གཙང་བོའི་འགྲམ་དུ་སྐྱོ་སྣང་སྐྱེས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཙང་བོའི་འགྲམ་དུ་སྐྱོ་སྣང་སྐྱེས་པ།
སྙན་ངག་འདིའི་ནང་དུ་ཐང་ཞོན་ཙུང་དང་བཙུན་མོ་དབྱང་ཀུའེ་གཉིས་ཆུས་ཅང་གཙང་པོའི་འགྲམ་དུ་ཡུལ་སྐོར་ལ་བསྐྱོད་པའི་དོན་དག་བྲིས་ཏེ། བཙུན་མོ་ཀུའེ་ལགས་གྲོངས་པའི་སྡུག་བསྔལ་དང་ཞོན་ཙུང་བྲོས་བྱོལ་དུ་སོང་བའི་སྐོར་བྲིས་ནས། ཁོང་གིས་ཆུས་ཅང་གཙང་པོ་ཉམས་རྒུད་དུ་སོང་བར་དབུགས་རིང་འབྱིན་ཞོར་ཨན་ཧྲིའི་ངོ་ལོག་དམག་གིས་འཕྲོག་བཅོམ་བྱས་རྗེས་ཀྱི་ཉམས་རྒུད་ཀྱི་རྣམ་པ་མཚོན་པར་བྱས་ཡོད་ལ། ཁྱད་པར་དུ་སྙན་ངག་པའི་རྒྱལ་གཅེས་ཀྱི་ལྷག་བསམ་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
哀江头
འགྱུར་ཡིག་གི་ཁ་བྱང་།
གཙང་བོའི་འགྲམ་དུ་སྐྱོ་སྣང་སྐྱེས་པ།
རྩོམ་པ་པོ།
杜甫
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

少陵野老吞声哭,春日潜行曲江曲。

江头宫殿锁千门,细柳新蒲为谁绿。

忆昔霓旌下南苑,苑中万物生颜色。

昭阳殿里第一人,同辇随君侍君侧。

辇前才人带弓箭,白马嚼啮黄金勒。

翻身向天仰射云,一箭正坠双飞翼。

明眸皓齿今何在,血污游魂归不得。

清渭东流剑阁深,去住彼此无消息。

人生有情泪沾臆,江草江花岂终极。

黄昏胡骑尘满城,欲往城南望城北。

2 འགྱུར་ཡིག 

ཧྲའོ་ལིང་རྒན་པོ་ངག་སྒོ་བསྡམས་ནས་ངུ་༎ དཔྱིད་ཉིར་ལྐོག་ཏུ་ཆུས་ཅང་དབེན་སར་ཉུལ༎

གཙང་འགྲམ་ཕོ་བྲང་སྒོ་མང་ལྕགས་ཟྭ་བརྒྱབ༎ ལྕང་ཕྲན་འདམ་རྩྭ་ལྗང་བ་གང་གི་ཆེད༎

སྔ་དུས་ལྷོ་ཁུགས་ཚོན་དར་བསླེབས་པ་དྲན༎ ཁུགས་ཀྱི་སྐྱེ་དངོས་ཀུན་ལ་བཀྲག་མདངས་རྒྱས༎

ཀྲའོ་དབྱང་བྲང་སའི་སྙིང་སྡུག་མཆོག་གྱུར་མ༎ ཤིང་རྟར་མཉམ་འོང་གོང་མའི་འཁྲིས་སུ་ལངས༎

ཤིང་རྟའི་མདུན་དུ་སླས་ཀྱི་མདའ་གཞི་བཟུང་༎ རྟ་དཀར་ཁ་རུ་གསེར་གྱི་ལྕེ་མདུད་འཆའ༎

ལུས་བསྒྱུར་གྱེན་ཕྱོགས་བར་སྣང་བུ་ལ་འཕངས༎ མདའ་མོ་གཅིག་ལ་འདབ་ཆགས་ཟུང་ཞིག་ལྷུང་༎

མིག་ཡངས་ཚེམས་དཀར་མ་ནི་དེ་རིང་གང་༎ ཁྲག་སྦགས་རྣམ་ཤེས་འཁྱར་པོ་གང་དུ་ལོག །

ཅན་ཀོ་གྲོག་རིང་ཝེ་ཆུ་ཤར་དུ་བཞུར༎ ཕན་ཚུན་གནས་ཚུལ་འགྲོ་དང་འདུག་པས་ཆད༎

མི་ཚེ་བརྩེ་ལྡན་མཆི་མས་བྲང་བརླན་ལ༎ གཙང་པོ་བཞུར་དང་ཆུ་སྐྱེས་བཞད་མཐའ་ཅི༎

སྲོད་པར་མཐའ་དམག་མཁའ་གྲོང་རྡུལ་གྱིས་བཀང་༎ མཁར་ལྷོར་འགྲོ་འདོད་མཁར་བྱང་ཕྱོགས་སུ་བལྟས༎

3 མཆན། 

ཧྲའོ་ལིང་རྒན་མོ། རྩོམ་པ་པོའི་མིང་གཞན། 

ཆུས་ཅང་། གཙང་པོ་ཞིག 

ལྷོ་ཁུགས། གོང་མ་ཞོན་ཙུང་བཞུགས་སའི་ཕོ་བྲང་ཞིག 

ཀྲའོ་དབུང་བྲང་ས། ཧན་གྱི་ཕོ་བྲང་ཞིག 

སླས། འཁོར་ནང་མ། 

ཁྲག་སྦགས་རྣམ་ཤེས། མཛེས་མ་དབྱང་ཡུས་ཧོན་གྱི་རྣམ་ཤེས་སོ༎ 

ཅན་ཀོ  འགག་ཞིག་སྟེ། ད་ལྟའི་སི་ཁྲོན་ཞིང་ཆེན་ཅན་ཀོ་རྫོང་དུ་ཡོད། 

འགྲོ་དང་འདུག་པ། གོང་མ་ཅན་ཀོའི་འགག་གི་ཕྱོགས་སུ་བསླེབས་པ་དང་བཙུན་མོ་འོག་མ་དེར་བཀུམས་ནས་ལུས་པའི་དོན། 

མཐའ་དམག ཨན་ལོའུ་ཧྲན་གྱི་དམག 

མཁར་ལྷོ། རྩོམ་པ་པོ་འདུག་པའི་གནས། 

མཁར་བྱང་། རྒྱལ་པོའི་མཁར་ཁྲང་ཨན་བྱང་ཕྱོགས་སུ་ཡོད་པས་སོ༎ 

4 རྩོམ་པ་པོ་ངོ་སྤྲོད། 

ཏུའུ་ཕུའུ། (712-770) ཕ་ཡུལ་ནི་ཧུའུ་པེ་ཞང་དབྱང་ནས་ཡིན་ཞིང་། ཕྱིས་སུ་ཧོ་ནན་ཀུང་རྫོང་དུ་གནས་སྤོས་པ་ཡིན། ཁོང་ནི་ཐང་རྒྱལ་རབས་དུས་ཀྱི་རླབས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་ལ《མཐོ་སར་འཛེགས་པ》དང《ཤར་གྱི་ལྷུན་པོར་ལྟ་བ》སོགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།