ང་གྲོང་གསེབ་ལ་དགའ།

རྩོམ་ཡིག་འདིར་གྲོང་གསེབ་གྱི་རྣམ་པ་སྟེ། གྲོང་གསེབ་ཀྱི་ཁོར་ཡུག་མཛེས་པ། མཁའ་རླུང་གཙང་བ། ཁ་ཁུ་སིམ་པ། མི་གཞུང་དྲང་བ་དང་བབ་ཆགས་པ་སོགས་གསོན་ཉམས་ལྡན་པར་བྲིས་ཡོད།
དབྱར་དུས་ཀྱི་གུང་གསེང་སྐབས་ང་རང་ཨ་ཕའི་འཁྲུངས་ཡུལ་ལ་ཕྱིན་པ་ཡིན། ངའི་ཨ་ཕའི་འཁྲུངས་ཡུལ་ནི་རྣམ་གླིང་རྫོང་ཐོབ་རྒྱལ་ཞེས་པའི་གྲོང་ཚོ་དེ་ཡིན། དེའི་རྒྱབ་ལ་བརྗིད་ཆགས་རི་བོས་བསྐོར་བ་དང་། མདུན་ན་ས་ཞིང་གཡུ་ཡི་གཞོང་པ་ལྟར་དུ་སྣང་། མུ་མཐའ་མེད་པའི་ཞིང་ཁ་སྔོ་ཐིང་ཐིང་གི་ཁྲོད་ན་དྭངས་གསལ་མེ་ལོང་ལྟར་གྱི་ཆུ་མོ་ཤང་ཤང་དུ་རྒྱུག་བཞིན་ཡོད། བྱིས་པ་འགའ་ཤས་རི་འདབས་སུ་ཕྱུགས་འཚོ་བ་དང་། འགའ་ཤས་ཡུར་བུའི་འགྲམ་དུ་ཆུ་ཁར་རྩེད་མོ་རྩེ་བཞིན་འདུག
གྲོང་གསེབ་ཀྱི་ཁོར་ཡུག་དང་མཁའ་རླུང་ནི། གྲོང་ཁྱེར་ལྟར་སྣུམ་ནག་ལམ་ཆེན་ཐོག་མདའ་འཕངས་པ་ལྟར་སྐྱོད་པའི་རླངས་འཁོར་རྣམས་ཀྱིས་བཏང་བའི་དུ་བ་ནག་པོས་དྭངས་གཙང་གི་མཁའ་རླུང་ལ་བཙོག་སྐྱོན་བར་མེད་གཏོང་བ་དང་། ཉིན་མཚན་མེད་པར་འར་འུར་རྫོགས་རྒྱུ་མེད་པ་དེ་འདྲ་མ་ཡིན་པར་མཁའ་རླུང་གཙང་ལ་ཁ་ཁུ་སིམ་པ། སྙན་འཇེབས་ལྡན་པའི་བྱ་བྱིའུ་ཡི་གསུང་སྙན་གང་ས་གང་དུ་ཐོས་རྒྱུ་ཡོད་ལ། སྐབས་འགར་བྱིས་པ་ཚོའི་རྩེད་འཇོའི་སྐད་ལྷང་ལྷང་དུ་ཐོས་པས་ང་ཡང་རང་དབང་མེད་པར་ཁོ་ཚོ་དང་མཉམ་དུ་རྩེད་མོ་རྩེ་བར་ཕྱིན་པ་ཡིན། ཕྲུ་གུ་དེ་ཚོ་ནི་གྲོང་ཁྱེར་ནང་གི་ཕྲུ་གུ་ནང་བཞིན་གྲགས་ཅན་ཚོང་རྟགས་ཀྱི་གོན་ཆས་གྱོན་མེད་ན་ཡང་། ཁོང་ཚོའི་གཞུང་དྲང་ལ་བབ་ཆགས་པ། ལྷག་བསམ་དག་པའི་རྣམ་འགྱུར་གྱིས་བདག་གི་སེམས་ལ་དྲོ་སོབ་སོབ་ཀྱི་ཚོར་སྣང་བྱུང་། འགྲོགས་ཡུན་ཉིན་ཁ་ཤས་ལས་མ་བྱུང་ཡང་ལོ་མང་འགྲོགས་པའི་གྲོགས་པོ་ནང་བཞིན་ང་ཚོའི་བར་དུ་བྲལ་བར་དཀའ་བའི་ལྷད་མེད་ཀྱི་བརྩེ་སེམས་ཆགས་པས། ང་ནི་སེམས་གཏིང་ནས་གྲོང་གསེབ་ལ་སེམས་ཆགས་ནས་ལྷ་སར་ལོག་འདོད་མ་བྱུང་། ལྷ་སར་སླེབས་ན་ཡང་། རྟག་པར་གྲོང་གསེབ་ཏུ་སྡོད་རིང་གི་དོན་དག་ལ་བསམ་བློ་འཁོར་བ་དང་ནང་མི་རྣམས་ལ་ཡང་དེའི་སྐོར་གྱི་དོན་དག་གླེང་བ་ན། ངའི་རྨོ་བོ་ལགས་ཀྱིས་ང་ལ་ང་ཚོའི་བུ་འདི་ཁྱད་མཚར་རེད། གྲོང་ཁྱེར་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོས་གྲོང་གསེབ་ཅེས་མཐོང་ཆུང་དང་སྡོད་འདོད་མེད་ཀྱང་ང་ཚོའི་བུ་འདིས་ཁ་གདང་མ་ཐག་གྲོང་གསེབ། གྲོང་གསེབ་ཅེས་གྲོང་གསེབ་ཡག་པ་དང་། གྲོང་གསེབ་སྐྱིད་པར་བསྟོད་བསྔགས་བྱེད་ཀྱི་འདུག་པས་ཁྱད་མཚར་རེད་གསུངས། དངོས་གནས་དེ་རང་རེད། ང་ནི་གྲོང་གསེབ་ལ་ཧ་ཅང་དགའ།
རྩོམ་ཡིག་འདིར་གྲོང་གསེབ་གྱི་རྣམ་པ་སྟེ། གྲོང་གསེབ་ཀྱི་ཁོར་ཡུག་མཛེས་པ། མཁའ་རླུང་གཙང་བ། ཁ་ཁུ་སིམ་པ། མི་གཞུང་དྲང་བ་དང་བབ་ཆགས་པ་སོགས་གསོན་ཉམས་ལྡན་པར་བྲིས་ཤིང་། རང་ཉིད་དེ་འདྲའི་ཡུལ་ཁམས་ལ་ཤིན་ཏུ་དགའ་བ་བརྗོད་པས། བརྗོད་དོན་གསལ་ཞིང་ཚིག་གི་སྦྱོར་བ་བདེ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-01-02
གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།