སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ།
སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་རྒྱལ་ཁབ་གང་ཞིག་སྤྱི་ཚོགས་རིང་ལུགས་སུ་བསྐྱོད་དུས་བརྒྱུད་དགོས་པའི་ཐོག་མའི་དུས་རིམ་ལ་ཟེར་བ་མ་ཡིན་པར། རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཡིན་པ་དང་། ཚོང་ཟོག་དཔལ་འབྱོར་དར་རྒྱས་བྱུང་མེད་པའི་ཆ་རྐྱེན་འོག་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་སྐབས་ངེས་པར་བརྒྱུད་དགོས་པའི་དུས་རིམ་དམིགས་བསལ་ཅན་ལ་ཟེར་བ་ཡིན། དུས་རིམ་གྱི་ཆ་ནས་བཞག་ན་སྤྱི་ལོ1956ལོར་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་པ་ནས་བཟུང་དུས་རབས21པའི་དུས་དཀྱིལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བའི་ལོ་རྒྱུས་ཀྱི་དུས་རིམ་ཧྲིལ་པོར་ཟེར། ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་མངོན་གསལ་དོད་པའི་བྱས་རྗེས་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པ་དེ་ཡིན། འདི་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་ཉམས་མྱོང་གསར་པ་ཕྱོགས་བསྡོམས་དང་སྙིང་བསྡུས་བྱས་པ་ཞིག་ཡིན། སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཁྲོད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཡོད་ལ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པའི་འཕེལ་རྒྱས་བར་གྱི་འགལ་བར་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义初级阶段
དུས་ཚོད།
སྤྱི་ལོ1956ལོ་ནས་དུས་རབས21པའི་དུས་དཀྱིལ།
ཕྱི་ཡིག་གི་མིང་།
The primary stage of socialism
1 ​མདོར་བསྟན་པ།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་ནི་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གུང་གི་དེ་སྔའི་སྤྱི་ཁྱབ་ཧྲུའུ་ཅི་ཀྲའོ་ཙི་ཡང་གིས་ཀྲུང་གུང་གི་ཚོགས་ཆེན་བཅུ་གསུམ་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་རྒྱས་བཤད་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་རྒྱལ་ཁབ་གང་ཞིག་ཡིན་རུང་སྤྱི་ཚོགས་རིང་ལུགས་སུ་བསྐྱོད་དུས་བརྒྱུད་སྲིད་པའི་ཐོག་མའི་དུས་རིམ་ལ་ཟེར་བ་མ་ཡིན་པར། རང་རྒྱལ་གྱི་ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཡིན་པ་དང་། ཚོང་ཟོག་དཔལ་འབྱོར་དར་རྒྱས་བྱུང་མེད་པའི་ཆ་རྐྱེན་འོག་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་ངེས་པར་བརྒྱུད་དགོས་པའི་དམིགས་བསལ་གྱི་དུས་རིམ་ལ་ཟེར་བ་ཡིན། སྤྱི་ལོ1956ལོའི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་ནས་དུས་རབས21པའི་དུས་དཀྱིལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བའི་བར་གྱི་ལོ་རྒྱུས་ཀྱི་དུས་རིམ་ཧྲིལ་པོ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཆོད་གཏམ་ལ་གོ་དོན་གཉིས་ཡོད་དེ། གཅིག རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་སླེབས་ཟིན་པས་ང་ཚོས་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པ་ལས་སྤྱི་ཚོགས་རིང་ལུགས་དང་ཁ་འབྲལ་མི་རུང་བ་ཡིན། གཉིས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དེ་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་ཡུན་རིང་ལ་གནས་རྒྱུ་ཡིན་པས། ང་ཚོས་ཡང་དག་པའི་ངང་ནས་དུས་རིམ་འདིར་ངོས་འཛིན་བྱེད་པ་ལས་ཐད་ཀར་ཐོག་མའི་དུས་རིམ་འདི་ལས་བརྒལ་མི་རུང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ཁྱད་ཆོས་ནི། དར་རྒྱས་བྱུང་མེད་པའི་གནས་ཚུལ་ལས་ཐར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་དང་། ཞིང་ལས་མི་འབོར་གྱིས་བསྡུར་ཚད་ཧ་ཅང་ཆེན་པོ་བཟུང་བའི་གནས་ཚུལ་དེ་ཞིང་ལས་མ་ཡིན་པའི་མི་འབོར་གྱིས་མང་ཆེ་བ་ཟིན་པར་འགྱུར་བ་དང་། རང་བྱུང་དཔལ་འབྱོར་ནས་རང་བྱུང་དཔལ་འབྱོར་ཕྱེད་ཙམ་གྱིས་བསྡུར་ཚད་ཧ་ཅང་ཆེན་པོ་ཟིན་པའི་དཔལ་འབྱོར་ཚོང་ར་ཅན་དུ་འགྱུར་ཚད་ཅུང་མཐོ་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་འགྱུར་བ་དང་། ཡིག་རྨོངས་དང་ཡིག་རྨོངས་ཕྱེད་ཙམ་གྱི་མི་འབོར་གྱིས་བསྡུར་ཚད་ཧ་ཅང་ཆེན་པོ་ཟིན་པ་ནས་ཚན་རྩལ་སློབ་གསོ་རིག་གནས་དར་རྒྱས་ཆེ་ཙམ་བྱུང་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་འགྱུར་བ་དང་། དབུལ་ཕོངས་མི་འབོར་གྱིས་བསྡུར་ཚད་ཧ་ཅང་ཆེན་པོ་བཟུང་བ་ནས་རྒྱལ་ཡོངས་མི་དམངས་ཅུང་ཕྱུག་པོར་གྱུར་པའི་ལོ་རྒྱུས་ཀྱི་དུས་རིམ་དུ་འགྱུར་བ་དང་། ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་ཧ་ཅང་དོ་མི་མཉམ་པ་དང་། སྔ་ཕྱི་གཉིས་ཀྱི་འཕེལ་རྒྱས་བརྒྱུད་དེ་ཧེ་བག་རིམ་བཞིན་ཇེ་ཆུང་དུ་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཡིན། བསྒྱུར་བཅོས་དང་འཚོལ་ཞིབ་བྱས་པ་བརྒྱུད་ཅུང་ནར་སོན་པ་དང་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཕྱོགས་གཞན་པའི་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་དང་། རྒྱ་ཆེའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་པོར་བཙུགས་ཏེ་འབད་བརྩོན་ལྷོད་མེད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་འབད་བརྩོན། བརྩོན་བསྲིས་རྒྱལ་འཛུགས་བཅས་བྱས་ནས་དངོས་པོའི་དཔལ་ཡོན་སྤེལ་བ་དང་དུས་མཚུངས་སུ་བསམ་པའི་དཔལ་ཡོན་སྤེལ་བར་འབད་བརྩོན་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་དང་། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་བར་གྱི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞིའི་ཐོག་རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཡིན།

2 གྲུབ་རིམ་དང་འཕེལ་རྒྱས།

སྔར་དམངས་གཙོའི་གསར་བརྗེའི་དུས་སྐབས་སུ། མའོ་ཙེ་ཏུང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་གསལ་པོར་ཤེས་རྒྱུ་ནི་གསར་བརྗེའི་གནད་དོན་ཐམས་ཅད་གསལ་པོར་ཤེས་པའི་གཞི་རྩའི་གཞི་འཛིན་ས་ཡིན། རྒྱལ་ཁབ་ཀྱི་གནས་ཚུལ་ངོས་འཛིན་བྱེད་པར་གལ་ཆེ་ཤོས་ནི་དངོས་ཡོད་སྤྱི་ཚོགས་ཀྱི་ངོ་བོ་དང་འཕེལ་རྒྱས་ཀྱི་དུས་རིམ་གསལ་པོར་རྟོགས་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དེའི་འགྱུར་ལྡོག་ལ་ངོས་འཛིན་བྱ་རྒྱུ་དེ་ཡིན། མའོ་ཙེ་ཏུང་གིས་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཚོགས་པ་སྐབས་དང་པོས་རང་རྒྱལ་འདི་ཉིད་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གནས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་འདི་ཁོང་དུ་ཡང་དག་ཆུད་དགོས། གཞི་ནས་ཡང་དག་པའི་སྒོ་ནས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་བྱ་ཡུལ་དང་། ལས་འགན། ངོ་བོ། སྒུལ་ཤུགས། མདུན་ལམ་སོགས་གཞི་རྩའི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་ཏེ། ཀྲུང་གོའི་གསར་བརྗེར་ཁྲིད་སྟོན་བྱས་ནས་རྒྱལ་ཁ་ཐོབ་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་རྗེས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ངོས་འཛིན་གསལ་པོ་ཇི་ལྟར་བྱེད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་གནས་སའི་ལོ་རྒྱུས་ཀྱི་གནས་ཕྱོགས་ལ་ཚོད་དཔག་ཡང་དག་ཇི་ལྟར་བྱ་རྒྱུའི་གནད་དོན་ཞིག་ཀྱང་ཡོད། ཀྲུང་གོ་ལྟ་བུའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་དཀྱོགས་མཚམས་སུ་གནས་པ་དང་། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་བྱས་ཏེ། དུས་ཡུན་རིང་པོ་འགོར་མེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱས་ནས་བཙུགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཤིག་གིས་དེའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ངོས་འཛིན་ཇི་ལྟར་བྱ་དགོས་པ་ལ། ཏང་གིས་ཐོག་མཐའ་བར་གསུམ་དུ་དཀའ་ཚེགས་དང་ཕན་ཡོད་ཀྱི་འཚོལ་ཞིབ་བྱེད་བཞིན་ཡོད་མོད། འོན་ཀྱང་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མ་འཚོགས་པའི་བར་དུ་སྤྱིའི་ཆ་ནས་བཤད་ན་མག་མོག་གི་གནས་སུ་གྱར་ཡོད། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་དང་ཏེང་ཞའོ་ཕིང་གིས་དེང་རབས་ཀྲུང་གོའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཞིག་ཡིན། ང་ཚོས་དོན་དངོས་ལ་གཞིགས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་དགོས་ཞེས་བཤད་པའི“དོན་དངོས་ཆེ་ཤོས”ནི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དེ་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རིགས་པའི་གཞུང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དང་པོ་བཙུགས་པ་ནས་བཟུང་ལོ་རྒྱུས་འཕེལ་རྒྱས་ལ་ཕྱོགས་བསྡོམས་བྱས་པ་ལ་ཟེར། ལྷག་པར་དུ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ནི་ཀྱག་ཀྱོག་ངང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་རིམ་བཞིན་གྲུབ་པ་ཞིག་ཡིན། “སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ”ཞེས་པའི་དམིགས་བསལ་གྱི་གོ་དོན་གསར་པ་འདི་བཏོན་པ་ནི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན།

