ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས།
ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ནི་རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)དང་། སྲིད་གཞུང(སྲིད་འཛིན)དང་དེའི་འགན་ནུས་སྡེ་ཁག་གི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་རིང་ཁག་འགན་འཁུར་དགོས་པའི་ལམ་ལུགས་ལ་ཟེར། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲི་འཁུར་མཁན་གཙོ་བོ་ནི་རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མི་ཡིན་པ་དང་། རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་ཚན་པའི་ནང་གི་གཙོ་འགན་འཁུར་མཁན་ནི་རང་ངོས་ས་ཁུལ་དང་། རང་ངོས་སྡེ་ཁག རང་ངོས་སྡེ་ཚན་བཅས་ཀྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲི་འཁུར་མཁན་ཨང་དང་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党风廉政建设责任制
སྤྱད་འཐུས།
རིམ་པ་ཁག་གི་ཏང་གི་ལས་ཁུངས། མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས།
ནང་དོན།
ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར།
དམིགས་ཡུལ།
ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ།
དཀར་ཆག
1   ​སྤྱིའི་དོན་ཚན།
1.1 དོན་ཚན་དང་པོ།
1.2 དོན་ཚན་གཉིས་པ།
1.3 དོན་ཚན་གསུམ་པ།
1.4 དོན་ཚན་བཞི་བ།
1.5 དོན་ཚན་ལྔ་བ།
2   འགན་འཁྲིའི་ནང་དོན།
2.1 དོན་ཚན་དྲུག་པ།
2.2 དོན་ཚན་བདུན་པ།
3   དཔྱད་ཞིབ་ལྟ་སྐུལ།
3.1 དོན་ཚན་བརྒྱད་པ།
3.2 དོན་ཚན་དགུ་བ།
3.3 དོན་ཚན་བཅུ་བ།
3.4 དོན་ཚན་བཅུ་གཅིག་པ།
3.5 དོན་ཚན་བཅུ་གཉིས་པ།
3.6 དོན་ཚན་བཅུ་གསུམ་པ།
3.7 དོན་ཚན་བཅུ་བཞི་པ།
3.8 དོན་ཚན་བཅོ་ལྔ་པ།
3.9 དོན་ཚན་བཅུ་དྲུག་པ།
3.10 དོན་ཚན་བཅུ་བདུན་པ།
3.11 དོན་ཚན་བཅོ་བརྒྱད་པ།
4   ཁག་འགན་བདའ་འདེད།
4.1 དོན་ཚན་བཅུ་དགུ་པ།
4.2 དོན་ཚན་ཉི་ཤུ་བ།
4.3 དོན་ཚན་ཉེར་གཅིག
4.4 དོན་ཚན་ཉེར་གཉིས་པ།
4.5 དོན་ཚན་ཉེར་གསུམ་པ།
4.6 དོན་ཚན་ཉེར་བཞི་པ།
4.7 དོན་ཚན་ཉེར་ལྔ།
4.8 དོན་ཚན་ཉེར་དྲུག་པ།
4.9 དོན་ཚན་ཉེར་བདུན་པ།
4.10 དོན་ཚན་ཉེར་བརྒྱད་པ།
5   ཞར་བྱུང་དོན་ཚན།
5.1 དོན་ཚན་ཉེར་དགུ་པ།
5.2 དོན་ཚན་སུམ་བཅུ་པ།
5.3 དོན་ཚན་སོ་གཅིག་པ།
5.4 དོན་ཚན་སོ་གཉིས་པ།
1 ​སྤྱིའི་དོན་ཚན།
1_1 དོན་ཚན་དང་པོ།

ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་རིང་གི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ཁ་གསལ་བཟོ་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ། ཏང་གི་སྲིད་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་ནས་གཏན་འབེབས་འདི་བཟོས་པ་ཡིན།

1_2 དོན་ཚན་གཉིས་པ།

གཏན་འབེབས་འདི་ཏང་གི་ལས་ཁུངས་དང་། མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་སྤྱོད་འོས། མི་དམངས་ཚོགས་པ་དང་། རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས། (རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་དངུལ་རྩའི་ཁེ་ལས། )བྱ་ལས་སྡེ་ཚན་གྱི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་གཏན་འབེབས་འདི་གཞིར་བཟུང་ནས་ལག་བསྟར་བྱ་དགོས།

