། དེའི་ནང་འགན་བཅོལ་ནང་ཞུགས་པའི་ལས་བཟོ་ཁྲི1437.62ཡོད་པ་དང་འགན་བཅོལ་ནང་ཞུགས་པའི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྲི459.87ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི5010.22ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི1228.23ཟིན་ཡོད། དེའི་ནང་འགན་བཅོལ་ནང་ཞུགས་པའི་ལས་བཟོ་ཁྲི883.86དང་འགན་བཅོལ་ནང་ཞུགས་པའི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྲི344.37ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི9182.47ཟིན་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི805.57ཟིན་ཡོད། ལས་རྨས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི900.88ཡོད། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི692.73ཟིན་ཡོད།

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་དུང་ཕྱུར23.75སྤྲད་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན་ཁྲི67.78ཟིན་ཡོད་པ་རེད། གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱེད་དངུལ་སྒོར་དུང་ཕྱུར55.04སྤྲད་པ་དང་། གྲོང་གསེབ་ཏུ་མ་མཐའི་འཚོ་རྟེན་འགན་སྲུང་ལོངས་སྤྱོད་བྱེད་མཁན་མི་གྲངས་ཁྲི287.93ཡོད། ལོ་ཧྲིལ་པོར་ཡིག་ཚགས་དང་གཱ་བཟོས་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི106.2དབུལ་སྒྲོལ་ཐུབ་ཡོད།     ཁོར་ཡུག་སྲུང་སྐྱོང་།     སྤྱི་ལོ2014ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་དུ་རང་བྱུང་སྲུང་སྐྱོང་ཁུལ32ཡོད་པ་དང་རྒྱ་ཁྱོན་སྤྱི་ཆིང་སྟོང760.2ཟིན་པའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ12ཡོད་པ་རེད། ནགས་ཚལ་སྤྱི་གླིང་ཁྱོན114དང་། དེའི་ནང་རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང312     སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར18ཀྱིPM10ཡི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ106(བྱེ་རྡུལ་ཕུད་རྗེས)ཡིན་པ་དེ་དུས་མཚུངས་ལས་ཝེ་ཁེའམ་སྨི་རྒྱ་དཔངས་གྲུ་བཞི་མ22ཉུང་དུ་ཕྱིན་པ་དང17.2%མར་ཆག་ཡོད། PM2.5ཆ་སྙོམས་གར་ཚད་ཝེ་ཁེའམ་སྨི་རྒྱ་དཔངས་གྲུ་བཞི62(བྱེ་རྡུལ་ཕུད་རྗེས)ཡིན་པ་དེ་དུས་མཚུངས་ལས་ཝེ་ཁེའམ་སྨི་རྒྱ་དཔངས་གྲུ་བཞི11ཉུང་དུ་ཕྱིན་ནས15.1%མར་ཆག་པ་དང་། SO2ཆ་སྙོམས་གར་ཚད་ཝེ་ཁེའམ་སྨི་རྒྱ་དཔངས་གྲུ་བཞི22ཡིན་པ་དེ་དུས་མཚུངས་ལས་ཝེ་ཁེའམ་སྨི་རྒྱ་དཔངས་གྲུ་བཞི11ཕྱིན་པ་དང33.3%མར་ཆག་པ་རེད། 

10  འགྲིམ་འགྲུལ།
10_1 གཞུང་ལམ།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་དུ་མྱུར་བགྲོད་གཞུང་ལམ་སྤྱི་ལེ6522.63ཤར་གཏོང་ཐུབ་པ་དང་། གཞུང་ལམ་དཀྱུས་མ་སྟོང་སྨི་ཁྲི3.1གྲོང་གསེབ་ཀྱི་གཞུང་ལམ་སྟོང་སྨི་ཁྲི23བཅས་ཡོད།

ཧོ་ནན་ཁོངས་སུ་པེ་ཅིང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མྱུར་བགྲོད་གཞུང་ལམ་དང་། ལན་ཧོ་མྱུར་བགྲོད་གཞུང་ལམ། ཅི་ཀོང་མྱུར་བགྲོད་གཞུང་ལམ། ཏ་ཀོང་མྱུར་བགྲོད་གཞུང་ལམ། ཀོང་ཏུང་མྱུར་བགྲོད་གཞུང་ལམ། ལུའོ་ཉིང་མྱུར་བགྲོད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ17དང་དེ་བཞིན་ས་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ105དང་། 106དང་། 107དང་། 207དང་། 220དང་། 310དང་། 311དང་། 312དང་། 343སོགས་རྒྱལ་ལམ23ཡོད་པ་རེད།