མར་ཁེ་སི་རིང་ལུགས་གསར་གཏོད་བྱེད་མཁན་འཚོ་སྡོད་བྱེད་པའི་དུས་རབས་སུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་ད་དུང་ལག་ལེན་དངོས་ཀྱི་གནད་དོན་དངོས་ཤིག་མིན། ཁོང་ཚོས་མ་རྩ་རིང་ལུགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་འབྱུང་འགྱུར་གྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དུས་རིམ་ལ་རྩ་དོན་གྱི་རང་བཞིན་ལྡན་པའི་བསམ་ཚོད་བྱས་ཡོད་ཅིང་། འབྱུང་འགྱུར་གྱི་སྤྱི་ཚོགས་དེ་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནས་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་སུ་འགྱུར་བའི་གསར་བརྗེའི་འཕོ་འགྱུར་གྱི་དུས་སྐབས་དང་། གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ཀྱི་དུས་རིམ་དང་པོ། གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ཀྱི་དུས་རིམ་མཐོ་གྲས་བཅས་བརྒྱུད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཕྱིས་སུ་ལེ་ཉིན་གྱིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཞེས་འབོད་པའི་གུང་ཁྲན་རིང་ལུགས་སྤྱི་ཚོགས་ཀྱི་དུས་རིམ་དང་པོར་དེའི་ལོ་རྒྱུས་འཕེལ་རིམ་ཁྲོད་འཕེལ་རྒྱས་ཀྱི་དུས་རིམ་གང་དག་བརྒྱུད་དགོས་པ་དང་། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་གོམ་གང་མདུན་སྤོས་ཀྱིས་བརྡར་ཤ་བཅད་མེད།

སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་འགྲོ་བའི་དུས་རིམ་གྱི་གནད་དོན་སྔ་ཤོས་བཤད་མཁན་ནི་ལེ་ཉིན་རེད། ཟླ་བ་བཅུ་པའི་གསར་བརྗེའི་རྗེས་སུ་སྤྱི་ཚོགས་རིང་ལུགས་དེ་ཉིད་འཕེལ་རྒྱས་འགྲོ་བའི་དུས་རིམ་དེ་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། ལེ་ཉིན་གྱིས་ངོས་འཛིན་གནང་དོན། དཔལ་འབྱོར་རྗེས་ལུས་ཡིན་པའི་ཨུ་རུ་སུར“ཐོག་མའི་རྣམ་པའི་སྤྱི་ཚོགས་རིང་ལུགས”འཛུགས་ཐུབ་པ་ལས“དར་རྒྱས་ཆེ་བའི་སྤྱི་ཚོགས་རིང་ལུགས”འཛུགས་མི་ཐུབ། དེའི་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལའང་དམའ་རིམ་ནས་མཐོ་རིམ་དང་། འཐུས་སྒོ་མི་ཚང་བ་ནས་ཅུང་ཆ་ཚང་བར་འཕེལ་བའི་གོ་རིམ་ཞིག་དགོས་པའི་བསམ་བློ་འདུས་ཡོད། འོན་ཀྱང་སྐབས་དེར་ལེ་ཉིན་གྱིས་གཙོ་བོ་ཨུ་རུ་སུ་འདི་སྤྱི་ཚོགས་རིང་ལུགས་སུ་ཇི་ལྟར་བར་བརྒལ་བྱེད་དགོས་པའི་གནད་དོན་ལ་ལན་བཏབ་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་རྗེས་ཀྱི་འཕེལ་རྒྱས་དུས་རིམ་གྱི་གནད་དོན་ལ་དབྱེ་ཞིབ་ཞིབ་ཕྲ་བྱེད་ལོང་བྱུང་མེད་སྟབས། བསམ་བློ་དེར་རྒྱས་བཤད་སྔར་ལས་ལྷག་པ་ཞིག་བྱེད་མ་ཐུབ་པ་རེད།

སྤྱི་ལོ1936ལོར་སི་ཏ་ལིན་གྱིས་སུའུ་ལེན་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ནས་ཡུན་རིང་པོ་མ་སོང་བར། དོན་དངོས་ལ་གཞིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དུས་རིམ་གྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་མ་བྱས་པས། གུང་ཁྲན་རིང་ལུགས་ཀྱི་ཕྱོགས་སུ་བར་བརྒལ་བྱེད་པའི་བསམ་ཚུལ་བཏོན། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་རྗེས། དུས་སྐབས་ངེས་ཅན་ཞིག་གི་རིང་དཔལ་འབྱོར་བསྐྱར་འཛུགས་བྱས་པ་བརྒྱུད། སྤྱི་ལོ1952ལོར་ཏང་གི་ལས་འགན་གཙོ་བོ་ནི་སྤྱི་ཚོགས་རིང་ལུགས་ནས་གུང་ཁྲན་རིང་ལུགས་སུ་བར་བརྒལ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། དོན་དངོས་དང་ཁ་བྲལ་བ་དང་འཕྲལ་དུ་བར་བརྒལ་བྱེད་པའི་བསམ་བློ་དེས་སུའུ་ལེན་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཞན་དག་གོང་དུ་འཕེལ་བར་དགེ་མཚན་མེད་པའི་ཤུགས་རྐྱེན་བཟོས་ཡོད།

རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་ཁེལ་བྱས་རྗེས། མའོ་ཙེ་ཏུང་གིས་ཅུང་ཡང་དག་པའི་སྒོ་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དུས་རིམ་གྱི་གནད་དོན་བཏོན་པ་དང་། ཁོང་གིས་སྤྱི་ལོ1956ལོའི་ཟླ1པོར་བསྡུས་པའི་ཤེས་ཡོན་ཅན་གྱི་གནད་དོན་གྲོས་ཚོགས་སྟེང་རང་རྒྱལ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་བསྐྱོད་ཟིན་པ་དང་ལེགས་འགྲུབ་བྱུང་མེད་པའི་བསམ་བློ་བཏོན། ཕྱིས་སུ་ཁོང་གིས་ཡང་གསལ་པོར་བསྟན་དོན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི“བཙུགས་མ་ཐག་ཡིན”ཞིང་རྦད་དེ་ལེགས་གྲུབ་བྱུང་མེད་པས། དུས་ཚོད་ངེས་ཅན་ཞིག་གི་རིང་ལ་དེང་རབས་ཀྱི་བཟོ་ལས་དང་དེང་རབས་ཀྱི་ཞིང་ལས་ཀྱི་རྨང་གཞི་འཛུགས་དགོས་པ་དང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གང་ལེགས་བྱུང་རྗེས། ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་དང་ཆབ་སྲིད་ལམ་ལུགས་ལ་ད་གཟོད་དངོས་པོའི་རྨང་གཞི་ཅུང་ལེགས་པོ་ཞིག་ཐོབ་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཞི་ནས་རྩ་བའི་ཐོག་ནས་འཛུགས་ཐུབ་པར་བརྩིས་ཆོག འོན་ཀྱང་སྐབས་དེར་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་སུ་སླེབས་མ་ཐག་པ་ཡིན་པས་ཉམས་མྱོང་འདང་ངེས་ཤིག་མེད་པའི་དབང་གིས་ང་ཚོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ལ་ངོས་འཛིན་ཧ་ཅང་གསལ་པོ་ཞིག་བྱུང་མེད། དེར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དུས་རིམ་སྐོར་གྱི་བསམ་བློར་རྒྱུན་འཁྱོངས་དང་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བྱུང་མེད། སྤྱི་ལོ1958ལོའི“མཆོང་སྐྱོད་ཆེན་པོ”དང་མི་དམངས་ཀུང་ཧྲེ་ཅན་དུ་འགྱུར་བའི་ལས་འགུལ་ཁྲོད། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དུས་རིམ་དུ་ངོས་འཛིན་བྱས་པ་ཚན་རིག་དང་མི་མཐུན་པ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བའི་མྱུར་ཚད་ལ་ཚོད་དཔག་ནོར་འཁྲུལ་ཚབས་ཆེན་བྱས་པའི་རྐྱེན་གྱིས། “རང་རྒྱལ་དུ་གུང་ཁྲན་རིང་ལུགས་མངོན་གྱུར་བྱ་རྒྱུུ་ནི། རྒྱང་རིང་གི་འབྱུང་འགྱུར་གྱི་བྱ་བ་ཞིག་མིན”ཞེས་པའི་རྨོངས་ཚོད་ཀྱི་སྤྲོ་སྣང་གི་བསམ་ཚུལ་བྱུང་པ་དང་། དུས་རབས20པའི་ལོ་རབས50པའི་དུས་མཇུག་དང་ལོ་རབས60པའི་དུས་འགོར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་རགས་ཙམ་བྱས་རྗེས། མའོ་ཙེ་ཏུང་གིས་ཀྲུང་གོར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དཀའ་ཚེགས་རང་བཞིན་དང་། རྙོག་འཛིང་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ཤེས་རྟོགས་བྱུང་། ཁོང་གིས་སུའུ་ལེན་གྱི《ཆབ་སྲིད་དཔལ་འབྱོར་རིག་པའི་སློབ་དེབ》ཀློག་སྐབས་ལྟ་བ་གལ་ཆེན་ཞིག་བཏོན་ཡོད་དེ། སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་འདི་དུས་རིམ་གཉིས་སུ་དབྱེ་སྲིད་པ་སྟེ། དུས་རིམ་དང་པོ་ནི་དར་རྒྱས་མེད་པའི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། དུས་རིམ་གཉིས་པ་ནི་དར་རྒྱས་ཅུང་ཆེ་བའི་སྤྱི་ཚོགས་རིང་ལུགས་ཡིན། དུས་རིམ་རྗེས་མར་དུས་རིམ་གོང་མ་ལས་དུས་ཡུན་དེ་བས་རིང་བ་དགོས་ཤས་ཆེ། ང་ཚོ་ལྟ་བུའི་རྒྱལ་ཁབ་ཏུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུ་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་འཛུགས་ཐུབ་པ་བྱ་རྒྱུ་སྔ་དྲགས་མི་རུང་། ཁོང་གིས་མཆོང་སྐྱོད་ཆེན་པོའི་ནོར་འཁྲུལ་ཡོ་བསྲང་བྱེད་སྐབས། གུང་ཁྲན་རིང་ལུགས་ལ་མྱུར་དུ་བར་བརྒལ་བྱེད་པའི་མི་ལ་སྐྱོན་བརྗོད་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེ་གུང་ཁྲན་རིང་ལུགས་སུ་བསྒྱུར་བ་དང་། རྩོལ་བསྟུན་ཐོབ་སྤྲོད་དེ་དགོས་མཁོར་གཞིགས་ནས་བགོ་བཤའ་རྒྱག་པ། ཐུན་མོང་ལ་དབང་བའི་ལམ་ལུགས་དེ་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཡིན་པ་བཅས་གོ་ནོར་ཐེབས་པ་རེད། མའོ་ཙེ་ཏུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དུས་རིམ་གྱི་དབྱེ་བ་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་བར་གྱི་ཁྱད་པར་མཉམ་བསྲེས། རིན་ཐང་གི་ཆོས་ཉིད་དང་རིན་མཉམ་བརྗེ་རེས་སོགས་ཀྱི་ལྟ་བ་ཁས་མི་ལེན་པའི་ཐད་ལ་སྐྱོན་བརྗོད་བྱས་པས། ཕྱིས་སུ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་འཚོལ་ཞིབ་བྱེད་པར་དགེ་མཚན་ལྡན་པའི་བློ་འབྱེད་ཀྱི་ནུས་པ་ཐོན་ཡོད། འོན་ཀྱང་ལོ་རབས60པའི་ནང་ཏང་གི་སློབ་སྟོན་བསམ་བློའི་ཐད“གཡོན”གྱི་ཕྱོགས་ལྷུང་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་སྟེ། སྤྱི་ཚོགས་རིང་ལུགས་དེ“མ་རྩའི་རིང་ལུགས་ཀྱི་སྤྱི་ཚོགས་ནས་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་སུ་གསར་བརྗེ་འཕོ་འགྱུར་བྱེད་པའི་དུས་སྐབས”ཞེས་པར་གོ་བ་བླངས་པས། རང་རྒྱལ་སྤྱི་ཚོགས་རིང་ལུགས་གོང་དུ་འཕེལ་བའི་དུས་རིམ་གྱི་ལམ་བུ་ཡང་དག་པ་འཚོལ་ཞིབ་བྱེད་མཚམས་བཞག་པ་རེད།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་རྗེས་སུ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་ལག་ལེན་གྱི་ཉམས་མྱོང་གསར་པ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག ཏང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་པའི་ལོ་རྒྱུས་ཀྱི་དུས་རིམ་ལ་འཚོལ་ཞིབ་གསར་པ་བྱས་ཏེ། རང་རྒྱལ་ད་དུང་དུས་ཡུན་རིང་པོར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་ཚན་རིག་དང་མཐུན་པའི་ཆོད་གཏམ་རིམ་གྱིས་བཀོད་པ་དང་། རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་ཡང་དག་པའི་ངང་ཁོང་དུ་ཆུད་པར་བྱས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གིས་རང་རྟོགས་ཆེ་ཙམ་གྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་དུས་རིམ་འཚོལ་ཞིབ་བྱ་རྒྱུའི་གནད་དོན་དེ་ཉིན་རེའི་གྲོས་རིམ་ཐོག་འདོན་ཐུབ་པའི་རྒྱུ་མཚན་ནི། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་ཀའི་ལྟེ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་བྱས་རྗེས་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་ལག་ལེན་དངོས་ལ་བསྒྱུར་ཏེ། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་དུས་རིམ་གྱི་གནད་དོན་ངོས་འཛིན་བྱ་རྒྱུའི་ཁ་ཚ་དགོས་གཏུག་གི་དབང་གིས་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ལག་ལེན་བྱས་པའི་སྲིད་ཇུས་གསར་པ་རབ་དང་རིམ་པར་ལག་ལེན་ཐོག་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་རིགས་པའི་གཞུང་ལུགས་ཐོག་སྔོན་ཆད་མི་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ལ་གོ་བ་ལེན་སྟངས་དང་འགལ་ཟླ་བྱུང་བ་དང་། མི་ཁ་ཤས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་ཕྱོགས་དང་སྲིད་ཇུས་མར་ཁེ་སིའི་རིང་ལུགས་དང་མཐུན་མིན་ལ་དོགས་པ་སྐྱེས་ཤིང་། གཞན་ཁ་ཤས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་དང་འགྲོ་ལམ་རྒྱུན་འཁྱོངས་བྱ་དགོས་པའི་དགོས་ངེས་རང་བཞིན་ཁས་མ་བླངས་པ་རེད། བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་ཆེད་ངེས་པར་དུ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དུས་རིམ་གྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱ་དགོས།