1_3 དོན་ཚན་གསུམ་པ།

ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པར། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན་མཛུབ་སྟོན་དུ་འཛིན་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གིས་ཏང་སྐྱོང་བ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་སྔོན་འགོག་མཉམ་བསྟར། སྔོན་འགོག་ལ་མཐོང་ཆེན་བཅས་རྒྱུན་འཁྱོངས་བྱེད་པ། རུལ་སུངས་ལ་ཉེས་ཆད་གཅོད་པ་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཁག་ཐེག་བྱ་དགོས།

1_4 དོན་ཚན་བཞི་བ།

ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པར་ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་དང་། ཏང་སྲིད་ཀྱིས་མཉམ་དུ་དམ་འཛིན་དང་དོ་དམ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྒྲིག་འཛུགས་དང་མཐུན་སྦྱོར། སྡེ་ཁག་སོ་སོས་རང་འགན་རང་འཁུར། མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཐེ་ཞུགས་ལ་བརྟེན་པ་བཅས་རྒྱུན་འཁྱོངས་བྱ་དགོས། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱ་རྒྱུ་དེ་ཏང་ལེགས་སྐྱོང་དང་སྲིད་དབང་ལེགས་སྐྱོང་བྱ་རྒྱུའི་ནང་དོན་གལ་ཆེན་དུ་བརྩིས་ཏེ་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་དོ་དམ་བྱེད་ཁོངས་སུ་འཇུག་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་ལེགས་སྐྱོང་བཅས་དང་དེ་བཞིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་དང་ལས་སྒོའི་ལས་ཀ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར། མཉམ་དུ་དཔྱད་ཞིབ་བཅས་བྱ་དགོས།

1_5 དོན་ཚན་ལྔ་བ།

ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བར། ཐུན་མོང་གི་འགོ་ཁྲིད་དང་མི་སྒེར་གྱི་ལས་བགོས་འགན་འཁུར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་རྒྱུ་དང་། རིམ་པ་རེ་རེ་བཞིན་དམ་འཛིན། རིམ་པ་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་བཅས་བྱ་དགོས།

2 འགན་འཁྲིའི་ནང་དོན།
2_1 དོན་ཚན་དྲུག་པ།

འགོ་ཁྲིད་ཚན་པས་འགན་འཁྲི་སྒྲུབ་ཁོངས་ཀྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་འགན་འཁུར་དགོས།

འགོ་ཁྲིད་ཚན་པའི་འགན་འཁུར་པ་གཙོ་བོ་ནི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁུར་པ་དང་པོ་ཡིན་པས། ལས་དོན་གལ་ཆེན་ལ་དངོས་སུ་བཀོད་སྒྲིག་དང་། གནད་དོན་གལ་ཆེན་ལ་དངོས་སུ་འདྲི་རྩད། ལྷུ་ཚིགས་གལ་ཆེན་ལ་དངོས་སུ་མཐུན་སྦྱོར། གྱོད་གཞི་གལ་ཆེན་ལ་དངོས་སུ་ལྟ་སྐུལ་བཅས་བྱ་དགོས།

འགོ་ཁྲིད་ཚན་པའི་ཁོངས་མི་གཞན་དག་གིས་ལས་ཀའི་ལས་བགོས་ལྟར་འགན་འཁྲི་སྒྲུབ་ཁོངས་ཀྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་པར་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་དགོས།

2_2 དོན་ཚན་བདུན་པ།

ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་རིང་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་གཤམ་གསལ་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་དགོས།