10_2 ལྕགས་ལམ།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་དུ་ལྕགས་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྟོང་སྨི5470.26ཟིན་པའི་ནང་མྱུར་བགྲོད་ལྕགས་ལམ་སྟོང་སྨི1307.91ཡོད་པ་རེད།

རྒྱལ་ཁབ་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་མ་ལམ་ནི། ཅིན་ཀོང་མྱུར་བགྲོད་ལྕགས་ལམ། ཞུས་ལན་མྱུར་བགྲོད་ལྕགས་ལམ། ཀྲེང་ཡུས་མྱུར་བགྲོད་ལྕགས་ལམ། ཀྲེང་ཧྥུའུ་མྱུར་བགྲོད་ལྕགས་ལམ་བཅས་ཡིན།

གྲོང་ཁྱེར་དབར་གྱི་ལྕགས་ལམ་ནི། ཀྲེང་ཁའེ་གྲོང་ཁྱེར་དབར་གྱི་ལྕགས་ལམ། ཀྲེང་ཅའོ་གྲོང་ཁྱེར་དབར་གྱི་ལྕགས་ལམ། ཀྲེང་ཅི་གྲོང་ཁྱེར་དབར་གྱི་ལྕགས་ལམ།

རྒྱལ་ཁབ་ཀྱི་ཡོངས་ཁྱབ་མྱུར་ཚད་ལྕགས་ལམ་གྱི་མ་ལམ་ནི། ཅིན་ཀོང་ལྕགས་ལམ། ལུང་ཧའེ་ལྕགས་ལམ། ཅིན་ཅིའུ་ལྕགས་ལམ། ཅའོ་ལིའུ་ལྕགས་ལམ། ཉིང་ཞི་ལྕགས་ལམ། ལུའོ་ཧྥུ་ལྕགས་ལམ། ཞིན་ཧྲི་ལྕགས་ལམ་སོགས་ཡིན།

རྒྱལ་ཁབ་ས་ཁོངས་ཀྱི་ལྕགས་ལམ་ནི། ཝ་རི་ལྕགས་ལམ། མེང་པའོ་ལྕགས་ལམ། ཧོའུ་ཡུའེ་ལྕགས་ལམ། ཡུས་ཡུས་ལྕགས་ལམ་སོགས་ཡོད།

མེ་འཁོར་འབབ་ཚུགས་ནི། ཀྲེང་ཀྲོའུ་བབས་ཚུགས་དང་། ཀྲེང་ཀྲོའུ་བབས་ཚུགས་ཤར་ཚུགས། ཧྲང་ཆིའུ་བབས་ཚུགས། ལུའོ་དབྱང་བབས་ཚུགས། ཁའེ་ཧྥེང་ས་ཚིགས། ཨན་དབྱང་ས་ཚིགས། ནན་དབྱང་ས་ཚིགས། ཀྲེང་ཀྲོའུ་བབས་ཚུགས་ནུབ་མ་སོགས་ཡོད།

10_3 འཁོར་ལམ་འགྲིམ་འགྲུལ།

སྤྱི་ལོ2017ལོའི་ལོ་མཇུག་བར་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ93.6ཟིན་པ་དང་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར2.5ལས་བརྒལ་ཡོད་པ་རེད།

ཀྲེང་ཀྲོའུ་ལྕགས་ལམ་འགྲིམ་འགྲུལ(ZhengZhouMetro)ནི་ཀྲུང་གོའི་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་ལ་ཞབས་འདེགས་ཞུ་བའི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལ་ཟེར་ཞིང་། དེའི་ལམ་ཐིག་དང་པོ་དེ་སྤྱི་ལོ2013ལོའི་ཟླ12པའི་ཚེས་28ཉིན་ནས་ཚོད་ལྟའི་གཉེར་སྐྱོང་བྱས་ཏེ་ཀྲེང་ཀྲོའུ་འདི་ཉིད་ཀྲུང་གོའི་ས་འོག་ལྕགས་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་ཨང18པར་གྱུར་ཡོད།

སྤྱི་ལོ2019ལོའི་ཟླ12བར་ཀྲེང་ཀྲོའུ་ས་འོག་ལྕགས་ལམ་གཉེར་སྐྱོང་ལམ་ཐིག་ཁྱོན6ཡོད་པ་དེ་དག་ནི་དུས་ཐེངས1དང་། དུས་ཐེངས2དང་།  དུས་ཐེངས5དང་། དུས་ཐེངས14བཅས་ཡིན་པ་དང་། ཚང་མར་ས་འོག་ལྕགས་ལམ་མ་ལག་སྤྱད་དེ་ཁྱོན་མེ་འཁོར་བབས་ཚུགས96ཡོད་པ་དང་གཉེར་སྐྱོང་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྟོང་སྨི146.35ཡོད་པ་རེད།