དུས་སྐབས་གསར་པར་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དུས་རིམ་ལ་ངོས་འཛིན་བྱེད་པར་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཏེང་ཞའོ་ཕིང་གིས་རྨང་གཞི་ཞན་པ་དང་། མི་འབོར་མང་བ། ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཐེབས་པ་བཅས་ནི་ཀྲུང་གོའི་དངོས་ཡོད་གནས་ཚུལ་ཡིན་ཞེས་བཏོན། ཀྲུང་གོ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་དུས་ཡུན་རིང་པོ་ཞིག་དགོས་པ་ལྡོག་མེད་ཡིན། ཡེ་ཅན་ཡིང་གིས་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ30ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་སྐབས་བསྟན་དོན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ད་དུང་ལོ་ན་ཆུང་བའི་དུས་སུ་གནས་ཡོད་པས། ད་དུང་ནར་སོན་དང་འཐུས་ཚང་བྱུང་མེད་པ་དང་། རང་རྒྱལ་དུ་དེང་རབས་ཅན་མངོན་འགྱུར་བྱེད་པར་དམའ་རིམ་ནས་མཐོ་རིམ་དུ་སླེབས་པའི་བརྒྱུད་རིམ་ཞིག་དགོས་ལ། སྤྱི་ལོ1981ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའི་སྐོར་གྱི་གྲོས་ཆོད》ནང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད་ཞེས་བསྟན། སྤྱི་ལོ1986ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྤེལ་བའི་སློབ་སྟོན་བྱེད་ཕྱོགས་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་ཞིང་། དུས་རིམ་དེའི་བསམ་པའི་དཔལ་ཡོན་སྤེལ་བ་སོགས་ཀྱི་ནང་དོན་ལ་དབྱེ་ཞིབ་ངེས་ཅན་ཞིག་བྱས་ཡོད། ཡིན་ནའང་སྤྱིའི་ཆ་ནས་བཤད་ན། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ཐོག་མའི་དུས་རིམ་ནམ་དམའ་རིམ་འཕེལ་རྒྱས་ཀྱི་དུས་རིམ་བཏོན་ཐེངས་གསུམ་པོ་དེ་དག་ད་དུང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་ཀྱི་རང་བཞིན་ལྡན་པའི་གནད་དོན་དུ་བརྩིས་ནས་སྟངས་འཛིན་བྱས་མེད་པས། ཏང་གི་ལམ་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱེད་པའི་རྩ་བའི་གཞི་འཛིན་སར་བརྩིས་ནས་རྒྱས་བཤད་དང་འདོན་སྤེལ་བྱས་མེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མ་འཚོགས་སྔོན་དུ། ཏེང་ཞའོ་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ནི་དུས་རིམ་གང་འདྲ་ཞིག་ཏུ་གནས་ཡོད་ཅེ་ན། ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང་། ཐོག་མའི་དུས་རིམ་གྱི་སྤྱི་ཚོགས་རིང་ལུགས་ཡིན་པ་བཅས་རྒྱས་བཤད་བྱ་དགོས། སྤྱི་ཚོགས་རིང་ལུགས་དེ་ཉིད་གུང་ཁྲན་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཡིན་ལ། ང་ཚོ་ཀྲུང་གོ་འདི་ཉིད་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པས། དེ་ནི་དར་རྒྱས་ཆེན་པོ་མེད་པའི་དུས་རིམ་ཞིག་ཡིན། བྱ་བ་གང་སྒྲུབ་ནའང་དོན་དངོས་འདི་གཞིར་འཛིན་དགོས་པ་དང་། དོན་དངོས་དེ་གཞིར་བཟུང་ནས་འཆར་འགོད་བྱ་དགོས། རྣམ་བཤད་འདིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་བརྩིས་ནས་ཐེངས་དང་པོར་སྟངས་འཛིན་བྱས་ཤིང་། གནད་དོན་འདི་ནི་ཏང་གིས་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཏན་འབེབས་བྱེད་པའི་གཞི་འཛིན་ས་དང་རྩ་བའི་གཞི་འཛིན་ས་ཡིན་པ་གསལ་པོར་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག ཐོག་མའི་དུས་རིམ་གྱི་གནད་དོན་དེ་ཁྱོན་ཡོངས་ནས་རྒྱས་བཤད་བྱེད་ཐུབ་པའི་རྒྱུ་མཚན་ནི་ང་ཚོར་བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་རིང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་དུམ་བུ་ཞིག་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། གཞན་ཡང་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་སྤེལ་གཏོང་དགོས་ན། བསམ་བློའི་འགལ་རྐྱེན་སྣ་ཚོགས་ངེས་པར་དུ་བསལ་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་འཛིན་སའི་གནད་དོན་ལ་ངོས་འཛིན་བྱ་རྒྱུ་རྩ་བའི་ཐོག་ནས་ཐག་གཅོད་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དང་ཏང་གི་གཞི་རྩའི་ལམ་ཕྱོགས་སྐོར་རྒྱུད་རིམ་ལྡན་པའི་རྒྱས་བཤད་གནང་བ་དེས་ཏང་གིས་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ངོས་འཛིན་བྱེད་པའི་ཐད་མཆོང་སྐྱོད་ཐེངས་གཅིག་བྱུང་བ་གསལ་པོར་མཚོན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གནད་དོན་སྔར་ལས་ལྷག་པར་ནན་བཤད་བྱས་ཏེ། དུས་རབས་ཀྱི་སྦྲེལ་མཚམས་ཀྱི་བསྒྱུར་བཅོས་འགག་སྒྲོལ་དང་རྣམ་པ་གསར་པ་གཏོད་པའི་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་ང་ཚོས་འགལ་བ་སྣ་ཚོགས་ཐག་གཅོད་དང་། དོགས་གནད་སྣ་ཚོགས་སེལ་བ། ད་ལྟའི་ལམ་ཕྱོགས་དང་སྲིད་ཇུས་ངེས་པར་དུ་མངོན་འགྱུར་བྱ་དགོས་དོན་ངོས་འཛིན་བཅས་བྱེད་པའི་གནད་འགག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་ངོས་འཛིན་གཅིག་གྱུར་དང་ཁོང་དུ་ཆུད་པར་བྱ་དགོས་པ་དེ་ཡིན། རང་རྒྱལ་ད་ལྟ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་དུས་ཡུན་རིང་པོར་གནས་རྒྱུ་ཡིན་པའི་གཞི་རྩའི་ངོས་འཛིན་འདི་གཞིར་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་རྩ་འཛིན་གཏན་འབེབས་བྱས་པ་དང་། ཅི་ཞིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཡིན་པ་དང་། དེ་བཞིན་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་འཛུགས་སྐྲུན་ཇི་ལྟར་བྱ་རྒྱུ་བཅས་ལ་གནད་ལ་འཁེལ་བའི་སྒོ་ནས་ལན་བཏབ་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་བྱུང་བ་རེད།

རང་རྒྱལ་མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་ལ་སླེབས་རྗེས། ཏང་གི་ཚོགས་ཆེན་བཅུ་དྲུག་པས་བསྟན་དོན། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་དུས་ཡུན་རིང་པོར་གནས་དགོས། ད་ལྟའི་འབྱོར་འབྲིང་ནི་ད་དུང་ཆུ་ཚད་དམའ་བ་དང་། ཕྱོགས་ཡོངས་མིན་པ། འཕེལ་རྒྱས་ཧ་ཅང་དོ་མི་མཉམ་པ་བཅས་ཀྱི་འབྱོར་འབྲིང་ཡིན་པས། མིག་སྔར་གྱི་འབྱོར་འབྲིང་གི་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་ན། ད་དུང་དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བྱ་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་གོམ་གང་མདུན་སྤོས་ཀྱིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་རྒྱལ་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་དང་། ཐོན་སྐྱེད་ནུས་ཤུགས་ནས་ཐོན་སྐྱེད་འབྲེལ་བ་དང་། དཔལ་འབྱོར་རྨང་གཞི་ནས་སྟེང་གི་བཀོད་པ་བཅས་ཚང་མར་དོན་སྙིང་གཏིང་ཟབ་ལྡན་པའི་འགྱུར་ལྡོག་གལ་ཆེན་བྱུང་ཡོད་མོད། འོན་ཀྱང་རང་རྒྱལ་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་མ་ཟད་ཡུན་རིང་དུ་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་རྗེས་སུ་ལུས་པའི་བར་གྱི་འགལ་བ་སྟེ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེར་འགྱུར་ལྡོག་བྱུང་མེད།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱུང་པའི་རྐྱེན་གྱིས། ང་ཚོ་གཞི་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་ཞིག་ཏུ་བདེ་བླག་ངང་བསྐྱོད་ཐུབ་པ་བྱུང་། ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་དབྱར་མཚོ་རྒྱས་པ་ལྟར་མངོན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་རླབས་ཆེན་ཐོབ་པ་རེད།

3 ཚན་རིག་གི་གོ་དོན།

ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གོ་དོན་གཉིས་ཡོད་པ་གསལ་པོར་བསྟན་ཡོད།

དང་པོ། རང་རྒྱལ་གྱི་སྤྱི་ཚོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་གྱུར་ཡོད། ང་ཚོས་ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པ་ལས་སྤྱི་ཚོགས་རིང་ལུགས་དང་ཁ་འབྲལ་མི་རུང་།

གཉིས་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད། ང་ཚོས་ངེས་པར་དུ་དོན་དངོས་འདི་གཞིར་བཟུང་ནས་མདུན་བསྐྱོད་བྱེད་དགོས་པ་ལས་ཐད་ཀར་དུས་རིམ་འདི་ལས་བརྒལ་མི་རུང་།

གོང་དུ་བཤད་པ་ནི་ཐོག་མའི་དུས་རིམ་གྱི་སྤྱི་ཚོགས་ཀྱི་ངོ་བོ་ཡིན་པ་དང་། རིམ་པ་རྗེས་མའི་གོ་དོན་གྱིས་རང་རྒྱལ་གྱི་དངོས་ཡོད་ཁྲོད་ཀྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆུ་ཚད་གསལ་བཤད་བྱས་ཡོད།

སྤྱི་ཚོགས་ཀྱི་ངོ་བོའི་ཐོག་ནས་བཤད་ན། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། མི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པ། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན།

འཕེལ་རྒྱས་འགྲོ་ཚད་ལ་གཞིགས་ནས་བཤད་ན། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད།

