མི་རིགས་འདྲ་མཉམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་རིགས་འདྲ་མཉམ།
མི་རིགས་འདྲ་མཉམ་ཞེས་པ་ནི་མི་རིགས་ཡོད་ཚད་འདྲ་མཉམ་དང་། མི་རིགས་ཁག་དབང་ཆ་ཡོད་ཚད་འདྲ་མཉམ། མི་རིགས་ཁག་དོན་དངོས་ཐོག་འདྲ་མཉམ་ཡིན་པ་བཅས་ལ་ཟེར། མི་རིགས་ཆེ་ཆུང་ལ་མ་བལྟོས་པར་ཚང་མ་འདྲ་མཉམ་ཡིན་པ་དང་། མི་རིགས་གང་ཞིག་ལའང་ཁྱད་དབང་ཡོད་མི་ཆོག་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ནི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་རྩ་དོན་ཡིན། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱིས་མི་རིགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྨང་གཞི་དང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民族平等
མི་རིགས་འདྲ་མཉམ།
ཆེ་ཆུང་ལ་མ་བལྟོས་པར་ཚང་མ་འདྲ་མཉམ་ཡིན།
དཀར་ཆག
1   ​གོ་དོན།
2   གང་ནས་བཏོན་པ།
3   ནང་དོན།
4   མི་རིགས་འདྲ་མཉམ་གྱི་ཀྲུང་གོའི་མི་རིགས་སྲིད་ཇུས།
4.1 མི་རིགས་ཆེ་ཆུང་གི་དབྱེ་བ་མི་འབྱེད་པར་ཚང་མ་འདྲ་མཉམ་ཡིན།
4.2 མི་རིགས་ཁག་གི་དབང་ཆ་ཚང་མ་འདྲ་མཉམ་ཡིན།
4.3 མི་རིགས་ཡོད་ཚད་ལ་རོགས་རམ་བྱས་ནས་མི་རིགས་འདྲ་མཉམ་མངོན་འགྱུར་བྱེད་དགོས།
4.4 མི་རིགས་ཁག་ཚང་མས་ངེས་པར་དུ་བབ་མཚུངས་ཀྱི་འོས་འགན་བསྒྲུབ་དགོས།
5   ནང་དོན་གཙོ་བོ།
5.1 མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་དགོས།
5.2 མི་རིགས་ས་ཁོངས་རང་སྐྱོང་།
5.3  གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་དགོས།
5.4  གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུ།
5.5 ཚན་སློབ་རིག་རྩལ། རིག་གནས། འཕྲོད་བསྟེན་སོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་དགོས།
5.6  གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཉེར་སྤྱོད་དང་འཕེལ་རྒྱས་སུ་གཏོང་བ།
5.7  གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས། 
5.8  གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པ།
1 ​གོ་དོན།

ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཀྱི་གནད་དོན་ཐད་མར་ལེ་རིང་ལུགས་ཀྱི་ཡོངས་ཁྱབ་ཀྱི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་འཚམ་པའི་བྱེད་ཕྱོགས་དང་སྲིད་ཇུས་ཆ་ཚང་ཞིག་གཏན་འབེབས་བྱས་ཤིང་། མདོར་བསྡུས་ན་གཙོ་བོ་ནི་མི་རིགས་འདྲ་མཉམ་གྱི་སྲིད་ཇུས་དང་། མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས། མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་སྲིད་ཇུས་བཅས་ཡིན།

མི་རིགས་འདྲ་མཉམ་ཞེས་པ་ནི། མི་རིགས་ཁག་གི་མི་གྲངས་མང་ཉུང་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་ཚད་མཐོ་དམའ། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་མི་འདྲ་ས་བཅས་གང་ཡིན་རུང་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཆ་ཤས་ཤིག་ཡིན་པས། གོ་གནས་གཅིག་མཚུངས་ཡིན་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་ཁྲིམས་ལྟར་ཁེ་དབང་འདྲ་མཚུངས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། འོས་འགན་གཅིག་མཚུངས་འཁུར་རྒྱུ། རྣམ་པ་གང་རུང་གི་མི་རིགས་གཉའ་གནོན་དང་མི་རིགས་མཐོང་ཆུང་ལ་ངོ་རྒོལ་བྱ་རྒྱུ་བཅས་ཡིན།

2 གང་ནས་བཏོན་པ།

མི་རིགས་འདྲ་མཉམ་ནི་སྤྱིར་བཏང་གི་དམངས་གཙོའི་བླང་བྱ་ཡི་ནང་དོན་གལ་ཆེན་ཞིག་ཡིན་མོད། ཡིན་ནའང་སྒེར་ལ་དབང་བའི་ལམ་ལུགས་ཀྱི་སྤྱི་ཚོགས་ནང་དུ་མི་རིགས་བར་རྒྱུན་དུ་ཕན་ཚུན་ལ་དབང་སྒྱུར་དང་།ཕན་ཚུན་ལ་གཉའ་གནོན་བྱེད་པའི་འབྲེལ་བ་ཡིན་ཞིང་། རྒྱལ་ནང་ངམ་རྒྱལ་སྤྱིའི་མི་རིགས་བར་གྱི་འབྲེལ་བ་གང་ཡིན་རུང་། སྤྱིར་བཏང་དུ་བཤད་ན་འདྲ་མཉམ་མིན། ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བའི་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་གྲལ་རིམ་བཤུ་གཞོག་ལམ་ལུགས་དེ་ནི་སྤྱིར་བཏང་གི་སྤྱི་ཚོགས་འདྲ་མཉམ་མིན་པ་དང་མི་རིགས་འདྲ་མཉམ་མིན་པའི་འབྱུང་རྩ་ཡིན་པས་རེད།