10_4 མཁའ་སྐྱོད།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་ལ་ཀྲེང་ཀྲོའུ་ཤིན་ཀྲེང་རྒྱལ་སྤྱིའི་གནམ་ཐང་དང་། ལུའོ་དབྱང་བྱང་འདབས་གནམ་ཐང་། ནན་དབྱང་ཅང་ཡིང་གནམ་ཐང་། ཤིན་དབྱང་མིང་ཀང་གནམ་ཐང་སོགས་གནམ་གྲུ་ཤར་གཏོང་ཐུབ་པའི་དམངས་སྤྱོད་གནམ་ཐང4དང་། ཀྲེང་ཀྲོའུ་ཧྲང་ཅེ་གནམ་ཐང་དང་ཨན་དབྱང་བྱང་འདབས་གནམ་ཐང་སོགས་གནམ་གྲུ་ཤར་གཏོང་ཐུབ་པའི་སྤྱི་སྤྱོད་གནམ་ཐང་མང་པོ་ཡོད་པ་རེད།

10_5 ཆུ་ཐོག་སྐྱེལ་འདྲེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧོ་ནན་ཞིང་ཆེན་དུ་ནང་ཁུལ་གཙང་པོའི་གྲུ་ལམ་སྟོང་སྨི1675ཡོད་པ་རེད།  

ཧོ་ནན་གྱི་ཆུ་ལམ་དང་མཚོ་ཐོག་སྐྱེལ་འདྲེན་དེ་གཙོ་བོ་ཧོ་ནན་ཤར་ལྷོའི་རྒྱུད་དང་ཧོ་ནན་དབུས་རྒྱུད་ས་ཁུལ་གྱི་ཀྲེང་ཀྲོའུ་དང་། ཁའེ་ཧྥེང་། ཧྲང་ཆིའུ། ཞུས་ཁྲང་། ཕིང་ཏིང་ཧྲན། ལུའོ་ཧོ། ཀྲོའུ་ཁོའུ། མ་ཏེན་དུ་བཅའ་སྡོད་དང་། ཞིན་དབྱང་། ནན་དབྱང་སོགས་ས་ཁུལ་དང་གྲོང་ཁྱེར་དུ་གཅིག་སྡུད་བྱས་ཡོད་པ་དང་། ཧོའེ་ཧོ་གཙང་པོ་དང་། ཐང་ཧོ། པའེ་ཧོ། ཅ་ལུའུ་ཧོ། ཧྲ་ཆི་ཆུ་བོ་སོགས་གཙང་པོ་དང་རྒྱ་མཚོའི་ནང་རོལ་ཆུ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་རགས་ཙམ་ཆགས་ཡོད།

10_6 སྐྱེལ་འདྲེན།

སྤྱི་ལོ2017ལོར་ཧོ་ནན་ཞིང་ཆེན་གྱི་དངོས་ཟོག་སྐྱེལ་འདྲེན་བསྡོམས་འབོར་ལོ་གོང་མ་ལས11.7%འཕར་བ་དང་། དངོས་ཟོག་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད 11.2%འཕར་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བསྡོམས་འབོར4.8%ཆག་པ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད4.7%འཕར་ཡོད། གནམ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་16.5%འཕར་བ། གནམ་གྲུ་ཐང་གི་དངོས་ཟོག་དང་སྦྲག་རྫས་འདོན་འཇུག་བྱེད་ཚད10.1%འཕར་ཡོད། ཀྲེང་ཀྲོའུ་ནས་ལུ་ཙེམ་པོག་བར“མཁའ་ཐོག་དར་གོས་ལམ་བུའི”གཟའ་འཁོར་རེར་ཟོག་འདྲེན་གནམ་གྲུ18ཀྱི་ཐེག་ཚད་ཡོངས་སུ་འཁོར་སྐྱོད་ཐུབ་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཀྲེང་ཀྲོའུ)ལོ་ཧྲིལ་པོར་གཏོང་ཐེངས501བཏང་ནས་གཟའ་འཁོར་རེར“ཐེངས་བརྒྱད་ལ་སྐྱོད་ཐེངས་བརྒྱད་པའི”མཐོ་ཟློས་གཉེར་སྐྱོང་བྱེད་ཐུབ་པ་བྱུང་ཡོད།      སྤྱི་ལོ 2017ལོའི་ལོ་མཇུག་ཏུ་ཧོ་ནན་ཞིང་ཆེན་གྱི་དམངས་སྤྱོད་རླངས་འཁོར་ཁྲི1286.02ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས13.2%ཆག་པའི་ནང་སྒེར་གྱི་རླངས་འཁོར་ཁྲི1166.82ཟིན་ནས15.5%འཕར་ཡོད། དམངས་སྤྱོད་རླངས་འཁོར་ཆུང་གྲས་ཁྲི1113.39ཟིན་ནས18.1%འཕར་བའི་ནང་སྒེར་གྱི་རླངས་འཁོར་ཁྲི1060.68ཟིན་ནས19.4%འཕར་ཡོད། 