(གཅིག)ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་གོང་རིམ་ཏང་ཨུད(ཏང་ཙུའུ)དང་། སྲིད་གཞུང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་བཅས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་འཆར་གཞི་དང་། དམིགས་ཚད་བླང་བྱ། ཞིབ་ཕྲའི་བྱེད་ཐབས་བཅས་ཞིབ་འཇུག་དང་གཏན་འབེབས་བྱེད་པ། ལོ་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཆེད་དོན་ཞིབ་འཇུག་བྱེད་པའི་ཏང་ཨུད་ཀྱི་རྒྱུན་ཨུ་ཚོགས་འདུ(ཏང་ཙུའུ་ཚོགས་འདུ)དང་སྲིད་གཞུང་གི་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་འཚོགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་ལ་འགན་འཁྲི་དབྱེ་འབྱེད་བྱེད་པ་དང་། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཁྲོད་ཀྱི་འགན་འཁྲི་དང་ལས་འགན་ལས་བགོས་ཁ་གསལ་བྱེད་པ་མ་ཟད། འཆར་གཞིར་གཞིགས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

(གཉིས) ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་སྲིད་དོན་གཙང་སྐྱོང་གི་སློབ་གསོ་སྤེལ་བ་དང་། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་རིགས་པའི་གཞུང་ལུགས་དང་ཁྲིམས་སྲོལ་དང་ལམ་ལུགས་བཅས་སློབ་སྦྱོང་བྱེད་དུ་འཇུག་པ། སྲིད་དོན་གཙང་སྐྱོང་གི་རིག་གནས་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ།

(གསུམ) ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་དང་། ལམ་ལུགས་གསར་གཏོད་ལ་སྐུལ་འདེད། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟབ་སྤེལ་བཅས་བྱས་ནས་རུལ་སུངས་འབྱུང་རྩ་ནས་སྔོན་འགོག་དང་བཅོས་སྐྱོང་བྱ་རྒྱུ།

(བཞི) དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཇུས་ཐག་གཅོད་དབང་དང་། ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ཕན་ཚུན་ཚོད་འཛིན་བྱེད་ལ་ཕན་ཚུན་མཐུན་སྦྱོར་ཡང་བྱེད་པའི་དབང་ཆའི་གྲུབ་ཚུལ་དང་འཁོར་སྐྱོད་ནང་རྐྱེན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དབང་ཆ་སྤྱོད་པ་གོ་རིམ་ཅན་དང་ཡོངས་བསྒྲགས་ཀུན་གསལ་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

(ལྔ) ས་ཁུལ་དེ་ག་དང་། སྡེ་ཁག་དེ་ག ཁོངས་གཏོགས་དེ་ག་བཅས་ཀྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱས་ཚུལ་དང་། འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་སྲིད་དོན་གཙང་སྐྱོང་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ།

(དྲུག) གཏན་འབེབས་ལྟར་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ནན་པོ་བྱས་ནས་མི་འདེམས་སྤྱོད་བྱེད་པའི་ཐད་ཀྱི་ཚུལ་མིན་སྤྱོད་ཡན་སྔོན་འགོག་དང་ཡོ་བསྲང་བྱ་རྒྱུ།

(བདུན) སྤྱོད་ཚུལ་ལེགས་འགྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བྱས་ཏེ་ཏང་སྲོལ་སྲིད་སྲོལ་ཐད་གནས་པའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ཏན་ཏིག་བྱ་རྒྱུ།

(བརྒྱད) སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་ལས་ཁུངས་ཀྱིས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགོ་ཁྲིད་དང་། སྒྲིག་འཛུགས། རྒྱབ་སྐྱོར་བཅས་བྱེད་པ་དང་། དུས་ཐོག་ཏུ་ལས་ཀའི་སྙན་ཞུ་ཉན་འཇོག་བྱས་ནས་གནད་དོན་གལ་ཆེན་ཐག་གཅོད་ཏན་ཏིག་བྱ་དགོས།

3 དཔྱད་ཞིབ་ལྟ་སྐུལ།
3_1 དོན་ཚན་བརྒྱད་པ།

ཏང་ཨུ(ཏང་ཙུའུ)ཡིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཛུགས་པ་དང་། ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་གདེང་འཇོག་ཚད་གཞི་དང་དམིགས་ཚད་མ་ལག་གཏན་འབེབས། ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་ནང་དོན་དང་། བྱེད་ཐབས། གོ་རིམ་བཅས་ཁ་གསལ་བཟོ་བ་བཅས་བྱ་དགོས།