དུས་རབས16པ་དང་དུས་རབས17པའི་ཡོ་རོབ་གླིང་གི་འབྱོར་ཆུང་གྲལ་རིམ་གྱི་བསམ་བློ་བ་དཔེར་ན་དབྱིན་ཇིའིT.མོར་དང་དབྱི་ཐ་ལིའིT.ཁང་ཕ་ནེ་ལས་ཀྱིས་སྔོན་ནས་སྒེར་ལ་དབང་བའི་ལམ་ལུགས་ནི་སྤྱི་ཚོགས་ཡོད་ཚད་ཀྱི་འབྱུང་རྩ་ཡིན་ཞེས་བསྟན་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་འདོད་ཚུལ་ཡང་བཏོན་ཡོད། དུས་རབས18པར་ཧྥ་རན་སིའི་བློ་སྒོ་འབྱེད་པའི་བསམ་བློ་བJ-Jལུའུ་སའོ་ཡིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱས་བཤད་གནང་བ་རེད། ཁོ་ཚོའི་གཞུང་ལུགས་ནི་སེམས་གཙོའི་རིང་ལུགས་ཀྱི་གཞུང་ལུགས་ཡིན་མོད། འོན་ཀྱང་དེར་དམངས་གཙོ་དང་དམངས་གཙོའི་རང་བཞིན་མངོན་གསལ་དོད་པོ་ཡོད་པས། སྐབས་དེའི་འབྱོར་ལྡན་གྲལ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་གྱི་ཁྱད་དབང་ལ་ངོ་རྒོལ་དང་། དམངས་གཙོ་དང་རང་དབང་བརྩོན་ལེན་བྱེད་པ། དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཙོའི་གསར་བརྗེ་འཛུགས་པ་བཅས་ལ་བསམ་བློའི་མཚོན་ཆ་འདོན་སྤྲོད་བྱས་ཡོད་ལ། མི་རིགས་འདྲ་མཉམ་གྱི་དགོས་འདུན་ལའང་བསམ་བློའི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་ཡོད།

ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེའི་ཁྲོད་དུ་ཨ་རིའི་གསར་བརྗེས་དབྱིན་ཇིའི་མི་རིགས་ཀྱི་གཉའ་གནོན་ལ་ངོ་རྒོལ་དང་། སྤྱི་ལོ1765ལོའི“དབྱིན་ཧྭ་དཔྱ་ཁྲལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས”ཀྱི་ཚོགས་ཆེན་གྲོས་ཆོད་ཀྱིས་ཨ་མེ་རི་ཁ་གླིང་བྱང་མའི་མི་སེར་སྤེལ་ཡུལ་སྡོད་དམངས(ཨ་མེ་རི་ཁའི་མི་དམངས་ལ་ཟེར)ཀྱི་རེ་བ་ལྟར་དབྱིན་ཇིའི་སྡོད་དམངས(དབྱིན་ཅི་ལི་ཡི་མི)དང་མཉམ་གཅིག་ཏུ་ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་དབང་ཆ་འདྲ་མཉམ་ཡིན་དགོས་པའི་འཐབ་རྩོད་བྱས།

སྤྱི་ལོ1776ལོའི《རང་བཙན་བསྒྲགས་གཏམ》ནི་འབྱོར་ལྡན་གྲལ་རིམ་དག་མི་རིགས་གཉའ་གནོན་ལས་ཐར་ཏེ་མི་རིགས་འདྲ་མཉམ་བརྩོན་ལེན་བྱེད་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཡིན། མ་རྩ་རིང་ལུགས་གོང་དུ་འཕེལ་བའི་དུས་སྐབས་སུ། འབྱོར་ལྡན་གྲལ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལས་རྣམ་པར་རྒྱལ་བ་དང་། འབྱོར་ལྡན་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་དབང་བཙུགས་ཏེ། མ་རྩ་རིང་ལུགས་འཕེལ་རྒྱས་དང་སྲ་བརྟན་གང་ལེགས་ཡོང་བར་ཁག་ཐེག་བྱས། དམངས་གཙོ་དང་རང་དབང་ལ་འུད་བསྟོད་བྱས་པ་རེད། གཉའ་གནོན་མྱོང་མཁན་མི་རིགས་ཀྱི་འབྱོར་ལྡན་གྲལ་རིམ་མིན་ནའང་མི་རིགས་འདྲ་མཉམ་ཡིན་ཞེས་སྐད་གསང་མཐོན་པོས་བཤད། ཡིན་ནའང་དེའི་གྲལ་རིམ་གྱི་རང་གཤིས་ཀྱི་དབང་གིས་དེས་གྲལ་རིམ་གྱི་བཤུ་གཞོག་དང་མི་རིགས་ཀྱི་གཉའ་གནོན་མ་བྱས་ན་གནས་ཐབས་མེད་པར་གྱུར་པ་རེད། དེར་བརྟེན་དེར་དབང་སྒྱུར་གྱི་གོ་གནས་བརྟན་པོ་ཞིག་ཐོབ་རྗེས་མི་རིགས་ཀྱི་གཉའ་གནོན་པ་གསར་པ་ཞིག་ཏུ་གྱུར་ནས་རྒྱ་ཆེའི་དར་རྒྱས་བྱུང་མེད་པའི་མི་རིགས་ཉམ་ཆུང་རྣམས་ལ་གདུག་རྩུབ་ཆེ་བའི་བྲན་བཀོལ་དང་འཕྲོག་བཅོམ་བྱས་པ་རེད། བཙན་རྒྱལ་རིང་ལུགས་ཀྱི་དུས་རབས་སུ། མི་རིགས་འདྲ་མཉམ་ནི་འབྱོར་ལྡན་གྲལ་རིམ་གྱིས་མགོ་སྐོར་གཏོང་བའི་འབོད་ཚིག་ཏུ་གྱུར། དེའི་ཕྱིར། ལེ་ཉིན་གྱིས་བསྟན་དོན། “འདྲ་མཉམ་གྱི་གནད་དོན་སྤྱིར་བཏང་བའི་སྐོར་ལ། དེའི་ནང་མི་རིགས་འདྲ་མཉམ་གྱི་གནད་དོན་གྱི་སྤྱི་མཚན་དུ་གྱུར་པའམ་རྣམ་པའི་བཤད་སྟངས་ནི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོར་དམིགས་བསལ་དུ་ཡོད་པ་ཞིག་ཡིན།” 《ལེ་ཉིན་གྱི་གསུང་རྩོམ་གཅེས་བསྡུས》རྒྱ་ཡིག་པར་གཞིའི་བམ་པོ4པའི་ཤོག་ངོས271སྟེང་གསལ།

མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་ནི་འབྱོར་མེད་གྲལ་རིམ་གྱི་བློ་བརྟན་འགྱུར་མེད་ཀྱི་འདོད་ཚུལ་ཡིན། འབྱོར་མེད་གྲལ་རིམ་གྱི་བསམ་པར་མི་རིགས་ཀྱི་ཆེ་ཆུང་ལ་མ་བལྟོས་པར་ཚང་མར་རང་རང་གི་ཁྱད་ཆོས་དང་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཚང་མས་མིའི་རིགས་ཀྱི་རིག་གནས་བང་མཛོད་ལ་བྱས་རྗེས་བཞག་ཡོད་པས་མི་རིགས་གང་ཞིག་ཡིན་རུང་ཚང་མར་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འདྲ་མཉམ་གྱི་གོ་གནས་ཡོད་དགོས། འབྱོར་མེད་གྲལ་རིམ་གྱིས་མིས་མི་ལ་གཉའ་གནོན་དང་བཤུ་གཞོག་བྱེད་པར་ངོ་རྒོལ་བྱ་དགོས་ལ། མི་རིགས་ཀྱིས་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག་བྱེད་པར་ཡང་ངོ་རྒོལ་བྱ་དགོས། F. ཨེན་ཀེ་སིས“འབྱོར་མེད་གྲལ་རིམ་གྱི་འདྲ་མཉམ་གྱི་བླང་བྱ་དེའི་ནང་དོན་དངོས་ཚང་མ་གྲལ་རིམ་རྩ་མེད་དུ་གཏོང་རྒྱུའི་བླང་བྱ་རེད། རྒྱ་ཁྱོན་དེ་ལས་བརྒལ་བའི་འདྲ་མཉམ་གྱི་བླང་བྱ་གང་དང་གང་ཞིག་ཡིན་རུང་ཚང་མ་ཁུངས་ལུང་མེད་པ་ཞིག་ཏུ་འགྱུར་ངེས་རེད། ”གསལ་པོར་བཤད་ན། གྲལ་རིམ་གྱི་བཤུ་གཞོག་ལམ་ལུགས་རྩ་མེད་དུ་གཏོང་རྒྱུ་དང་། བཤུ་གཞོག་གྲལ་རིམ་དང་གྲལ་རིམ་ཡོད་ཚད་བར་གྱི་ཁྱད་པར་རྩ་མེད་དུ་གཏོང་རྒྱུ་ཡིན་ན་གཞི་ནས་མི་རིགས་འདྲ་མཉམ་མངོན་འགྱུར་མཐར་ཕྱིན་བྱེད་ཐུབ།

དུས་ཡུན་རིང་པོར་གནས་པའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་ཀྲུང་གོར་མཚོན་ན་མི་རིགས་འདྲ་མཉམ་ཟེར་བ་མེད། ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ་སུན་ཀྲུང་ཧྲན་སྐུ་དངོས་སུ་གཙོ་སྐྱོང་གནང་ནས་གཏན་ལ་ཕབ་པའི《ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་གནས་སྐབས་སྡོམ་ཁྲིམས》ནང་མི་རིགས་འདྲ་མཉམ་ཐེངས་དང་པོར་གཏན་འབེབས་བྱས་པ་རེད། ལྕགས་ཕག་ལོའི་གསར་བརྗེ(1911)ཡིས་ཀྲུང་གོའི་མི་སེར་སྤེལ་ཡུལ་དང་མི་སེར་སྤེལ་ཡུལ་ཕྱེད་ཙམ། བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་བཅས་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་བསྒྱུར་མེད་པས། མི་སེར་རྒྱལ་ཁབ་ཚུན་གྱི་མི་རིགས་འདྲ་མཉམ་ཡིན་པའི་གཏན་འབེབས་འགའ་ཞིག་སྔར་བཞིན་ཕྱི་ཚུལ་ཙམ་དུ་གྱུར་ནས་ཞིང་བདག་དང་འབྱོར་ལྡན་གྲལ་རིམ་གྱིས་རྒྱལ་ནང་གི་གཉའ་གནོན་མྱོང་མཁན་གྱི་མི་རིགས་ཁག་ལ་མགོ་སྐོར་གཏོང་བའི་ལག་ཆར་གྱུར་པ་རེད།

ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་འདྲ་མཉམ་མཐའ་འཁྱོངས་བྱས་ཏེ་དེ་རྒྱལ་ནང་གི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་ཞིག་ཏུ་བརྩིས་ཡོད།   གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་གོ་གནས་དང་ཁེ་དབང་འགན་སྲུང་ཐོབ་པས། མི་རིགས་ཀྱི་གཉའ་གནོན་དང་བཤུ་གཞོག་གི་སྤྱི་ཚོགས་རྨང་གཞི་རྩ་མེད་དུ་བཏང་ཟིན། རྒྱལ་ཁབ་ཀྱི་རོགས་རམ་འོག་གྲངས་ཉུང་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྤེལ་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་། རྒྱལ་ནང་གི་མི་རིགས་འབྲེལ་བར་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཐུན་མོང་ཐོག་གོང་འཕེལ། ཐུན་མོང་ཐོག་དར་རྒྱས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་གྱུར་ཡོད།

3 ནང་དོན།

མི་རིགས་འདྲ་མཉམ་ནི་ཐོག་མར་འབྱོར་ལྡན་གྲལ་རིམ་གྱིས་བཏོན་པ་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་མི་རིགས་གཉའ་གནོན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཡར་ཐོན་གྱི་ནུས་པ་ཐོན་མྱོང་། འོན་ཀྱང་འབྱོར་ལྡན་གྲལ་རིམ་ལ་སྲིད་དབང་ཐོབ་རྗེས་རང་རིགས་ཀྱི་མི་དམངས་དང་མི་རིགས་གཉོམ་ཆུང་རྣམས་ལ་མགོ་སྐོར་དང་གཉའ་གནོན་བྱེད་པའི་ལག་ཆར་གྱུར་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་ཁོ་ནའི་འོག་གཞི་ནས་དེར་ནང་དོན་ངོ་མ་དང་ཚན་རིག་གི་གོ་དོན་ངོ་མ་སྤྲད་ནས་འབྱོར་མེད་གྲལ་རིམ་གྱི་མི་རིགས་ལྟ་བའི་སྲོག་ཤིང་དུ་གྱུར་པ་དང་། འབྱོར་མེད་གྲལ་རིམ་གྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་རྩ་དོན་དུ་གྱུར་པ་རེད། དེའི་གཞི་རྩའི་ནང་དོན་ལ་གཙོ་བོ་ཕྱོགས་བཞི་འདུས་ཏེ།