11 ལོ་རྒྱུས་རིག་གནས།
11_1 གནའ་བོའི་རྒྱལ་ས།

ཞ་རྒྱལ་རབས་དང་། ཧྲང་རྒྱལ་རབས་བྱང་མ། ཀྲོའུ་ནུབ་མ། ཀྲོའུ་ཤར་མ། ཧན་ནུབ་མ། ཧན་ཤར་མ། ཚའོ་ཝེ། ཅིན་ནུབ་མ། ཀྲའོ་རྗེས་མ། རན་ཝེ། ཆན་ཡན། ཝེ་བྱང་མ་དང་། ཝེ་བྱང་མ། ཝེ་བྱང་མ། ཆི་བྱང་མ། སུའེ་རྒྱལ་རབས། ཐང་ཀྲོའུ། ཧོའུ་ལིའང་། ཐང་། ཧོའུ་ཅིན། ཅིན་རྗེས་མ། ཀྲོའུ་རྗེས་མ། ལིའོ་ཁྲའོ། སུང་རྒྱལ་རབས་བྱང་མ། སུང་ལྷོ་མ། ཅིན་ཁྲའོ། མིན་གོ་སོགས་སྔ་གཞུག་ཏུ་རྒྱལ་རབས་ངོ་མ20ལྷག་ཙམ་བཙུགས་པའམ་རྒྱལ་ས་ཧོ་ནན་དུ་སྤོས་པ་རེད། ཀྲུང་གོའི་གནའ་བོའི་རྒྱལ་ས་བརྒྱད་ལ་ཧོ་ནན་གྱིས་བཞི་བཟུང་ཡོད་པ་སྟེ། རྒྱལ་རབས་བཅུ་གསུམ་གྱི་གནའ་བོའི་རྒྱལ་ས་ལུའོ་དབྱང་དང་། རྒྱལ་རབས་བརྒྱད་ཀྱི་གནའ་བོའི་རྒྱལ་ས་ཁའེ་ཧྥེང་། རྒྱལ་རབས་བདུན་གྱི་གནའ་བོའི་རྒྱལ་ས་ཨན་དབྱང་། ཞ་ཧྲང་གནའ་བོའི་རྒྱལ་ས་ཀྲེང་ཀྲོའུ་བཅས་ཡིན། ཞ་རྒྱལ་རབས་ཧོ་ནན་ཅན་ཏུའུ་ནས་བཟུང་། ཧོ་ནན་དུ་ལུའོ་དབྱང་དང་། ཁའེ་ཧྥེང་། ཨན་དབྱང་། ཀྲེང་ཀྲོའུ། ཧྲང་ཆིའུ། ནན་དབྱང་། ཕུའུ་དབྱང་། ཞུས་ཁྲང་། ཏེང་ཧྥེང་། ཞ་དབྱི། ཡན་ཧྲི། ཡུས་ཀྲོའུ། ཁྲང་ཀོ། ཡུས་ཁྲེང་། ཡུས་ཁྲེང་། ཅི་ཡོན། ཐང་དབྱིན། ནེ་ཧོང་། ཝུན་རྫོང་། ཆི་རྫོང་། ཧོ་པི། ཅེ་རྫོང་། ཧོའེ་དབྱང་། ཞིན་ཀྲེང་། ཞིན་ཚའེ། སུའེ་ཕིན། ཕིན་ཏིན་ཧྲན་སོགས་གནའ་བོའི་རྒྱལ་ས་འཛུགས་བསྐྲུན་བྱས།

11_2 ཀྲུང་ཡོན་རིག་གནས།

ཀྲུང་ཡོན་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ལོ་རྒྱུས་རིང་བ། ཕྱི་རིམ་ནས་བལྟས་ན། ས་ཁོངས་རིག་གནས་ཤིག་ཡིན་པ་དང་། གཏིང་རིམ་ནས་བལྟས་ན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་རྩ་དང་གཙོ་སྒྲུབ་ཡིན་པས་ཀྲུང་ཧྭའི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་མངོན་གསལ་དོད་པའི་གནས་བབ་བཟུང་ཡོད།