3_2 དོན་ཚན་དགུ་བ།

ཏང་ཨུ(ཏང་ཙུའུ)ཡིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ཀྱི་འགོ་ཁྲིད་ཚོ་ཆུང་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རང་ལས་རིམ་པ་གཅིག་གིས་དམའ་བའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་འགན་འཁུར་དགོས།

3_3 དོན་ཚན་བཅུ་བ།

ཞིབ་བཤེར་དང་དཔྱད་ཞིབ་ཀྱི་ལས་དོན་ལོ་རེར་ཐེངས་གཅིག་སྤེལ་དགོས། ཞིབ་བཤེར་དང་དཔྱད་ཞིབ་ནི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་དམིགས་འབེན་དཔྱད་ཞིབ་དང་། ལོ་འཁོར་གྱི་དཔྱད་ཞིབ། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་གི་ཞིབ་བཤེར་ལས་ཀ་སོགས་དང་ཟུང་འབྲེལ་བྱས་ནས་སྤེལ་ཆོག་ལ། ཆེད་དུ་ཞིབ་བཤེར་དང་དཔྱད་ཞིབ་སྒྲིག་འཛུགས་བྱས་ཀྱང་ཆོག

ཞིབ་བཤེར་དང་དཔྱད་ཞིབ་བྱས་ཚུལ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད(ཏང་ཙུའུ)ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

3_4 དོན་ཚན་བཅུ་གཅིག་པ།

ཏང་ཨུ(ཏང་ཙུའུ)ཡིས་ཞིབ་བཤེར་དང་དཔྱད་ཞིབ་བྱས་ཚུལ་ཁྱབ་ཁོངས་འོས་འཚམ་ནང་བརྡ་ཁྱབ་གཏོང་དགོས། ཞིབ་བཤེར་དང་དཔྱད་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ནས་དག་ཐེར་ཡོ་བསྲང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

3_5 དོན་ཚན་བཅུ་གཉིས་པ།

ཏང་ཨུ(ཏང་ཙུའུ)ཡིས་ཞིབ་བཤེར་དང་དཔྱད་ཞིབ་བྱས་འབྲས་བཀོལ་སྤྱོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིབ་བཤེར་དང་དཔྱད་ཞིབ་བྱས་འབྲས་དེ་འགོ་ཁྲིད་ཚན་པར་སྤྱི་ཡོངས་ཀྱི་གདེང་འཇོག་དང་། འགོ་ཁྲིད་ལས་བྱེད་པའི་བྱས་རྗེས་དཔྱད་བསྡུར་གཏན་འབེབས། བྱ་དགའ་ཆད་གཅོད། འདེམས་སྒྲུག་བསྐོ་སྤྱོད་བཅས་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས།

3_6 དོན་ཚན་བཅུ་གསུམ་པ།

སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས(སྒྲིག་གཞི)དང་། རྩ་འཛུགས་མི་དོན་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུ(ཏང་ཙུའུ)ལ་རོགས་འདེགས་བྱས་ཏེ་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའམ་ཡང་ན་འགན་འཁྲི་ལྟར་ཞིབ་བཤེར་ལས་ཀ་སྤེལ་དགོས།

3_7 དོན་ཚན་བཅུ་བཞི་པ།

ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་དེ་རིམ་པ་གཅིག་མཚུངས་ཀྱི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་སེང་ཞུ་རྒྱུའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས།

3_8 དོན་ཚན་བཅོ་ལྔ་པ།

འགོ་ཁྲིད་ལས་བྱེད་པས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་འགན་བསྒྲུབས་སྤྱོད་གཙང་ཞུ་འབུལ་གྱི་ནང་དོན་གལ་ཆེན་དུ་འགོད་དགོས་པ་མ་ཟད། ལས་ཁུངས་དེ་ག་དང་སྡེ་ཁག་དེ་གར་དཔྱད་མོལ་ཡང་བྱ་དགོས།

3_9 དོན་ཚན་བཅུ་དྲུག་པ།

ཏང་ཨུ(ཏང་ཙུའུ)ཡིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལོ་ལྟར་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་ཨུ(ཏང་ཙུའུ)དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལ་ཆེད་དོན་སྙན་སེང་ཞུ་དགོས།