(1) མི་རིགས་ལ་ཆེ་ཆུང་མི་འབྱེད་པར་ཚང་མ་འདྲ་མཉམ་ཡིན།

(2) མི་རིགས་ཁག་གི་དབང་ཆ་ཡོད་ཚད་འདྲ་མཉམ་ཡིན།

(3) མི་རིགས་ཡོད་ཚད་ལ་མི་རིགས་འདྲ་མཉམ་གྱི་ཁེ་དབང་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པ་དང་། མི་རིགས་ཉམ་ཆུང་གི་ཁེ་ཕན་དང་འདྲ་མཉམ་གྱི་དབང་ཆ་ལ་དམིགས་བསལ་གྱིས་ལྟ་སྐྱོང་བྱེད་དགོས།

(4) མི་རིགས་ཁག་ཚང་མས་ངེས་པར་དུ་བབ་མཚུངས་ཀྱི་འོས་འགན་བསྒྲུབ་དགོས།

4 མི་རིགས་འདྲ་མཉམ་གྱི་ཀྲུང་གོའི་མི་རིགས་སྲིད་ཇུས།

ཀྲུང་གོའི་མི་རིགས་འདྲ་མཉམ་སྲིད་ཇུས་ཀྱི་གཞི་རྩའི་ནང་དོན་ལ་གཤམ་གྱི་ཕྱོགས་འགའ་ཡོད་དེ།

4_1 མི་རིགས་ཆེ་ཆུང་གི་དབྱེ་བ་མི་འབྱེད་པར་ཚང་མ་འདྲ་མཉམ་ཡིན།

རྒྱལ་ཁབ་ཅིག་གི་ཁྱབ་ཁོངས་ནས་བཤད་ན། རྒྱལ་ནང་གི་མི་རིགས་ཚང་མ་འདྲ་མཉམ་ཡིན་དགོས་པ་དང་། འཛམ་གླིང་གི་ཁྱབ་ཁོངས་ནས་བཤད་ན། འཛམ་གླིང་ཡོངས་ཀྱི་མི་རིགས་ཡོངས་རྫོགས་འདྲ་མཉམ་ཡིན། མི་རིགས་ལ་ཆེ་ཆུང་གི་ཁྱད་པར་ཡོད་པ་དང་། ལ་ལ་སྔོན་ཐོན་ཡིན་པ། ལ་ལ་རྗེས་ལུས་ཐེབས་ཡོད་མོད། འོན་ཀྱང་དེར་བརྟེན་ནས་བཟང་ངན་དང་མཆོག་དམན་གྱི་དབྱེ་བ་འབྱེད་མི་རུང་། མི་རིགས་ཆེན་པོ་དང་མི་རིགས་ཆུང་བ། སྔོན་ཐོན་གྱི་མི་རིགས་དང་རྗེས་ལུས་ཀྱི་མི་རིགས་བཅས་ཚང་མ་ཁེ་དབང་དང་གོ་གནས་ཐད་འདྲ་མཉམ་ཡིན་དགོས།

4_2 མི་རིགས་ཁག་གི་དབང་ཆ་ཚང་མ་འདྲ་མཉམ་ཡིན།

དེ་ཡང་མི་རིགས་ཁག་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་དུ་འདྲ་མཉམ་ཡིན་པར་མ་ཟད། དཔལ་འབྱོར་དང་། རིག་གནས། སློབ་གསོ། སྐད་ཡིག  ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་སྤྱི་ཚོགས་འཚོ་བའི་ཁྲོད་དུའང་འདྲ་མཉམ་ཡིན་དགོས། མི་རིགས་ཁག་གི་ཁེ་དབང་འདྲ་མཉམ་ཡོང་བ་བྱ་དགོས་ན། ཕྱོགས་གཅིག་ནས་མི་རིགས་གང་ཞིག་ལའང་དམིགས་བསལ་དབང་ཆ་གང་ཡང་སྤྱོད་མི་ཆོག་པ་དང་། ཕྱོགས་གཞན་ཞིག་ནས་གྲངས་ཉུང་མི་རིགས་ཀྱི་འདྲ་མཉམ་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་ཡིན། གྲངས་ཉུང་མི་རིགས་ལ་གཉའ་གནོན་དང་མཐོང་ཆུང་བྱེད་པའི་བྱ་སྤྱོད་མཐའ་དག་གཏན་འགོག་བྱ་དགོས། དེ་ཡང་ལེ་ཉིན་གྱིས་གསུངས་པ་ལྟར། “ང་ཚོས་རྒྱལ་ནང་གི་མི་རིགས་ཁག་ལ་མཐའ་གཅིག་ཏུ་འདྲ་མཉམ་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཆ་རྐྱེན་གང་ཡང་མེད་པར་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལའང་སྲུང་སྐྱོང་བྱེད་དགོས”ཞེས་པ་དང་། “མི་རིགས་གང་ལ་མཚོན་ནའང་དམིགས་བསལ་གྱི་དབང་ཆ་ཅི་ཡང་ལོངས་སུ་སྤྱོད་རྒྱུ་གཏན་ནས་མེད”ཅེས་གསུངས་ཡོད།

4_3 མི་རིགས་ཡོད་ཚད་ལ་རོགས་རམ་བྱས་ནས་མི་རིགས་འདྲ་མཉམ་མངོན་འགྱུར་བྱེད་དགོས།

མི་རིགས་ཉམ་ཆུང་གི་ཁེ་ཕན་དང་འདྲ་མཉམ་ལ་དམིགས་བསལ་གྱི་ལྟ་རྟོག་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཐོག་གི་མི་རིགས་འདྲ་མཉམ་ལ་བརྩི་སྲུང་ཞུ་དགོས་པ་མ་ཟད། ད་དུང་བྱེད་ཐབས་སྤྱད་དེ་འབད་བརྩོན་ཆེ་ཤོས་གྱིས་གནས་སྐབས་རྗེས་ལུས་ཡིན་པའི་མི་རིགས་ལ་འདྲ་མཉམ་གྱི་ཁེ་དབང་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས། དེ་སྔའི་གཉའ་གནོན་མྱོང་བའི་མི་རིགས་ལ་དོན་དམ་པ་དང་། སྒེར་སེམས་མེད་པ། ཡུན་རིང་བའི་བཅས་ཀྱི་སྒོ་ནས་རོགས་རམ་བྱས་ཏེ་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་བ་དང་། ཁོ་ཚོ་སྔོན་ཐོན་མི་རིགས་ཀྱི་རྗེས་ཟིན་པ་དང་ལོ་རྒྱུས་སོགས་ཀྱིས་བཟོས་པའི་མི་རིགས་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་མེད་པར་བཟོས་ནས་མི་རིགས་ཁག་ཐུན་མོང་ཐོག་ཡར་ཐོན་དང་དར་རྒྱས་ཡོང་བར་བྱེད་དགོས།