11_3 འབྲུག་གི་རིག་གནས།

ཧོ་ནན་ནི་ཀྲུང་ཧྭའི་འབྲུག་གི་ཕ་ཡུལ་ཡིན། གོང་མ་གསུམ་གྱི་ཨང་དང་པོ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མེས་པོ་ཞེས་འབོད་པའི་ཐའེ་ཧའོ་ཕུའུ་ཤིས་ཧྲི་ཡིས་ཀྲོའུ་ཁོའུ་ཧོའེ་དབྱང་དུ་ལུང་ཧྲི་ཞེས་པའི་མིང་ཐོག་ནས་ལུང་ཧྲི་ཞེས་པའི་མིང་དེ་གསར་གཏོད་བྱས་པའི་ལུང་ཐུའུ་ཐེང་གིས་གནའ་བོའི་དུས་སྐབས་སུ་ཀྲུང་ཡོན་ས་ཁུལ་གྱི་ཚོ་བ་མང་པོ་མཉམ་འདྲེས་ཆེན་པོ་ཐེངས་དང་པོ་བྱུང་ཡོད། གོང་མ་ལྔའི་ཨང་དང་པོ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མེས་པོ་ཞེས་འབོད་པའི་གོང་མ་ཞོན་ཡན་ཧོང་ཏི་ཡིས་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཚོ་བ་དང་རིགས་སོ་སོ་གཅིག་གྱུར་བྱས་རྗེས། ཚོ་པ་སོ་སོའི་བསམ་བློ་དང་སྙིང་སྟོབས་གཅིག་སྒྲིལ་བྱེད་ཆེད། ཀྲེང་ཀྲོའུ་ཞིན་ཀྲེང་གིས་ཀྱང་འབྲུག་ཚོ་པ་གསར་པའི་མཚོན་ཆོས་བྱས་པས། ཀྲུང་གོ་བ་རྣམས་ཀྱིས་རང་ཉིད་ཀྱིས“ཡན་ཧོང་བུ་རྒྱུད་”དང“འབྲུག་གི་རྒྱུད་འཛིན་པ་”ཞེས་འབོད་ཀྱིན་ཡོད། ཕུའུ་དབྱང་པེང་ལུང་ནི་ད་བར་ལོ6400ལྷག་ཙམ་ཡིན་པ་དང་། དེ་ནི་ཀྲུང་གོའི“འབྲུག”གི་གཟུགས་བརྙན་སྔ་ཤོས་དེ་ཡིན་པས་གནའ་རྫས་རྟོག་ཞིབ་རིག་པ་དང་སྤྱི་ཚོགས་རིག་པའི་ལས་རིགས་ཀྱིས“ཀྲུང་ཧྭའི་འབྲུག་དང་པོ”རེད་ཅེས་བརྗོད་ཀྱིན་ཡོད།

11_4 རྒྱ་ཡིག་རིག་གནས།

ཧོང་ཏིའི་དུས་རབས་ཀྱི་ཧྲང་ཆིའུ་ཡུས་ཁྲེང་གི་མིས་ཚང་ཨའེ་ཡིས་ཡི་གེ་བཟོས་པ་དང་། རུས་བརྐོས་ཡི་གེ་ནི་ཧྲང་རྒྱལ་རབས་ཀྱི་དུས་མཇུག་གི་རྒྱལ་ས་ཨན་དབྱང་དབྱིན་ཞུའུ་ནས་བྱུང་བ་དང་། མ་ཏེན་དུ་བཅའ་སྡོད་ཧྲང་ཚའེ་པ་ལི་སི་ཡིས“དཔེ་དེབ་གཅིག་མཐུན”བྲིས་པ་དང་ཚད་ལྡན་གྱི་ཡིག་གཟུགས“དེབ་ཆུང”བྲིས་པ་རེད། ལུའོ་ཧོ་བ་ཞུས་ཧྲེན་གྱིས་འཛམ་གླིང་གི་ཚིག་མཛོད་དང་པོ《ཡི་གེ་འགྲེལ་པ》ཞེས་པ་རྩོམ་སྒྲིག་བྱས་པ་དང་། ཚད་ལྡན་ཅན་གྱི“སུང་གཟུགས་”ནི་སུང་རྒྱལ་རབས་བྱང་མའི་རྒྱལ་ས་ཁའེ་ཧྥེང་དུ་བྱུང་བ་དང་། ཡིག་འབྲུ་གསོན་པའི་པར་འདེབས་ལག་རྩལ་ཡང་སུང་རྒྱལ་རབས་བྱང་མའི་རྒྱལ་ས་ཁའེ་ཧྥེང་དུ་གསར་གཏོད་བྱས་པ་རེད།