4 གཞི་རྩའི་ཁྱད་ཆོས།

ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པས་རང་རྒྱལ་གྱི་མི་འབོར་གྲུབ་ཚུལ་དང་། བཟོ་ལས་འཕེལ་རྒྱས་ཀྱི་ཆུ་ཚད། ས་ཁུལ་འཕེལ་རྒྱས་ཀྱི་གནས་ཚུལ། ཚན་རིག་སློབ་གསོ་རིག་གནས་ཀྱི་འཕེལ་རྒྱས་སོགས་ཕྱོགས་འགའི་ཐད་ནས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ཁྱད་ཆོས་ཕྱོགས་བསྡུས་བྱས་ཡོད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་རིམ་བཞིན་དབུལ་ཕོངས་དང་རྗེས་ལུས་ཀྱི་གནས་ལས་སྒྲོལ་བའི་དུས་རིམ་ཡིན་པ་དང་། ཞིང་ལས་མི་འབོར་གྱིས་མང་ཆེ་བ་བཟུང་བའི་ལག་ཤེས་ངལ་རྩོལ་གྱིས་རྨང་གཞི་བྱས་པའི་ཞིང་ལས་རྒྱལ་ཁབ་ཅིག་ཡིན་ཞིང་། རིམ་གྱིས་ཞིང་ལས་མིན་པའི་ཐོན་ལས་ཀྱི་མི་འབོར་གྱིས་མང་ཆེ་བ་བཟུང་བའི་དེང་རབས་ཅན་གྱི་བཟོ་ལས་རྒྱལ་ཁབ་ཅིག་ཏུ་འགྱུར་བའི་དུས་རིམ་ཞིག་ཡིན། རང་བྱུང་དཔལ་འབྱོར་དང་རང་བྱུང་དཔལ་འབྱོར་ཕྱེད་ཙམ་གྱིས་བསྡུར་ཚད་ཧ་ཅང་ཆེན་པོ་ཟིན་པ་ནས་ཚོང་ཟོག་དཔལ་འབྱོར་དར་རྒྱས་ཆེས་ཆེར་འགྲོ་བའི་དུས་རིམ་དུ་གྱུར་པ་དང་། བསྒྱུར་བཅོས་དང་འཚོལ་ཞིབ་བྱས་པར་བརྟེན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཀྱི་སྒྲིག་སྲོལ་འཛུགས་པ་དང་གོང་དུ་འཕེལ་བའི་དུས་རིམ་ཞིག་ཡིན། དམངས་ཡོངས་ཀྱིས་དཔའ་ངར་ཆེར་སྐྱེད་དང་དཀའ་སྤྱད་ལས་སྐྲུན་བྱས་ནས་རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་དུས་རིམ་ཡིན། ལོ་བཅུའི་ངོས་འཛིན་དང་ལག་ལེན་བྱས་པ་བརྒྱུད། ཏང་གི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཐོག་དེང་རབས་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་། ཐོན་ལས་གྲུབ་ཚུལ། དཔལ་འབྱོར་འཁོར་སྐྱོད་བྱེད་སྟངས། རིག་གནས་སློབ་གསོའི་འཕེལ་རྒྱས་ཀྱི་ཆུ་ཚད། མི་དམངས་འབྱོར་ཕྱུག་གི་ཆུ་ཚད། ས་ཁུལ་འཕེལ་རྒྱས་ཀྱི་གནས་ཚུལ། སྒྲིག་སྲོལ་བསྒྱུར་བཅོས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་རྒྱལ་སྤྱིའི་ཞིབ་བསྡུར་སོགས་ཀྱི་ཐད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཁྱད་ཆོས་ལ་ཕྱོགས་བསྡུས་གསར་པ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཏེ། གཅིག རིམ་བཞིན་དར་རྒྱས་བྱུང་མེད་པའི་རྣམ་པ་ལས་ཐར་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་དང་། གཉིས། ཞིང་ལས་མི་འབོར་གྱིས་བསྡུར་ཚད་ཧ་ཅང་མང་པོ་ཟིན་པའི་ཞིང་ལས་གཙོ་བོ་ལག་ཤེས་ངལ་རྩོལ་ལ་བརྟེན་པའི་ཞིང་ལས་རྒྱལ་ཁབ་ནས་ཞིང་ལས་བྱེད་མཁན་མིན་པའི་མི་འབོར་གྱིས་མང་ཆེ་བ་བཟུང་བ་དང་དེང་རབས་ཀྱི་ཞིང་ལས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཚུད་པའི་བཟོ་ལས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དུས་རིམ་དུ་རིམ་བཞིན་འགྱུར་དགོས། གསུམ། རང་བྱུང་དཔལ་འབྱོར་དང་རང་བྱུང་དཔལ་འབྱོར་ཕྱེད་ཙམ་གྱིས་བསྡུར་ཚད་ཧ་ཅང་ཆེན་པོ་ཟིན་པ་ནས་རིམ་བཞིན་དཔལ་འབྱོར་ཚོང་ར་ཅན་དུ་འགྱུར་ཚད་ཅུང་མཐོ་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་འགྱུར་དགོས། བཞི། ཡིག་རྨོངས་དང་ཡིག་རྨོངས་ཕྱེད་ཙམ་གྱི་མི་འབོར་གྱིས་བསྡུར་ཚད་ཧ་ཅང་ཆེན་པོ་ཟིན་ཡོད་པ་དང་། ཚན་རྩལ་དང་། སློབ་གསོ། རིག་གནས་བཅས་རྗེས་ལུས་ཐེབས་ཡོད་པས། རིམ་བཞིན་ཚན་རྩལ་དང་། སློབ་གསོ། རིག་གནས་བཅས་དར་རྒྱས་ཆེ་ཙམ་བྱུང་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་གྱུར་ཡོད། ལྔ། དབུལ་ཕོངས་མི་འབོར་གྱིས་བསྡུར་ཚད་ཧ་ཅང་མང་པོ་བཟུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཅུང་དམའ་བ་ནས་རིམ་བཞིན་མི་དམངས་ཡོངས་རྫོགས་ཅུང་འབྱོར་ཕྱུག་ལྡན་པར་འགྱུར་བའི་ལོ་རྒྱུས་ཀྱི་དུས་རིམ་ཡིན། དྲུག ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་ཧ་ཅང་དོ་མི་མཉམ་པར་བརྟེན་སྔ་ཕྱི་ཡོད་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་བརྒྱུད་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ། བདུན། བསྒྱུར་བཅོས་དང་འཚོལ་ཞིབ་བྱས་པར་བརྟེན་ནས་ཅུང་ནར་སོན་པའི་འཐུས་ཚང་དང་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་སྒྲིག་སྲོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་སྒྲིག་སྲོལ། ཕྱོགས་གཞན་དག་ཐད་ཀྱི་སྒྲིག་སྲོལ་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་ཡིན། བརྒྱད། རྒྱ་ཆེའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་ཕུགས་བསམ་བརྟན་པོར་བཙུགས་ཏེ་འབད་བརྩོན་ལྷོད་མེད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་སྤྱད་འབད་བརྩོན། བརྩོན་བསྲིས་རྒྱལ་འཛུགས་བཅས་བྱས་ནས་དངོས་པོའི་དཔལ་ཡོན་སྤེལ་བ་དང་དུས་མཚུངས་སུ་བསམ་པའི་དཔལ་ཡོན་སྤེལ་བར་འབད་བརྩོན་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་ཞིག་ཡིན། དགུ། འཛམ་གླིང་གི་སྔོན་ཐོན་ཆུ་ཚད་བར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞིའི་ཐོག་རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་དུས་རིམ་ཡིན། དོན་ཚན་དང་པོ་དང་དགུ་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་ལས་འགན་སྤྱི་སྙིང་བསྡུས་བྱས་པ་ཞིག་ཡིན་པ་དང་། གཞན་བདུན་པོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་ལས་འགན་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་སོགས་གང་ཅིའི་ཐད་སྤེལ་བ་ཞིག་ཡིན། དོན་ཚན་དགུ་པོས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་རང་བཞིན་གྱི་ཁྱད་ཆོས་གང་ལེགས་མཚོན་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་རྒྱུ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་རིམ་ཧ་ཅང་རིང་པོ་ཞིག་ཡིན་ཞིང་། འཕེལ་རྒྱས་ཀྱི་འཕེལ་རིམ་ནང་ད་དུང་འཕེལ་རྒྱས་ཀྱི་དུས་རིམ་བྱེ་བྲག་པ་དུ་མ་བརྒྱུད་དགོས་པ་དང་། དུས་སྐབས་མི་འདྲ་བར་དུས་རིམ་རང་བཞིན་གྱི་ཁྱད་ཆོས་མི་འདྲ་བ་མངོན་ངེས། འགུལ་རྣམ་གྱི་འཕེལ་རིམ་དེ་རིགས་ནི་གྲངས་འགྱུར་གསོག་འཇོག་ལས་བྱུང་བའི་ཆ་ཤས་ཀྱི་ངོ་བོའི་འགྱུར་ལྡོག་ཡིན་པ་དང་། རྨང་གཞི་གསར་པའི་ཐོག་སླར་ཡང་གྲངས་འགྱུར་གསར་པ་ལས་བྱུང་བའི་ཆ་ཤས་ཀྱི་ངོ་བོའི་འགྱུར་ལྡོག་གི་བརྒྱུད་རིམ་ཡིན་ཞིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པས་ཕྱོགས་བརྒྱད་ཀྱི་ཐད་ནས་དུས་རབས་གསར་པ་དང་དུས་རིམ་གསར་པའི་ནང་རང་རྒྱལ་འཕེལ་རྒྱས་བྱུང་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པར་དབྱེ་ཞིབ་དང་སྙིང་བསྡུས་གཏིང་ཟབ་བྱས་ཡོད། དང་པོ། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་མངོན་གསལ་སོང་བ་དང་དུས་མཚུངས་སུ་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱིའི་ཆ་ནས་ད་དུང་མཐོན་པོ་མིན་པ་དང་། རང་བརྟེན་གསར་གཏོད་བྱེད་ནུས་ད་དུང་ཆེན་པོ་མེད་པ། ཡུན་རིང་ཆགས་པའི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་དང་རགས་ལས་ཅན་གྱི་འཕར་སྣོན་གཏོང་སྟངས་ད་དུང་རྩ་བའི་ཆ་ནས་འགྱུར་བ་བྱུང་མེད་པ། གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རགས་ཙམ་བཙུགས་པ་དང་། དུས་མཚུངས་སུ་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སྔར་བཞིན་གནས་ཡོད་པ་དང་། བསྒྱུར་བཅོས་འགག་སྒྲོལ་གྱི་མདུན་དུ་འགལ་བ་དང་གནད་དོན་ཟབ་མོ་ལྷགས་ཡོད། གསུམ་པ། མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་པ་དང་། དུས་མཚུངས་སུ་ཡོང་འབབ་བགོ་བཤའི་ཧེ་བག་ཆེ་རུ་འགྲོ་བའི་འཕེལ་ཕྱོགས་ད་དུང་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དང་ཡོང་འབབ་དམའ་བའི་མི་འབོར་ད་དུང་གྲངས་འབོར་ངེས་ཅན་ཡོད་པ། ཕྱོགས་གང་ཅིའི་ཁེ་ཕན་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་དཀའ་ཚད་ཆེ་རུ་ཕྱིན་པ། བཞི་པ། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། དུས་མཚུངས་སུ་ཞིང་ལས་ཀྱི་རྨང་གཞི་ཞན་པ་དང་གྲོང་གསེབ་ཀྱི་འཕེལ་རྒྱས་རྗེས་སུ་ལུས་པའི་རྣམ་པ་ད་དུང་འགྱུར་བ་བྱུང་མེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལས་འགན་ལ་དཀའ་ཚེགས་ཆེན་པོ་ཡོད། ལྔ་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཟམ་མི་ཆད་པར་གོང་དུ་སྤེལ་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱས་པ་དང་དུས་མཚུངས་སུ་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྤེལ་བྱ་རྒྱུ་དེ་མི་དམངས་དམངས་གཙོ་རྒྱ་སྐྱེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བླང་བྱ་དང་ད་དུང་ཡོངས་སུ་འཚམ་པོ་བྱུང་མེད་པས། ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་མུ་མཐུད་ཟབ་སྤེལ་བྱ་དགོས། དྲུག་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྔར་ལས་དར་རྒྱས་ཕུན་སུམ་ཚོགས་པོ་བྱུང་བ་དང་དུས་མཚུངས་སུ་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་། མི་རྣམས་ཀྱི་བསམ་བློ་གཏོང་སྟངས་ལ་རང་ཚུགས་རང་བཞིན་དང་། གདམ་གསེས་རང་བཞིན། འགྱུར་བ་མང་བའི་རང་བཞིན་བཅས་མངོན་གསལ་ཆེ་རུ་ཕྱིན་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བར་བླང་བྱ་སྔར་ལས་མཐོ་བ་བཏོན་ཡོད། བདུན་པ། སྤྱི་ཚོགས་ཀྱི་གསོན་ཤུགས་མངོན་གསལ་ཆེ་རུ་ཕྱིན་པ་དང་དུས་མཚུངས་སུ་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་རྣམ་པ། སྤྱི་ཚོགས་ཀྱི་ཁེ་ཕན་ཆགས་སྟངས་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། སྤྱི་ཚོགས་འཛུགས་སྐྲུན་དང་དོ་དམ་བྱེད་པར་ཞིབ་འཇུག་བྱ་གཞི་གསར་པ་མང་པོ་འཕྲད་ཡོད། བརྒྱད་པ། ཕྱི་ཕྱོགས་ལ་སྒོ་འབྱེད་ཚད་ཉིན་བཞིན་ཇེ་ཆེར་འགྲོ་བ་དང་དུས་མཚུངས་སུ་རྒྱལ་སྤྱིའི་འགྲན་རྩོད་ཉིན་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཅིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་ཚན་རྩལ་ཐད་བཟང་ཆ་བཟུང་བའི་གནོན་ཤུགས་དུས་ཡུན་རིང་པོར་གནས་པས། སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་ཇེ་མང་དུ་འགྲོ་བཞིན་ཡོད་པས། རྒྱལ་ནང་གི་འཕེལ་རྒྱས་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་བླང་བྱ་སྔར་ལས་མཐོ་བ། མིག་སྔར་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དེ་དུས་རབས་གསར་པ་དང་དུས་རིམ་གསར་པའི་བྱེ་བྲག་གི་མཚོན་ཚུལ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ལོ་རྒྱུས་ཀྱི་དུས་རིམ་ཆེན་པོ་འདི་ཁོང་དུ་བརྟན་པོར་ཆུད་པར་མ་ཟད། དུས་སྐབས་མི་འདྲ་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་བྱེ་བྲག་པར་དབྱེ་ཞིབ་ནན་ཏན་བྱས་ན། ད་གཟོད་རང་རྒྱལ་གྱི་སྤྱི་ཚོགས་གོང་དུ་འཕེལ་བའི་འཕེལ་ཕྱོགས་གཙོ་བོ་དང་ཁ་ཕྱོགས་ལ་བརྡར་ཤ་གནད་ལ་འཁེལ་བ་གཅོད་ཐུབ་པ་མ་ཟད། འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་སྲིད་ཇུས་ཡང་དག་པ་གཏན་འབེབས་བྱེད་པར་བརྟེན་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དང་དམངས་གཙོ་རིང་ལུགས་གསར་པའི་སྤྱི་ཚོགས་བར་གྱི་ཁྱད་པར།