4_4 མི་རིགས་ཁག་ཚང་མས་ངེས་པར་དུ་བབ་མཚུངས་ཀྱི་འོས་འགན་བསྒྲུབ་དགོས།

ཁེ་དབང་མེད་པའི་འོས་འགན་དང་འོས་འགན་མེད་པའི་ཁེ་དབང་གཉིས་ནི་གཅིག་གྱུར་ཡིན། མི་རིགས་ཁག་གིས་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་པའི་འོས་འགན་ཡང་འཁུར་དགོས།

5 ནང་དོན་གཙོ་བོ།
5_1 མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་དགོས།

ཀྲུང་གོར་མི་རིགས་འདྲ་མཉམ་ཞེས་པ་ནི་མི་རིགས་ཁག་གི་མི་གྲངས་མང་ཉུང་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་ཆུ་ཚད། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་མི་འདྲ་བ་སོགས་གང་ཡིན་རུང་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པས། གོ་གནས་གཅིག་མཚུངས་དང་རྒྱལ་ཁབ་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཡིན་ཐམས་ཅད་ཁྲིམས་ལྟར་ཁེ་དབང་གཅིག་མཚུངས་ལོངས་སུ་སྤྱོད་རྒྱུ་དང་། འོས་འགན་གཅིག་འདྲ་འཁུར་དགོས། རྣམ་པ་གང་རུང་གི་མི་རིགས་གཉའ་གནོན་དང་མི་རིགས་མཐོང་ཆུང་ལ་ངོ་རྒོལ་བྱེད་པ་བཅས་ལ་ཟེར། མི་རིགས་མཐུན་སྒྲིལ་ཞེས་པ་ནི་མི་རིགས་ཁག་གིས་སྤྱི་ཚོགས་ཀྱི་འཚོ་བ་དང་འགྲོ་འོང་གི་ཁྲོད་དུ་འདྲ་མཉམ་དང་། མཛའ་མཐུན་མཉམ་གནས། ཕན་ཚུན་བརྩི་འཇོག   ཕན་ཚུན་རོགས་རམ་བཅས་ལ་ཟེར། མི་རིགས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་སྔོན་འགྲོ་དང་རྨང་གཞི་ཡིན་པས། མི་རིགས་འདྲ་མཉམ་མེད་དུས་མི་རིགས    མཐུན་སྒྲིལ་མངོན་འགྱུར་བྱེད་མི་ཐུབ།    མི་རིགས་མཐུན་སྒྲིལ་ནི་མི་རིགས་འདྲ་མཉམ་གྱི་ལྡོག་མེད་འབྲས་བུ་དང་མི་རིགས་ཁག་འདྲ་མཉམ་ངོ་མ་ཡོང་བའི་འགན་སྲུང་ཡིན།  

མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་སྲིད་ཇུས་ཡིན་པའི་ཆ་ནས། ཀྲུང་གོའི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ནང་དུ་གཏན་འཁེལ་གསལ་བོ་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་ལ། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁེ་ཕན་དང་ཁེ་ཕན་འགན་སྲུང་དང་། མི་རིགས་ཁག་གི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པའི་རིགས་བཀག་བསྡོམས་བྱེད་རྒྱུ་ཡིན”ཞེས་པར་བཟོ་བཅོས་བརྒྱབ་ཡོད།

5_2 མི་རིགས་ས་ཁོངས་རང་སྐྱོང་།

མི་རིགས་ས་ཁོངས་རང་སྐྱོང་ནི་ཀྲུང་གོའི་སྲིད་གཞུང་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་པར་སྤྱོད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ། ཀྲུང་གོའི་ཆབ་སྲིད་ལམ་ལུགས་གལ་ཆེན་ཞིག་ཀྱང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས། ཆབ་སྲིད་གྲོས་མོལ་ལམ་ལུགས་བཅས་དང་འདྲ་བར་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན། མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཁག་ཏུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དང་། རང་སྐྱོང་ལས་ཁུངས་འཛུགས་པ། རང་སྐྱོང་དབང་ཆ་སྤྱོད་པ། གྲངས་ཉུང་མི་རིགས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་རང་གི་རང་སྐྱོང་ས་གནས་དེ་རང་གིས་དོ་དམ་བྱེད་པ་བཅས་ཡིན།

མི་རིགས་ས་ཁོངས་རང་སྐྱོང་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་གཅིག་མཐུན་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པས། གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་ཐད་གོ་གནས་འདྲ་མཉམ་དང་གོ་གནས་འགན་སྲུང་བྱས་པ་དང་། གྲངས་ཉུང་མི་རིགས་ཁག་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ཧུར་ཐག་གིས་ཞུགས་པའི་རེ་འདུན་ཧ་ཅང་སྐོང་ཐུབ་པ་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་གི་རྩ་དོན་གཞིར་བཟུང་ནས་མི་རིགས་ཤིག་གིས་རང་མི་རིགས་འདུས་སྡོད་ས་ཁུལ་དུ་རང་སྐྱོང་ས་གནས་ཤིག་ལོགས་སུ་བཙུགས་ཆོག་ལ། དེ་གྲམ་ཚུལ་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་ས་གནས་གཞན་དག་ཏུ་སྲིད་འཛིན་སྡེ་ཚན་མི་འདྲ་བའི་མི་རིགས་རང་སྐྱོང་ས་གནས་མང་པོ་བཙུགས་ཆོག  མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རང་སྐྱོང་དབང་ཆར་འགན་སྲུང་བྱས་ཡོད་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་ཡང་བྱས་ཡོད། མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེས་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དག་གྲངས་ཉུང་མི་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་དགེ་མཚན་འདོན་སྤེལ་བྱེད་པར་ཕན་ཐོགས་ཡོད།

ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཁྱད་ཆོས་མངོན་གསལ་གཉིས་ཡོད། གཅིག་ནི་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གི་རང་སྐྱོང་ཡིན། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། མི་རིགས་རང་སྐྱོང་ས་གནས་ཁག་གི་རང་སྐྱོང་ལས་ཁུངས་ཚང་མ་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་འོག་གི་རིམ་པ་དང་པོའི་ས་གནས་སྲིད་དབང་ཡིན་པས་ངེས་པར་དུ་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དང་ལེན་བྱ་དགོས། གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱིས་སྲིད་ཇུས་དང་འཆར་གཞི་ཁག་གཏན་འབེབས་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྤེལ་བྱེད་སྐབས་ངེས་པར་དུ་མི་རིགས་རང་སྐྱོང་ས་གནས་ཁག་གི་གནས་ཚུལ་དང་དགོས་མཁོར་བསམ་གཞིགས་གང་ལེགས་བྱེད་དགོས་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་རོགས་རམ་དང་རྒྱབ་སྐྱོར་བྱ་དགོས། གཉིས་ནི་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་ངམ་ས་གནས་རང་སྐྱོང་ཁོ་ན་མ་ཡིན་པར་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དང་། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་ཟུང་འབྲེལ་ཡིན། ཀྲུང་གོར་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བྱས་ན་རྒྱལ་ཁབ་གཅིག་གྱུར་ཡོང་བ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བ། མི་རིགས་མཐུན་སྒྲིལ་ཡོང་བར་བཅས་ལ་ཕན་པ་ཡོད་དགོས། གཞན་རང་སྐྱོང་བྱས་པའི་མི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཕན་པར་མ་ཟད། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལའང་ཕན་པ་ཡོད་དགོས།  མིག་སྔར་ཀྲུང་གོར་མི་རིགས་རང་སྐྱོང་ས་གནས155ཡོད་པའི་ནང་རང་སྐྱོང་ལྗོངས5དང་། རང་སྐྱོང་ཁུལ30རང་སྐྱོང་རྫོང(ཆི)120བཅས་ཡོད།

5_3  གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་མི་རིགས་ཁག་ཐུན་མོང་དུ་འཕེལ་རྒྱས་དང་ཐུན་མོང་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་དམིགས་བསལ་གྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས་ཏེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་རམ་དང་རོགས་སྐྱོར་བྱས་པར་མ་ཟད། རྒྱ་རིགས་དར་རྒྱས་ཆེ་བའི་ས་ཁུལ་གྱིས་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་པར་སྐུལ་སློང་དང་སྒྲིག་འཛུགས་བྱས། 《མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ནང་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་འཕེལ་རྒྱས་གཏོང་བར་རོགས་རམ་བྱེད་པའི་འོས་འགན་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་བཟོ་སྐབས་འཆར་གཞི་ལྡན་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་གཙོ་གནད་ལས་གྲྭ་ཁ་ཤས་བཀོད་སྒྲིག་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་ཐོན་ལས་སྣ་མང་གོང་སྤེལ། ཕྱོགས་བསྡུས་དཔལ་འབྱོར་གྱི་ཤུགས་དངོས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་ལ་མ་དངུལ་འཇོག་གི་ཤུགས་ཆེ་རུ་བཏང་བ་དང་། གྲངས་ཉུང་མི་རིགས་ས་ཁུལ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

ཉེ་བའི་ལོ་འགའི་རིང་ལ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད། རྒྱལ་ཁབ་ཀྱིས་ད་དུང་གཤམ་གྱི་བྱེད་ཐབས་གསུམ་སྤྱད་ཡོད་དེ།

གཅིག་ནི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱ་དགོས། ནུབ་རྒྱུད་ནི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གཙོ་བོ་ཡིན་ཞིང་། མི་རིགས40ལྷག་ཡོད་པ་དང་། མི་འབོར་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་མི་འབོར71%ཟིན། རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ས་གནས155ཡི་ནང་དུ་རང་སྐྱོང་ལྗོངས5དང་། རང་སྐྱོང་ཁུལ27རང་སྐྱོང་རྫོང(ཆི)84བཅས་ཀྱིས་ནུབ་རྒྱུད་ས་ཁུལ་སྤྱིའི་རྒྱ་ཁྱོན་གྱི86.4%ཟིན་ཡོད། ཡུན་ནན་དང་། ཀུའེ་ཀྲོའུ། མཚོ་སྔོན་བཅས་མི་རིགས་མང་བའི་ཞིང་ཆེན་གསུམ་ཡང་ནུབ་རྒྱུད་དུ་གནས་ཡོད། ཧུའུ་ནན་གྱི་ཞང་ཞི་ཀན་རང་སྐྱོང་ཁུལ་དང་། ཧུའུ་པེའི་ཨེན་ཧྲི་ཀན་རང་སྐྱོང་ཁུལ། ཅི་ལིན་གྱི་ཡན་པེན་ཁྲའོ་ཞན་རིགས་ནུབ་རྒྱུད་དུ་མེད་ནའང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག    དེར་བརྟེན་ནུབ་རྒྱུད་གསར་སྤེལ་ཆེན་པོ་ནི་མི་རིགས་ས་ཁུལ་གསར་སྤེལ་ཆེན་པོ་ཡིན་ལ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའང་ཡིན།  