11_5 རུས་མིང་རིག་གནས།

ཧོ་ནན་ནི་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་གནས་དང་ཧྭ་ཞ་ཤེས་རིག་གི་འབྱུང་གནས་ཡིན་ལ། ཀྲུང་གོའི་རུས་མིང་གི་འབྱུང་ཁུངས་གཙོ་བོ་ཡང་ཡིན། ཀྲུང་གོའི་རུས་མིང་གི་འབྱུང་ཁུངས་གཙོ་བོ300ཡི་ནང་ནས་རྩ་བ་ཧོ་ནན་དུ་གནས་པ171ཡོད་པ་དང་། མི་འབོར་མང་ཉུང་ལྟར་བསྒྲིགས་པའི་ཀྲུང་གོའི་རུས་མིང་ཆེན་པོ100ཡི་ཁྲོད་ཀྱི་རུས་མིང78ཀྱི་འབྱུང་རྩ་ནི་ཧོ་ནན་དུ་ཡོད། ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ། ཧོ་ནན་ནི“མཁས་བརྒྱ་འགྲན་གླེང”གི་གཡུལ་ས་གཙོ་བོ་ཡིན་པ་དང་། ཏའོ་ལུགས་དང་། མོ་ལུགས། ཧྥ་ལུགས། གྲགས་ཅན་པ། འཕྲེད་གཞུང་མཁས་པ་སོགས་གཙོ་རྒྱུན་བསམ་བློ་ཚང་མ་ཧོ་ནན་ནས་བྱུང་བ་རེད།

11_6 རྨོ་ཞིང་རིག་གནས།

ཀྲུང་གོའི་སྔ་དུས་ཀྱི་ཞིང་ལས་ཤེས་རིག་ནི་ཆེས་ཐོག་མར་ཧོ་ནན་ནས་བྱུང་བ་ཡིན། ཀྲུང་ཡོན་གྱི་སྔ་དུས་ཀྱི་རྨོ་འདེབས་རིག་གནས་ལ་རྨོ་འདེབས་ལག་རྩལ་དང་ཚན་རིག་གི་གསར་གཏོད་མང་པོ་འདུས་ཡོད། ཕེ་ལི་ཀང་རིག་གནས་ཤུལ་བཞག་ཁྲོད་ཞིང་ལས་ཐོན་སྐྱེད་ཡོ་བྱད་མི་ཉུང་བ་ཞིག་ཐོན་ནས་ཀྲུང་ཡོན་གྱི་དུས་འགོར་དར་རྒྱས་ཆེ་བའི་རྨོ་འདེབས་ཤེས་དཔལ་ལ་དཔང་རྟགས་མཁོ་འདོན་བྱས་ཡོད། ཡན་ཏི་ཀྲུའུ་ཞང་ཧྲི་ཅན་ཏུའུ་ཁྲིན། ཀྲུའུ་ཡེ(ད་ལྟའི་ཧྲང་ཆིའུ་གྲོང་གི་ཧུའུ་ཞང་གྲོང་བརྡལ)གྱིས་ཀྲུང་ཡོན་གྱི་སྔ་དུས་སུ་དར་རྒྱས་ཆེ་བའི་ཞིང་ལས་དཔལ་ཡོན་གསར་སྐྲུན་བྱས།

11_7 ཚོང་ལས་རིག་གནས།

ཚོང་བ་དང་ཚོང་ཟོག  ཚོང་ལས་བཅས་ནི་འབྱུང་ཁུངས་ནི་ཧྲང་ཆིའུ་ཡིན། ཤཱ་ཏའེ་ཚོང་རིགས་ཚོ་བའི་འགོ་གཙོ་ཧྲང་ཆིའུ་བ་ཝང་ཧེས“མོ་ཏྲའི་ཐག་ཉེ”ཞེས་པ་དེ་གླང་འཁོར་གྱིས་དངོས་ཟོག་དྲུད་ནས་ཐག་རིང་དུ་ཚོང་རྒྱག་པར་བསྐྱོད་དེ་ཚོང་ལས་ཀྱི་སྲོལ་གཏོད་མེས་པོ་བྱས། ཁྲུན་ཆིའུ་དུས་སྐབས་ཀྱི་ཧོ་པི་རྫོང་གི་མི་ཙི་ཀུང་གིས་དཔོན་པོ་བྱེད་ཐུབ་པ་མ་ཟད། ཚོང་བརྒྱབ་ནས་ཕྱུག་འགྱུར་བྱེད་མཁས་པོ་ཡོད། ཧྲང་རྒྱལ་རབས་ཀྱི་ནན་དབྱང་ཞི་ཁྲོན་གྱི་མི་ཧྥན་ཡན་གྱིས་ཝུའུ་རྒྱལ་ཁབ་སླར་གསོ་བྱེད་པར་རོགས་རམ་བྱས་རྗེས། སུང་རྒྱལ་ཁབ་ལ་དབང་དུ་བསྡུས་ནས་ད་གཟོད་ཚོང་ལས་གཉེར་དུ་བཅུག ཀྲིན་གོ་གྲོང་ཁྱེར་གྱི་མི་མང་ཞིང་། ཚོང་རྒྱག་པའི་ལམ་བར་དུ་ཆིན་དམག་གིས་བཙན་འཛུལ་བྱས་པ་དང་། རང་གི་ནོར་བཅོ་ལྔ་རིན་དོད་བྱས་ཏེ་ཆིན་དམག་ཕྱིར་འཐེན་བྱས། ལས་རིགས་ཚོང་པ་ཀྲོའུ་ནུབ་མའི་རྒྱལ་ས་ལུའོ་དབྱང་དུ་འཁྲུངས་ཤིང་། ཁྲིམས་སྲོལ《དམ་ཚིག》ནི་ཁྲུན་ཆིའུ་དུས་སྐབས་ཀྱི་ཀྲེང་གོ་ཏུའུ་ཁྲེང་ཀྲེང་ཀྲོའུ་ཤིན་ཀྲེང་དུ་འཁྲུངས་ཤིང་། “གྲོང་སྒོའི་དམག་དཔོན”གྱིས་མཚོན་པའི་ཆེས་སྔ་བའི་སྒོ་ཁྲལ་བསྡུ་ལེན་དེ་ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་ཀྱི་སུང་གོ་ཏུའུ་གྲོང་ཁྱེར་ཧྲང་ཆིའུ་བྱས་པ་དེ་རེད།