3_10 དོན་ཚན་བཅུ་བདུན་པ།

ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་སྐོར་གཟིགས་ཚོ་ཆུང་གིས་སྐོར་གཟིགས་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་ལྟར། འབྲེལ་ཡོད་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མིས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་སྐོར་གཟིགས་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

3_11 དོན་ཚན་བཅོ་བརྒྱད་པ།

ཏང་ཨུ(ཏང་ཙུའུ)ཡིས་ས་ཁུལ་དེ་ག་དང་། སྡེ་ཁག་དེ་ག ཁོངས་གཏོགས་དེ་ག་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བཅར་འདྲི་བཞུགས་མོལ་དང་། སྤྱི་ཚོགས་ཀྱི་འདྲི་ཤོག་བརྟག་དཔྱད་སོགས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་སྤྱི་ཚོགས་གདེང་འཇོག་ལམ་སྲོལ་འཛུགས་པ་དང་། ཏང་ཡོན་དང་མང་ཚོགས་གོ་རིམ་ལྡན་པའི་ངང་ཞུགས་པར་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་ལྟ་སྐུལ་རྒྱ་ཁྱབ་ཏུ་དང་ལེན་བྱེད་དགོས།

4 ཁག་འགན་བདའ་འདེད།
4_1 དོན་ཚན་བཅུ་དགུ་པ།

འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་གཏན་འབེབས་འདིའི་དོན་ཚན་བདུན་པའི་གཏན་འབེབས་ཀྱི་འགན་འཁྲི་དང་འགལ་བའམ་ཡང་ན་ཡང་དག་པའི་སྒོ་ནས་ལག་བསྟར་མ་བྱས་པར། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། འགན་འཁྲི་བདའ་འདེད་བྱ་དགོས་པ་སྟེ།

(གཅིག) ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་ལས་ཀར་འགོ་ཁྲིད་ནུས་ལྡན་མ་བྱས་པའི་དབང་གིས་འགན་འཁྲིའི་ཁྱབ་ཁོངས་ནང་བཀག་སྡོམ་བཀའ་ཁྱབ་བསྒྲགས་པའི་ཚུལ་མིན་སྤྱོད་ཡན་བཅོས་སྐྱོང་ནུས་ལྡན་བྱེད་མ་ཐུབ་པས་ཤུགས་རྐྱེན་ངན་པ་བཟོས་རིགས་དང་།   

(གཉིས) གོང་རིམ་འགོ་ཁྲིད་ལས་ཁུངས་ཀྱིས་སྤྲད་པའི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ཁྱབ་ཁོངས་ནང་གི་དོན་དག་བརྒྱུད་བསྒྲགས་དང་ལག་བསྟར་མི་བྱེད་པ་དང་། བཀོད་སྒྲིག་མི་བྱེད་པ། དོན་འཁྱོལ་ཡོང་བར་སྐུལ་འདེད་མི་བྱེད་པ་བཅས་དང་། ཡང་ན་འགྲོ་ལུགས་མི་སྒྲུབ་པའི་རིགས།

(གསུམ) ས་ཁུལ་དེ་ག་དང་། སྡེ་ཁག་དེ་ག ཁོངས་གཏོགས་དེ་ག་བཅས་ནས་ཤེས་རྟོགས་བྱུང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་སྦ་གསང་གིས་མི་ཞུ་བ་དང་གྱོད་དོན་བཀག་ཉར་བྱས་ནས་རྩད་གཅོད་མི་བྱེད་པ།

(བཞི) ལྟ་སྐུལ་དོ་དམ་བྱ་རྒྱུར་ལྷོད་གཡེང་ཤོར་ནས་འགོ་ཁྲིད་ཚན་ཁག་གི་ཁོངས་མིའམ་ཡང་ན་ཐད་ཀར་དོ་དམ་བྱེད་ཁོངས་ཀྱི་ཁོངས་གཏོགས་སུ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཐོན་པ།

(ལྔ) གཏན་འབེབས་དང་འགལ་ཏེ་ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་བྱས་པའམ་ཡང་ན་མི་བཀོལ་སྤྱོད་བྱེད་པར་ལྟ་ཞིབ་འགན་འཛོལ་དང་ནོར་འཛོལ་བྱུང་ནས་ཤུགས་རྐྱེན་ངན་པ་བཟོས་རིགས།