གཉིས་ནི“མཐའ་དར་དམངས་ཕྱུག་གི་བྱེད་སྒོ”སྤེལ་དགོས། བྱེད་སྒོ་དེ་ནི་རྒྱལ་ཁབ་ཀྱིས་ཀྲུང་དབྱང་གིས་བཏོན་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ་མཐའ་མཚམས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བྱ་ཐབས་ཤིག་རེད། ལག་བསྟར་བྱེད་ཁོངས་སུ་རང་རྒྱལ་གྱི་སྐམ་སའི་ས་མཚམས་སྤྱི་ལེ་ཁྲི་2.1ཐོག་གི་རྫོང(ཆི་དང་གྲོང་ཁྱེར)135ཡོད་པ་རེད། ནང་དོན་གཙོ་བོ་ཕྱོགས་གསུམ་ཡོད་པ་སྟེ། གཅིག་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནི་རྫོང་གྲོང་གི་དཔལ་འབྱོར་འཕར་བའི་ལམ་སྲོལ་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུ། གསུམ་ནི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། སྤྱི་ལོ2002ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི“མཐའ་དར་དམངས་ཕྱུག་བྱེད་སྒོ”ཐད་མ་དངུལ་སྒོར་དུང་ཕྱུར150བཏང་ནས་མཐའ་དར་དམངས་ཕྱུག་གི་རྣམ་གྲངས་ཁྲི་ལྷག་གསར་སྐྲུན་བྱས་པར་མི་ཁྲི2100ལྷག་ཙམ་ལ་ཕན་ཐོགས་ཡོད།

གསུམ་ནི་མི་འབོར་ཅུང་ཉུང་བའི་མི་རིགས22འཕེལ་རྒྱས་ཀྱི་གཙོ་གནད་དུ་བཟུང་ནས་རོགས་སྐྱོར་བྱ་དགོས། མི་འབོར་ཅུང་ཉུང་བའི་མི་རིགས་ཞེས་པ་ནི་མི་འབོར་ཁྲི10མན་ཟིན་པའི་མི་རིགས་ལ་ཟེར་ཞིང་། དེ་རྒྱལ་ཡོངས་སུ་མི་རིགས22ཡོད་པ་དང་སྤྱིའི་མི་འབོར་ཁྲི60ཡང་ཟིན་གྱི་མེད། ལོ་རྒྱུས་དང་ས་ཁམས་སོགས་ཀྱི་དབང་གིས་མི་རིགས22ཀྱི་འཚར་སྐྱེའི་ཚད་ཅུང་དམའ་བ་རེད། སླད་ཕྱིན་ལོ10ཡི་ནང་རྒྱལ་ཁབ་ཀྱི་འཆར་གཞི་ལྟར་ལོ་རེར་སྒོར་དུང་ཕྱུར5བཏང་ནས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་ཁྱོན་སྒོར་དུང་ཕྱུར50ཡོད་པ་རེད།

5_4  གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུ།

གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུ་ནི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་དང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ཡིན།

ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་སྔར་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་ཁག་གི་གནས་ཚུལ་དེ་མི་རིགས་ཤིག་གི་འཕེལ་རྒྱས་ཆུ་ཚད་བསྡུར་ཞིབ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཏུ་བརྩི་གིན་ཡོད། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་གནས་ཚུལ་དངོས་ལ་གཞིགས་ནས་ཏང་དང་སྲིད་གཞུང་གིས་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་སྟེ།

མི་རིགས་ལས་དོན་དང་དེ་བཞིན་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་རིགས་མི་འདྲ་བའི་སློབ་གླིང་དུ་སློབ་སྦྱོང་བྱས་པ་བརྒྱུད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། གཉིས་ནི་ལག་ལེན་དངོས་ཀྱི་སྦྱོང་བརྡར་ལ་དོ་སྣང་བྱས་ཏེ། ས་གནས་ཁག་དང་སྡེ་ཁག་སོ་སོས་འཆར་གཞི་ཡོད་པའི་སྒོ་ནས་ལས་བྱེད་པ་བརྗེ་རེས་དང་ལས་གནས་བརྗེ་རེས་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཀྲུང་དབྱང་དང་། རྒྱལ་ཁབ་ཀྱི་ལས་ཁུངས། དཔལ་འབྱོར་ལྟོས་བཅས་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་བཅས་སུ་སྦྱོང་བརྡར་བྱེད་པར་མངགས་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་པ། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། གསུམ་ནི་སྤྱོད་ཡོན་གཉིས་ལྡན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཆ་རྐྱེན་ལ་བརྟེན་ནས་སྔོན་ལ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འདེམས་སྒྲུག་དང་བཀོལ་སྤྱོད་བྱས་ཏེ། རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་། མི་དམངས་འཐུས་ཚོགས། སྲིད་གྲོས་སོགས་འགོ་ཁྲིད་ཚན་པའི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བསྡུར་ཚད་འོས་འཚམ་ཡིན་དགོས།

5_5 ཚན་སློབ་རིག་རྩལ། རིག་གནས། འཕྲོད་བསྟེན་སོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་དགོས།

གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་བྱ་གཞག་གོང་དུ་སྤེལ་བའི་ཐད་ལ་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་དང་མི་རིགས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་ཧུར་ཐག་བྱེད་དགོས། དཔེར་ན། གྲངས་ཉུང་མི་རིགས་རང་སྐྱོང་ས་གནས་ལ་མི་རིགས་སློབ་གསོ་རང་བདག་གིས་འཕེལ་རྒྱས་གཏོང་བའི་དབང་ཆ་གནང་བ་དང་དེར་བརྩི་འཇོག་བྱེད་པ་དང་། མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་དང་སྐད་གཉིས་སློབ་ཁྲིད་ལ་མཐོང་ཆེན་བྱེད་པ། གྲངས་ཉུང་མི་རིགས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འགྲོ་གྲོན་ཐད་དམིགས་བསལ་གྱི་གཟིགས་སྐྱོང་བྱེད་པ། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོར་རིགས་མཐུན་རོགས་སྐྱོར་ཧུར་ཐག་བྱས་པ་སོགས་བྱེད་དགོས།

གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་བྱ་གཞག་གོང་དུ་སྤེལ་བའི་ཐད་ལ་རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་བྱེད་ཐབས་མང་པོ་སྤྱད་ཡོད་པ་དཔེར་ན། གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་མི་སྣ་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་དང་གསོ་སྐྱོང་བྱ་རྒྱུ་དང་མཐོ་རིམ་སློབ་གྲྭ་དཀྱུས་མར་འཆར་གཞི་ཡོད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་བའམ་མི་རིགས་འཛིན་གྲྭ་འཛུགས་གཉེར་བྱེད་པ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་དང་སྔོན་ཐོན་ལག་རྩལ་སྒྲིག་ཆས་ལ་རོགས་རམ་བྱེད་པ། སྲོལ་རྒྱུན་གྱི་ཐོན་ལས་དང་སྲོལ་རྒྱུན་གྱི་ཐོན་རྫས་བསྒྱུར་བཀོད་བྱེད་པ། སྲོལ་རྒྱུན་གྱི་ཚན་རྩལ་ལ་རོགས་སྐྱོར་དང་མཐོར་འདེགས་གཏོང་བ། དཔལ་འབྱོར་གྱི་ཕན་འབྲས་མཐོར་འདེགས་གཏོང་བ་སོགས་ལ་རོགས་རམ་བྱེད་དགོས།