11_8 བསམ་བློ་རིག་གནས།

ཀྲུང་ཡོན་བསམ་བློ་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་རིག་གནས་ཀྱི་སྲོག་ཤིང་ཡིན། ཧྥུ་ཞི་ཡིས་ཀྲོའུ་ཁོའུ་ཧོའེ་དབྱང་རྒྱུད་དུ་སྤར་ཁ་འཁྲབ་པ་དང་། ཀྲོའུ་ཝུན་ཝང་གིས་ཧྥུ་ཞི་སྤར་ཁའི་རྨང་གཞིའི་ཐོགཨན་དབྱང་ཐང་དབྱིན་ལི་གྲོང་ཁྱེར་གྱི་བཙོན་ཁང་དུ་རྗེས་རབས་པ་རྣམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི《མདོ་གཞུང་》བྲིས་ཡོད། ཀྲོའུ་ཀུང་ཏན་གྱིས་ཀྲོའུ་ནུབ་མའི་རྒྱལ་ས་ལུའོ་དབྱང་དུ་གུས་ལུགས་དང་རོལ་མོ་དཀྲོལ་བ་དང་། ལམ་ལུགས་བཙུགས། ཕ་ཡུལ་གྱི་ཧྲང་ཆིའུ་ཞ་དབྱི་ཡི་ཁུང་ཙི་ནི་ཧོ་ནན་མངའ་ཁོངས་ཀྱི་རྒྱལ་ཕྲན་རྒྱལ་ཁབ་ཁག་ཏུ་ཆོས་འཆད་པ་དང་། རུའུ་ལུགས་པའི་བསམ་བློ་བརྒྱུད་སྤེལ་བྱས་པ་རེད། ཏའོ་ལུགས་པའི་བསམ་བློ་དང་། མོ་ལུགས་པའི་བསམ་བློ། གྲགས་ཅན་པའི་བསམ་བློ། ཁྲིམས་ལུགས་ཀྱི་བསམ་བློ། འཕྲེད་གཞུང་གི་བསམ་བློ་སོགས་ཚང་མ་ཧོ་ནན་ནས་བྱུང་བ་རེད།

11_9 ཚན་རྩལ་རིག་གནས།

ཀྲུང་གོའི་སྔ་དུས་ཀྱི་གནམ་དཔྱད་རིག་པ་བ་དབྱིན་པོ་ཡིས་ཧྲང་ཆིའུ་དབྱིན་དབྱང་སྐར་དཔྱད་ཚད་ལེན་བྱེད་སྐབས། ཀྲུང་གོའི་སྐར་གཟིགས་སྟེགས་བུ་ཐོག་མ་དེ་བཙུགས་པ་རེད། ཨན་དབྱང་དབྱིན་ཞུའེ་ཡི་ས་འོག་ནས་ཐོན་པའི་ཧྲང་རྒྱལ་རབས་སྐབས་ཀྱི་སི་མུའུ་ཅ་ཡི་ཁོག་གཤར་ནི་ཀྲུང་གོས་ད་བར་ཤེས་རྟོགས་བྱུང་བའི་ལི་ཆས་ཆེ་ཤོས་དེ་རེད། ཧན་ཤར་མའི་ཅའོ་ཙུའོ་ཝེ་ཧུའེ་ཡི་མི་ཏུའུ་ཧྲི་ཡིས་གསར་གཏོད་བྱས་པའི“ཆུ་འབུད”ཀྱི་རྔ་རྡུང་ལག་རྩལ་དེ་ཡོ་རོབ་གླིང་ལས་ལོ་ངོ1000ལྷག་གིས་སྔ་བ་ཡོད། 《ཅའོ་ཡུས་ཀྱི་རྡོའི་སྟ་རེ་རི་མོ》ཞེས་པར་ཀྲུང་གོའི་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་སྔ་ཤོས་ཞེས་བརྗོད་པ་དང་། ལོ6000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་གནས་སྤོ་མི་ཐུབ་པའི་རིག་དངོས་ཀྱི་གྲས་སུ་བཞག་ཡོད།