(དྲུག) མངའ་འོག་མི་སྣས་ནོར་སྲིད་དང་། དངུལ་རྩ། ཁྲལ་དོན། རྩིས་བཤེར། བསྡོམས་རྩིས་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ནས་མི་བདེན་རྫུན་སྒྲིག་བྱེད་རིགས་རྒྱ་ཡན་དུ་གཏོང་བ་དང་། འགེབས་སྲུང་། རྒྱ་ཡན་དུ་གཏོང་བ་བཅས་བྱེད་རིགས།

(བདུན) ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་དང་འགལ་བའི་སྤྱོད་ཚུལ་གཞན་དག་ཡོད་པ་བཅས་ཡིན།

4_2 དོན་ཚན་ཉི་ཤུ་བ།

འགོ་ཁྲིད་ཚན་པར་གཏན་འབེབས་འདིའི་དོན་ཚན་བཅུ་དགུ་པའི་ནང་འཁོད་ཀྱི་གནས་ཚུལ་ཡོད་ཅིང་། ཉེས་ཚབས་ཆུང་ཙམ་ཡིན་རིགས་ལ་ཡིག་ཐོག་ནས་ཞིབ་བཤེར་བྱེད་འགན་དཀྲི་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ། ཉེས་ཚབས་ཆེ་རིགས་ལ་ལེགས་སྒྲིག་དང་ཐག་གཅོད་བྱ་རྒྱུ།

4_3 དོན་ཚན་ཉེར་གཅིག

འགོ་ཁྲིད་ལས་བྱེད་པར་གཏན་འབེབས་འདིའི་དོན་ཚན་བཅུ་དགུ་པའི་ནང་འཁོད་ཀྱི་གནས་ཚུལ་ཡོད་ཅིང་། ཉེས་ཚབས་ཆུང་ཙམ་ཡིན་ན། སྐྱོན་བརྗོད་སློབ་གསོ་དང་། བསླབ་འདོམས་སྐུལ་ལྕག་གི་གླེང་མོལ། ཡིག་ཐོག་ནས་སྐྱོན་ཞིབ་བྱེད་འགན་དཀྲི་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ཁྲིམས་དང་སྲིད་ཁྲིམས་ཐད་ཀྱི་ཆད་པ་གཅོད་རྒྱུའམ་ཡང་ན་གོ་གནས་ལེགས་སྒྲིག་དང་། ལས་ཁུར་རྩ་དགོངས་ཞུ་འགན་དཀྲི་བ། གོ་གནས་འཐེན་པ། གོ་གནས་འབེབས་པ་སོགས་རྩ་འཛུགས་ཐོག་ནས་ཐག་གཅོད་བྱ་རྒྱུ། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།

གོང་གསལ་འགན་འཁྲི་བདའ་འདེད་བྱེད་སྟངས་ལོགས་སུ་སྤྱད་ཆོག་ལ་ཟླ་སྒྲིལ་བཏང་ནས་སྤྱད་ཀྱང་ཆོག

4_4 དོན་ཚན་ཉེར་གཉིས་པ།

འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་གཏན་འབེབས་འདིའི་དོན་ཚན་བཅུ་དགུ་པའི་ནང་འཁོད་སྤྱོད་ཚུལ་ཡོད་པ་མ་ཟད། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་སྟེ།

(གཅིག) འགན་འཁྲིའི་ཁྱབ་ཁོངས་ནང་ཐོན་པའི་གནད་དོན་འགེབས་སྲུང་དང་ཕྱོགས་ཞེན་བྱས་རིགས་དང་།

(གཉིས) འགན་འཁྲི་བདའ་འདེད་གཏོང་རྒྱུའི་བརྟག་དཔྱད་དང་ཐག་གཅོད་བྱེད་པར་འགལ་རྐྱེན་བཟོས་པ་དང་འགོག་རྐྱེན་བཟོས་རིགས།

4_5 དོན་ཚན་ཉེར་གསུམ་པ།

འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་གཏན་འབེབས་འདིའི་དོན་ཚན་བཅུ་དགུ་པའི་ནང་འཁོད་ཀྱི་གནས་ཚུལ་ཡོད་པ་མ་ཟད། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། འགན་འཁྲི་བདའ་འདེད་ཡང་དུ་བཏང་ཆོག་པ་སྟེ།