(1) སྤྱི་ཚོགས་ཀྱི་ངོ་བོ་མི་འདྲ་སྟེ། དམངས་གཙོའི་རིང་ལུགས་གསར་པའི་སྤྱི་ཚོགས་ནི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་སུ་འཕེལ་བའི་བར་བརྒལ་གྱི་རང་བཞིན་ལྡན་པའི་སྤྱི་ཚོགས་ཤིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ནང་གི་འཕེལ་རྒྱས་ཀྱི་དུས་རིམ་ཞིག་ཡིན། དེ་ནི་རྩ་བ་ནས་མི་འདྲ་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་གཉིས་ཡིན།

(2) གྲལ་རིམ་གྱི་གྲུབ་ཚུལ་མི་འདྲ་སྟེ། དམངས་གཙོའི་རིང་ལུགས་གསར་པའི་སྤྱི་ཚོགས་སུ་ད་དུང་བཤུ་གཞོག་གྲལ་རིམ་གནས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་བཤུ་གཞོག་གྲལ་རིམ་མེད་ཅིང་། འབྱོར་ལྡན་གྲལ་རིམ་དེ་གྲལ་རིམ་ཞིག་ཡིན་པའི་ངོས་ནས་བཤད་ན་མེད་པར་གྱུར་ཟིན།

(3) སྲིད་ཏང་ལམ་ལུགས་ཀྱི་གཞི་རྩའི་ཁྱད་ཆོས་མི་འདྲ་སྟེ། དམངས་གཙོ་རིང་ལུགས་གསར་པའི་སྤྱི་ཚོགས་ནི་འབྱོར་མེད་གྲལ་རིམ་གྱིས་འགོ་ཁྲིད་བྱེད་པ་དང་། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱེད་པ། བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་འབྱོར་ལྡན་གྲལ་རིམ་བཅས་ཀྱི་གསར་བརྗེའི་གྲལ་རིམ་ཁག་མཉམ་འབྲེལ་གྱིས་སྲིད་དབང་སྒེར་འཛིན་བྱེད་པར་ངོ་རྒོལ་བྱེད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་སྲིད་ཏང་ལམ་ལུགས་ཀྱི་གཞི་རྩའི་ཁྱད་ཆོས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་དང་། ཏང་མང་མཉམ་ལས། གུང་ཁྲན་ཏང་གིས་སྲིད་སྐྱོང་། ཏང་མང་སྲིད་ཞུགས། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་ཁག་ནི་འཐབ་གྲོགས་བཟང་པོ་ཡིན།

(4) མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་གོ་དོན་མི་འདྲ་སྟེ། དམངས་གཙོའི་རིང་ལུགས་གསར་པའི་སྤྱི་ཚོགས་སུ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱིས་དགྲར་འཛིན་གྲལ་རིམ་དྲག་གནོན་བྱས་ཏེ་རྒྱལ་ཁབ་ཀྱིས་དམངས་གཙོ་རིང་ལུགས་གསར་པའི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་བར་བརྒལ་བྱེད་ཐུབ་པར་སྲུང་སྐྱོབ་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་ནི་གཙོ་བོ་དགྲར་འཛིན་མཁན་དང་གཏོར་བཤིག་གཏོང་མཁན་ལ་སྲིད་དབང་སྒེར་འཛིན་བྱ་རྒྱུ་དེ་ཡིན་ཞིང་། ལས་འགན་གཙོ་བོ་དེའང་སྤྱི་ཚོགས་རིང་ལུགས་སྲ་བརྟན་དང་འཛུགས་སྐྲུན་བྱ་རྒྱུར་བསྒྱུར་ཡོད།