11_10 ཀྲུང་ལུགས་གསོ་རིག

ཡན་ཏི་དང་ཧོང་ཏི་གཉིས་ཀ་ཀྲུང་གོའི་ཀྲུང་ལུགས་གསོ་རིག་གི་སྲོལ་གཏོད་མཁན་ཡིན་པ་དང་། ཀྲུང་ལུགས་གསོ་རིག་གི་རིག་གནས་འབྱུང་ཁུངས་ཧོ་ནན་དུ་དར་སྤེལ་བཏང་ཡོད། ནན་དབྱང་བ་ཀྲང་ཀྲུང་ཅིང་ལ“སྨན་པའི་ལྷ་”ཞེས་འབོད་ཅིང་། ཁོང་གི་བརྩམས་ཆོས་གྲགས་ཅན《རྒྱུ་དུག་གི་ནད་ཀྱི་རྣམ་བཤད》ཅེས་པ་དེ་ཀྲུང་ལུགས་གསོ་རིག་གི་གཅེས་ནོར་དུ་གྲགས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་དུ་སྐད་གྲགས་ཆོད་ཡོད། ཚོང་གྱི་དེད་དཔོན་ཀྲང་ཚུང་ནི་ཅིན་ཁྲའོ་སྨན་པ་གྲགས་ཅན་བཞིའི་གྲས་ཀྱི་དང་པོ་ཡིན།

11_11 སྙན་ངག་རིག་གནས།

ཧོ་ནན་ནི་ཀྲུང་གོའི་རྩོམ་རིག་གི་འབྱུང་གནས་ཡིན། ཀྲུང་གོའི་ཆེས་སྔ་བའི་ལྷུག་རྩོམ་ཕྱོགས་བསྒྲིགས《ཧྲང་ཧྲུའུ》ནི་ཀྲོའུ་ཤར་མའི་ལུའོ་དབྱང་གི་ལོ་རྒྱུས་དཔོན་པོས་དཔེ་ཆ་ལེགས་སྒྲིག་བྱས་པ་ཞིག་ཡིན། ཀྲུང་གོའི་སྙན་ངག་ཕྱོགས་བསྒྲིགས་དང་པོ《སྙན་ངག་གི་བསྟན་བཅོས》ནང་ཧོ་ནན་ཞིང་ཆེན་ཁོངས་སུ་གཏོགས་པའི་བརྩམས་ཆོས100ལྷག་ཙམ་ཡོད་པ་དེས་སྤྱིའི་བརྩམས་ཆོས་ཀྱི་གསུམ་ཆ་གཅིག་ཡན་བཟུང་ཡོད། ལུའུ་ཞུན་གྱིས་ཆིན་རྒྱལ་རབས་ཀྱི་སྐབས་སུ་རྩོམ་པ་པོ་ཞེས་འབོད་ཆོག་པ་ནི་ཧོ་ནན་ཧྲང་ཚའེ་ཡི་ལི་སི་གཅིག་པུ་རེད། ཧན་ཝེ་དུས་སྐབས་སུ“ཧན་ཝེ་ཡི་རྩོམ་དང་ལུའོ་དབྱང་ཕྱེད་ཙམ་པ”ཞེས་པའི་བཤད་སྲོལ་ཡོད། 

11_12 དྲག་རྩལ་རིག་གནས།

ཧོ་ནན་ནི་ཀྲུང་གོའི་དྲག་རྩལ་གྱི་ཕ་ཡུལ་ཡིན། ཀྲེང་ཀྲོའུ་ཏེང་ཧྥེང་སུང་ཧྲན་ཧྲའོ་ལིན་དྲག་རྩལ་ནི་ཀྲུང་ཧྭའི་དྲག་རྩལ་གྱི་འབྱུང་རྩ་ཡིན་པ་དང་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། ཅའོ་ཙུའོ་ཝུན་རྫོང་ཁྲེན་ཅ་ཀོའུ་ཡི་མི་ཁྲེན་ཝང་ཐིང་གིས་བཙུགས་པའི་ཐའེ་ཅི་ཆོན་ནི་ཀྲུང་གོའི་ཐའེ་ཅི་ཆོན་གྱི་འབྱུང་གནས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-07

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།