(གཅིག) འགན་འཁྲིའི་ཁྱབ་ཁོངས་ནང་བྱུང་བའི་གནད་དོན་དུས་ཐོག་ཏུ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་པ་མ་ཟད། རང་འགུལ་ངང་ཞིབ་བཤེར་ཐག་གཅོད་དང་ཡོ་བསྲང་ཡང་བྱེད་དགོས་པ་དང་། གྱོང་གུན་སྔོན་འགོག་ནུས་ལྡན་བྱེད་པའམ་ཡང་ན་ཤུགས་རྐྱེན་ངན་པ་སེལ་བ།

(གཉིས) དག་ཐེར་ཡོ་བསྲང་ནན་ཏན་བྱས་པས་ཕན་འབྲས་མངོན་གསལ་ཐོན་པ།

4_6 དོན་ཚན་ཉེར་བཞི་པ།

འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་གཏན་འབེབས་འདི་དང་འགལ་ནས་དོན་དངོས་རྩད་གཅོད་གསལ་པོ་དང་འགན་འཁྲི་བདའ་འདེད་བྱ་དགོས་ན། འབྲེལ་ཡོད་ལས་ཁུངས་སམ་སྡེ་ཁག་གིས་འགན་འཁྲི་དང་དབང་ཚད་ལྟར་བརྟག་དཔྱད་དང་ཐག་གཅོད་བྱ་དགོས། དེའི་ནང་ནས་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱ་དགོས་རིགས་ནི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་གྱོད་དོན་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་གོ་རིམ་ལྟར་བསྒྲུབ་རྒྱུ་དང་། རྩ་འཛུགས་ཀྱི་ཆད་པ་གཅོད་དགོས་རིགས་རྩ་འཛུགས་དང་མི་དོན་སྡེ་ཁག་གམ་ཡང་ན་བརྟག་དཔྱད་བྱེད་འགན་འཁུར་བའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་རྩ་འཛུགས་དང་མི་དོན་སྡེ་ཁག་དང་མཉམ་དུ་འབྲེལ་ཡོད་དབང་ཚད་དང་གོ་རིམ་ལྟར་བསྒྲུབ་དགོས།

4_7 དོན་ཚན་ཉེར་ལྔ།

འགན་འཁྲི་བདའ་འདེད་ལག་བསྟར་བྱེད་པར་དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་། ཐུན་མོང་གི་འགན་འཁྲི་དང་མི་སྒེར་གྱི་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ། འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་བཅས་གསལ་པོར་འབྱེད་དགོས།

ཐུན་མོང་གི་འགན་འཁྲི་བདའ་འདེད་བྱེད་སྐབས། འགོ་ཁྲིད་ཚན་པའི་འགན་འཁུར་པ་གཙོ་བོ་དང་ཐད་ཀར་གཙོ་སྐྱོང་བྱེད་པའི་འགོ་ཁྲིད་ཚན་པའི་ཁོངས་མིས་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་བ་དང་། ཇུས་ཐག་གཅོད་པར་ཞུགས་པའི་ཚན་པའི་ཁོངས་མི་གཞན་དག་གིས་འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས། ཐབས་ཇུས་ནོར་འཁྲུལ་ཅན་ལ་ངོ་རྒོལ་གྱི་བསམ་འཆར་གསལ་པོ་བཏོན་ཀྱང་དང་ལེན་མ་བྱས་ན། འགོ་ཁྲིད་ཀྱི་འགན་འཁྲི་འཁུར་མི་དགོས།

འགོ་ཁྲིད་ལས་བྱེད་པ་སྒེར་གྱིས་ཇུས་ཐག་གཅོད་པའམ་ཡང་ན་ཆོག་མཆན་འགོད་རིགས་ལ་འགོ་ཁྲིད་ལས་བྱེད་པ་སྒེར་གྱི་འགན་འཁྲི་བདའ་འདེད་བྱ་དགོས།