(5) དཔལ་འབྱོར་གྲུབ་ཚུལ་མི་འདྲ་སྟེ། དཔལ་འབྱོར་ཐད་དཔལ་འབྱོར་སྣ་མང་མཉམ་གནས་གང་ལེགས་བྱས་ཡོད་མོད། འོན་ཀྱང་དམངས་གཙོ་རིང་ལུགས་གསར་པའི་སྤྱི་ཚོགས་སུ་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་གཙོ་ཁྲིད་ཀྱི་གོ་གནས་ཁོ་ན་བཟུང་བ་ལས་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་ཤུགས་མིན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ཡིན་པས་དེའི་གོ་གནས་དང་ནུས་པ་ཆེས་ཆེར་མཐོ་རུ་ཕྱིན་ཡོད།

(6) ཐོན་སྐྱེད་སྤྱི་ཚོགས་ཅན་དུ་འགྱུར་བའི་ཚད་མི་འདྲ་སྟེ། དམངས་གཙོ་རིང་ལུགས་གསར་པའི་སྤྱི་ཚོགས་སུ་ཅུང་དམའ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་ཅུང་མཐོ་བ་ཡིན།

5 མངོན་ཚུལ་གཙོ་བོ།

སྤྱིའི་ཆ་ནས་བལྟས་ན། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་མ་ཟད་ད་དུང་ཡུན་རིང་ངང་གནས་རྒྱུ་ཡིན།

དཔལ་འབྱོར་ཐོག་ད་ལྟའི་དུས་རིམ་དུ་རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ད་དུང་ཅུང་དམའ་བ་དང་། ས་ཁུལ་བར་གྱི་འཕེལ་རྒྱས་དོ་མི་མཉམ་པ།

རིག་གནས་ཐད་ཚན་རིག་ལག་རྩལ་གྱི་ཆུ་ཚད་དང་མི་རིགས་རིག་གནས་ཀྱི་བྱང་ཚད་ད་དུང་མཐོན་པོ་མེད་པ།

ཆབ་སྲིད་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བྱེ་བྲག་པ་ད་དུང་འཐུས་སྒོ་ཚང་བ་ཞིག་བྱུང་མེད།

6 ཡུན་རིང་གི་རང་བཞིན།

ཏང་གི་ཚོགས་ཆེན་བཅོ་ལྔ་པ།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དེ་སྤྱི་ལོ1956ལོར་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་ནས་བཟུང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དེ་རང་རྒྱལ་དུ་གཞི་རྩའི་ཆ་ནས་མངོན་འགྱུར་མ་བྱུང་བར་ཉུང་མཐར་ཡང་ལོ་ངོ་བརྒྱའི་དུས་ཡུན་དགོས། ཡུན་རིང་གི་རང་བཞིན་དེ་ནི་ལོ་རྒྱུས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་། དངོས་ཡོད་ཀྱི་གནས་ཚུལ། འཛམ་གླིང་གི་དཔལ་འབྱོར་འཕེལ་ཚུལ་བཅས་ཀྱིས་ཐག་བཅད་པ་ཞིག་རེད།

ཏེང་ཞའོ་ཕིང་གིས་བསྟན་དོན། ད་ལྟ་ང་ཚོས་ཀྱང་སྤྱི་ཚོགས་རིང་ལུགས་སྤེལ་བཞིན་ཡོད་མོད། འོན་ཀྱང་དོན་དངོས་ཐོག་མི་འདང་བ་རེད། མི་འདང་པ་ཞེས་པ་ནི་མར་ཁེ་སིས་གསུངས་པའི“གུང་ཁྲན་རིང་ལུགས་ཀྱི་དུས་རིམ་དམའ་ཤོས”ཏེ་སྤྱི་ཚོགས་རིང་ལུགས་དུས་རིམ་གྱི“ཐོབ་ཐང”འདང་གི་མེད་པ་དེ་རེད། “ཚད་མི་འདང་བ”དེ་རིགས་ནི་གཙོ་བོ་དངོས་པོ་དང་ལག་རྩལ་གྱི་རྨང་གཞིའི་ཐད་མི་འདང་བ་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་ལམ་ལུགས་དང་སྟེང་གི་བཀོད་པའི་ཐད་ནར་སོན་དང་འཐུས་ཚང་མ་བྱུང་བའི་ཐོག་ནས་ཀྱང་མཚོན་ཡོད། དེའི་ཐོག་ནས་ཀྲུང་གོར་ད་ལྟ་གནས་པའི་འཕེལ་རྒྱས་ཀྱི་དུས་རིམ་དང་མར་ཁེ་སིའི་རིང་ལུགས་ཀྱི་སྲོལ་གཏོད་མཁན་གྱིས་བསམ་ཚོད་བྱས་པའི་མ་འོངས་པའི་འཕེལ་རྒྱས་ཀྱི་དུས་རིམ་བར་དངོས་པོ་དང་ལག་རྩལ་གྱི་རྨང་གཞིའི་ཐོག་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་དང་། དེ་ལས་བྱུང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཆུ་ཚད་ཐད་མི་འདང་བ་མཚོན་པ་རེད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཡུན་རིང་རང་བཞིན་དེ་རྩ་བའི་ཐོག་ནས་བཤད་ན་ཀྲུང་གོ་སྤྱི་ཚོགས་རིང་ལུགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་མཁོ་བའི་དངོས་པོའི་རྨང་གཞི་ལས་བྱུང་བ་ཞིག་རེད།

1. རང་རྒྱལ་སྤྱི་ཚོགས་རིང་ལུགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་སྔོན་འགྲོའི་ཆ་རྐྱེན་གྱིས་ཐོག་མའི་དུས་རིམ་གྱི་ཡུན་རིང་རང་བཞིན་གཏན་ཁེལ་བྱས་ཡོད། རང་རྒྱལ་སྔོན་ཆད་དཔལ་འབྱོར་དང་རིག་གནས་རྗེས་ལུས་ཐེབས་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གནས་ཡོད་ཅིང་། མ་རྩའི་རིང་ལུགས་འཕེལ་རྒྱས་གང་ལེགས་བྱུང་བའི་དུས་རིམ་བརྒྱུད་མྱོང་མེད། དེ་ལྟར་བྱས་ན་རང་རྒྱལ་གྱིས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེ་བརྒྱུད་དེ་སྤྱི་ཚོགས་རིང་ལུགས་སུ་སླེབས་པའི་སྐབས་སུ། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བའི་ཆུ་ཚད་དང་དེ་བཞིན་དཔལ་འབྱོར་སྤྱི་ཚོགས་ཅན་དང་། ཚོང་ར་ཅན། དེང་རབས་ཅན་བཅས་སུ་འགྱུར་ཚད་ཚང་མ་དར་རྒྱས་ཆེ་བའི་མ་རྩའི་རིང་ལུགས་རྒྱལ་ཁབ་ཀྱི་རྗེས་སུ་ལུས་ཡོད། དེས་ང་ཚོར་ངེས་པར་དུ་ལོ་རྒྱུས་ཀྱི་དུས་སྐབས་ཧ་ཅང་རིང་པོ་ཞིག་གི་ནང་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་རྨང་གཞི་དར་རྒྱས་ཆེ་བ་གསར་འཛུགས་དང་འཕེལ་རྒྱས་བཏང་ནས་དཔལ་འབྱོར་སྤྱི་ཚོགས་ཅན་དང་། ཚོང་ར་ཅན། དེང་རབས་ཅན་བཅས་སུ་འགྱུར་ཚད་མཐོ་རུ་བཏང་སྟེ་བཟོ་ལས་ཅན་དུ་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ལོ་རྒྱུས་ཀྱི་དུས་སྐབས་འདི་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཡིན།

2. རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་གྱིས་ཐོག་མའི་དུས་རིམ་གྱི་ཡུན་རིང་རང་བཞིན་ཐག་གཅོད་བྱས་ཡོད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ད་དུང་དར་རྒྱས་བྱུང་མེད་པའི་དུས་རིམ་དུ་གནས་ཡོད། རྒྱལ་ཁབ་བཙུགས་ཚུན་དང་ལྷག་པར་དུ་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་རང་རྒྱལ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། འོན་ཀྱང་སྤྱིའི་ཆ་ནས་བཤད་ན། མི་འབོར་མང་བ་དང་། རྨང་གཞི་ཞན་པ། ས་ཁུལ་འཕེལ་རྒྱས་དོ་མི་མཉམ་པ། ཚན་རྩལ་དང་། སློབ་གསོ། རིག་གནས་བཅས་རྗེས་ལུས་ཐེབས་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཅུང་དམའ་བ། ཐོན་སྐྱེད་ནུས་ཤུགས་དར་རྒྱས་བྱུང་མེད་པ་བཅས་ཀྱི་གནས་ཚུལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ད་དུང་འཐུས་སྒོ་ཚང་བ་ཞིག་བྱུང་མེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་སྒྲིག་སྲོལ་ད་དུང་འཐུས་ཚང་བྱུང་མེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་ད་དུང་འཐུས་ཚང་བྱུང་མེད་པ། སྤྱི་ཚོགས་ཐོག་བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་རུལ་སུངས་སུ་གྱུར་པའི་བསམ་བློ་དང་ཐོན་སྐྱེད་ཆུང་གྲས་ཀྱི་གོམས་གཤིས་སྟོབས་ཤུགས་ཀྱི་ཤུགས་རྐྱེན་ད་དུང་ཁྱབ་ཆེན་པོ་ཐེབས་ཡོད། དེའི་ཐོག་ནས་དེང་རབས་ཅན་མངོན་འགྱུར་བྱས་ཏེ་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། ཤེས་རིག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་དགོས་ན་ད་དུང་ལམ་ཐག་ཧ་ཅང་རིང་པོ་བསྐྱོད་དགོས་པ་གསལ་པོར་མཚོན་ཡོད།

3. འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་གྱི་འཕེལ་ཕྱོགས་ཀྱིས་ཐོག་མའི་དུས་རིམ་གྱི་ཡུན་རིང་རང་བཞིན་ཐག་གཅོད་བྱས་ཡོད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། འཛམ་གླིང་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་བརྗེ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཁ་ཤས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་འཕེལ་རྒྱས་ཚད་མཐོན་པོ་བྱུང་བ་དང་། དཔལ་འབྱོར་འཕར་སྣོན་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་བྱུང་ཞིང་། མིའི་རིགས་དུས་རབས21པར་སླེབས་པའི་སྐབས་སུ། ཤེས་བྱའི་དཔལ་འབྱོར་གྱི་གནས་ཚུལ་བྱུང་། དེས་ན་རང་རྒྱལ་གྱིས་མངོན་འགྱུར་བྱ་དགོས་པའི་དེང་རབས་ཅན་ལ་དཀའ་ཚེགས་དང་རྙོག་འཛིང་རང་བཞིན་སྔར་བས་ཆེ་བ་ལྡན་པས། ང་ཚོས་ངེས་པར་དུ་དུས་ཡུན་ཧ་ཅང་རིང་པོ་ཞིག་བརྒྱུད་ན། གཞི་ནས་སྤྱི་ཚོགས་རིང་ལུགས་ལ་མཁོ་བའི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བྱང་ཆུབ་པ་ཞིག་དངོས་སུ་འཛུགས་ཐུབ། དེའི་གོང་ལ་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་མ་གཏོགས་གནས་མི་ཐུབ།

མདོར་ན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་གནས་ཚུལ་དངོས་ཡིན་ལ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡང་ཡིན་པས། ལོ་རྒྱུས་ཀྱི་བརྒྱུད་རིམ་འདིའི་ནང་གི་འཕོ་འགྱུར་རབ་དང་རིམ་པ་མངོན་འགྱུར་བྱེད་པར་ཉུང་མཐའ་ཡང་ལོ་ངོ་བརྒྱ་ཡི་དུས་ཡུན་དགོས།

7 རྩ་བའི་ལས་འགན།

རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་པ་དང་། འགལ་བ་གཙོ་བོར་ཁ་ཕྱོགས་ན། རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེད་དེ་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།

8 གཞི་རྩའི་ལམ་ཕྱོགས།

སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་ལམ་ཕྱོགས་དེ་སྤྱི་ལོ1987ལོར་ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ཐོག་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས། རང་སྟོབས་རང་སྤེལ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། ཤེས་དཔལ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་དགོས་ཞེས་བཏོན་ཡོད། གཞི་རྩའི་ལམ་ཕྱོགས་འདིའི་ནང་དོན་གཙོ་བོ་ནི“དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས། བསྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས། ལྟེ་གནས་གཅིག་དང་གཞི་རྩའི་གནད་གཉིས”ཞེས་པ་དེ་ཡིན།

ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅུ་བདུན་པས་གཞི་རྩའི་ལམ་ཕྱོགས་ལ་ཁ་གསབ་བྱས་ཡོད་དེ། སྔར་གྱི“འབྱོར་ཕྱུག་དང་། དམངས་གཙོ། ཤེས་རིག”བཅས“འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན”བཅས་སུ་བསྒྱུར་ཡོད།

གཞི་རྩའི་རྩ་འཛིན།

དཔལ་འབྱོར་རྩ་འཛིན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དེ་ཡིན། རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ལེགས་ཤིང་མགྱོགས་པོ་ཡོང་བ་བྱས་ནས་མི་དམངས་ཀྱིས་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་འགན་ལེན་བྱ་དགོས།

ཆབ་སྲིད་རྩ་འཛིན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྤེལ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྨང་གཞིའི་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་རྒྱུ་དེ་ཡིན། སྤྱི་ཚོགས་ལྷིང་འཇགས་དང་། སྲིད་གཞུང་སྤྱོད་གཙང་ནུས་ལྡན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འཆམ་མཐུན། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་ཆབ་སྲིད་རྣམ་པ་མངོན་དུ་འགྱུར་བར་བྱ་དགོས།

རིག་གནས་རྩ་འཛིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྤེལ་བྱ་རྒྱུ་ནི་མར་ཁེ་སི་རིང་ལུགས་སློབ་སྟོན་དུ་འཛིན་པ་དང་། ཕུགས་བསམ་ལྡན་པ། ཀུན་སྤྱོད་བཟང་བ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་སྤྱི་དམངས་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། དེང་རབས་ཅན་དང་། འཛམ་གླིང་། མ་འོངས་པ་བཅས་ལ་ཁ་ཕྱོགས་པ་དང་། མི་རིགས་དང་། ཚན་རིག་དང་མཐུན་པ། མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་གཏོང་རྒྱུ་དེ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

སྤྱི་ཚོགས་ཀྱི་རྩ་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ་ནི་དམངས་གཙོ་དང་ཁྲིམས་ལུགས། དྲང་སྙོམས་དྲང་བདེན། ཟོལ་མེད་མཛའ་མཐུན། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ། ལྷིང་འཇགས་དང་སྒྲིག་ལམ་ལྡན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་ཀྱི་སྤྱིའི་བླང་བྱ་དང་ཐུན་མོང་ཐོག་འཛུགས་སྐྲུན་དང་ཐུན་མོང་ཐོག་ལོངས་སྤྱོད་བྱེད་པའི་རྩ་དོན་ལྟར། དམངས་འཚོ་ལེགས་བཅོས་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། ཆེས་ཐད་ཀར་ཡིན་པ། ཆེས་དངོས་ཡོད་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་ཡོངས་ཀྱིས་གང་ནུས་དེ་སྒྲུབ་དང་གང་འོས་དེ་ཐོབ་བྱེད་ལ་འཆམ་མཐུན་མཉམ་གནས་ཀྱང་ཡིན་པའི་རྣམ་པ་ཆགས་པར་འབད་བརྩོན་བྱ་དགོས།

སྐྱེ་ཁམས་དཔལ་ཡོན་གྱི་རྩ་འཛིན་ནི། ཁོར་ཡུག་སྲུང་སྐྱོང་དང་། ཐོན་ཁུངས་གྲོན་ཆུང་གི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་དང་། འཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེར་བཏང་སྟེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བཀོད་པ་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས་བཅས་ཆགས་པར་བྱེད་པ་དང་། འབྱུང་རྩ་ནས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་འཕེལ་ཕྱོགས་བསྒྱུར་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས།

9 འཕེལ་རྒྱས་ཀྱི་འཐབ་ཇུས།

དང་པོ། “གོམ་པ་གསུམ་བགྲོད”ཀྱི་འཕེལ་རྒྱས་འཐབ་ཇུས།

གོམ་པ་དང་པོ། སྤྱི་ལོ1981ལོ་ནས་སྤྱི་ལོ1990ལོའི་བར་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་སྤྱི་ལོ1980ལོ་ལས་ལྡབ་གཅིག་འཕར་བར་བྱས་ཏེ་མི་དམངས་ཀྱི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན།

གོམ་པ་གཉིས་པ། སྤྱི་ལོ1991ལོ་ནས་དུས་རབས20པའི་དུས་མཇུག་ཏུ་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་སླར་ཡང་ལྡབ་གཅིག་འཕར་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་པར་བྱེད་རྒྱུ་དེ་ཡིན།

གོམ་པ་གསུམ་པ། དུས་རབས21པའི་དུས་དཀྱིལ་དུ་སླེབས་སྐབས་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་སླར་ཡང་ལྡབ་གཅིག་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་བསྡོམས་འབོར་དར་རྒྱས་འབྲིང་བ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པ། མི་དམངས་ཀྱི་འཚོ་བ་ཅུང་ཕྱུག་པ། དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བཅས་བྱ་དགོས།

གཉིས་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་དགོས།

འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ལོ2020ལོའི་བར་གྱི་འབད་འཐབ་དམིགས་འབེན་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན།

གཅིག འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་བཏང་ནས་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འབད་བརྩོན་བྱེད་དགོས།

གཉིས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱ་སྐྱེད་བཏང་ནས་མི་དམངས་ཀྱི་ཁེ་དབང་དང་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་འགན་སྲུང་སྔར་ལས་ལེགས་པ་བྱེད་དགོས།

གསུམ། རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཡོངས་ཀྱི་ཤེས་དཔལ་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས།

བཞི། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་ནས་མི་དམངས་ཀྱི་འཚོ་བ་ཁྱོན་ཡོངས་ནས་ལེགས་སུ་གཏོང་དགོས།

ལྔ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱས་ཏེ་ནུས་ཁུངས་དང་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐོན་ལས་གྲུབ་ཚུལ་དང་། འཕར་སྣོན་གཏོང་སྟངས། འཛད་སྤྱོད་བྱེད་སྟངས་བཅས་གཞི་རྩའི་ཆ་ནས་ཆགས་པར་བྱ་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-27

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།