4_8 དོན་ཚན་ཉེར་དྲུག་པ།

འགན་འཁྲི་བདའ་འདེད་གཏོང་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་ལས་གནས་སམ་གོ་གནས་འགྱུར་བའི་རྐྱེན་གྱིས་བདའ་འདེད་མི་བྱེད་པ་བྱེད་མི་རུང་། ལས་འཁྱུར་ངལ་གསོ་བྱས་ཟིན་ཀྱང་གཏན་འབེབས་འདི་གཞིར་བཟུང་འགན་འཁྲི་བདའ་འདེད་གཏོང་དགོས་རིགས་ལ་སྔར་བཞིན་དེ་མཚུངས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།

4_9 དོན་ཚན་ཉེར་བདུན་པ།

འགན་འཁྲི་བདའ་འདེད་བྱས་པའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་ལོ་དེའི་ལོ་འཁོར་གྱི་དཔྱད་ཞིབ་ལེགས་འདེམས་དང་སྔོན་ཐོན་སྣ་ཚོགས་དཔྱད་འདེམས་བྱེད་པའི་ཐོབ་ཐང་མེད་པར་བཟོ་དགོས།

ལས་ཁུར་དགོངས་ཞུ་བྱེད་འགན་དཀྲི་བ་དང་གོ་གནས་ཕྱིར་འཐེན་གྱི་ཆད་པ་ཁེར་རྐྱང་དུ་ཕོག་པའི་འགོ་ཁྲིད་ལས་བྱེད་པ་ཡིན་ན། ལོ་གཅིག་གི་ནང་དེའི་སྔར་གྱི་གོ་གནས་དང་མཚུངས་པའི་འགོ་ཁྲིད་གོ་གནས་བསྐྱར་དུ་ཁུར་མི་ཆོག གོ་གནས་ཕབ་པའི་ཆད་པ་ཕོག་རིགས་ལོ་གཉིས་ནང་གོ་གནས་སྤར་མི་ཆོག དུས་མཚུངས་སུ་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་དང་རྩ་འཛུགས་ཀྱི་ཆད་པ་ཕོག་རིགས་ལ་ཤུགས་རྐྱེན་ཐེབས་ཡུན་ཅུང་རིང་བའི་ལག་བསྟར་ལྟར་བྱ་དགོས།

4_10 དོན་ཚན་ཉེར་བརྒྱད་པ།

སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས་འོག་རིམ་ཏང་ཨུ(ཏང་ཙུའུ)དང་། སྲིད་གཞུང་གིས་འགན་འཁྲི་བདའ་འདེད་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བདའ་འདེད་བྱ་དགོས་ཀྱང་བདའ་འདེད་མ་བྱས་པའམ་ཡང་ན་འགན་འཁྲི་བདའ་འདེད་ཀྱི་ཐག་གཅོད་ཆོད་དོན་དོན་འཁྱོལ་མ་བྱས་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་ཚེ། འོག་རིམ་ཏང་ཨུ(ཏང་ཙུའུ)དང་སྲིད་གཞུང་གིས་ཡོ་བསྲང་བྱེད་པར་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས།

5 ཞར་བྱུང་དོན་ཚན།
5_1 དོན་ཚན་ཉེར་དགུ་པ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་བཅས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་ཁག་གིས་གཏན་འབེབས་འདི་གཞིར་བཟུང་ནས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཆོག

5_2 དོན་ཚན་སུམ་བཅུ་པ།

ཀྲུང་དབྱང་དམག་ཨུད་ཀྱིས་གཏན་འབེབས་འདི་གཞིར་བཟུང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་གཏན་འབེབས་བཟོས་ཆོག

5_3 དོན་ཚན་སོ་གཅིག་པ།

གཏན་འབེབས་འདི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་པུའུ་ཡིས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ།

5_4 དོན་ཚན་སོ་གཉིས་པ།

གཏན་འབེབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། སྤྱི་ལོ1998ལོའི་ཟླ11པར་ཁྱབ་བསྒྲགས་བྱས་པའི《ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》དུས་མཚུངས་སུ་རྩིས་མེད་དུ་གཏོང་རྒྱུ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཏང་སྲོལ། ཡོ་བསྲང་། སྲིད་ཁྲིམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།