གྲངས་ཉུང་མི་རིགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ནང་ནན་བཤད་བྱས་དོན། གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནད་འགོག་ནད་བཅོས་དང་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ལས་དོན་ནན་ཏན་གྱིས་ཡག་པོ་སྒྲུབ་པ། མི་རིགས་ཀྱི་གསོ་རིག་བྱ་གཞག་ལ་རོགས་སྐྱོར་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་སོགས་བྱེད་དགོས།

གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲིད་ཇུས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་ལ་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བར་རོགས་སྐྱོར་དང་རོགས་རམ་བྱས་ཏེ་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་དང་། གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་པ་གསོ་སྐྱོང་། མི་རིགས་ཀྱི་རིག་རྩལ་གསར་རྩོམ་དར་རྒྱས་ཡོང་བ་བཅས་བྱེད་དགོས།

5_6  གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཉེར་སྤྱོད་དང་འཕེལ་རྒྱས་སུ་གཏོང་བ།

ཀྲུང་གོའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་དང་ཁེ་དབང་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང་གཏན་འབེབས་བྱས་དོན། “མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད” “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གཞུང་དོན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་དགོས”《མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་པའི་ནང“མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ”ཞེས་གཏན་འབེབས་བྱས་ཡོད། དོན་ཚན་ཉེར་གཅིག་པའི་ནང་གཏན་འབེབས་བྱས་དོན། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ་དང་། ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་ཆོག”   དོན་ཚན37པར་གཏན་འབེབས་བྱས་དོན། “གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་རྒྱུ་གཙོ་བོར་འཛིན་པའི་སློབ་གྲྭ(འཛིན་གྲྭའམ་སློབ་རིམ)དང་སློབ་གསོའི་སྒྲིག་གཞི་གཞན་དག་ལ་ཆ་རྐྱེན་འཛོམས་པ་རྣམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་སྤྱོད་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཐོག་ནས་སློབ་ཁྲིད་བྱ་དགོས ” “མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནོར་སྲིད་ཐད་ནས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་དང་དཔེ་སྐྲུན་ཡིག་རིགས་རྩོམ་སྒྱུར་དང་དཔེ་སྐྲུན་ལས་ཀར་རོགས་སྐྱོར་བྱ་དགོས”  དོན་ཚན47པར་གཏན་འབེབས་བྱས་དོན། “མི་རིགས་ཁག་གི་སྤྱི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཀྱི་ཐོག་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད་པར་འགན་སྲུང་བྱ་དགོས” གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས།

5_7  གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས། 

ཀྲུང་གོའི་གྲངས་ཉུང་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་ཡོད་པ་དང་། གྱོན་གོས་དང་། བཟའ་བཅའ། སྡོད་གནས། གཉེན་སྒྲིག  གུས་སྲོལ། དུར་འཇུག་སོགས་ཕྱོགས་མང་པོ་ནས་མཚོན་གྱི་ཡོད། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ལ་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་བསྒྱུར་བཅོས་བྱེད་པའི་དབང་ཆ་ཡོད། སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་ནམ་བསྒྱུར་བཅོས་བྱེད་པའི་ཁེ་དབང་སྲུང་སྐྱོང་བྱེད་དགོས། དང་པོ། གྲངས་ཉུང་མི་རིགས་ཀྱི་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས། གཉིས་པ། གྲངས་ཉུང་མི་རིགས་ཀྱི་ལོ་གསར་གྱི་གོམས་སྲོལ་ལ་བརྩི་འཇོག་དང་ལྟ་རྟོག་བྱེད་དགོས། གསུམ་པ། གྲངས་ཉུང་མི་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་ལ་བརྩི་འཇོག་བྱེད་དགོས། བཞི་པ། གྲངས་ཉུང་མི་རིགས་ཀྱི་དུར་འཇུག་གོམས་སྲོལ་ལ་བརྩི་འཇོག་བྱད་དགོས། ལྔ་པ། མང་ཚོགས་ཀྱི་སྒྲོག་སྤེལ་སྨྱན་བྱེད་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གནོད་འཚེ་གཏོང་བའི་བྱ་བ་སྔོན་འགོག་བྱེད་དགོས། དྲུག་པ། གྲངས་ཉུང་མི་རིགས་ཀྱིས་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་བཅོས་བྱེད་པའི་རང་དབང་ལ་བརྩི་འཇོག་བྱ་དགོས།

5_8  གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པ།

ཀྲུང་གོ་ནི་ཆོས་ལུགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། གཙོ་བོ་སངས་རྒྱས་ཆོས་ལུགས་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་མང་ཆེ་བར་ཆོས་ལུགས་དད་མོས་ཡོད་པ་དང་། མི་རིགས་འགར་མཚོན་ན་མང་ཚོགས་རང་བཞིན་གྱི་ཆོས་ལུགས་ཤིག་ལ་དད་མོས་བྱེད་པ་དཔེར་ན་བོད་རིགས་མང་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་པ་ལྟ་བུ་རེད། མི་རིགས་ཁ་ཤས་ཀྱིས་ཆོས་ལུགས་རིགས་གཅིག་ལ་དད་མོས་བྱེད་པ་དཔེར་ན་རང་རྒྱལ་དུ་མི་རིགས10ཡིས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་བཞིན་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད” ཀྲུང་གོར་ཆོས་ལུགས་དད་མོས་རང་དབང་སྟེ་སྤྱི་དམངས་ཚང་མར་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་ལ། ཆོས་ལུགས་ལ་མི་དད་པའི་རང་དབང་ཡང་ཡོད། ཆོས་ལུགས་འདིར་དད་པ་བྱེད་པའི་རང་དབང་ཡོད་ལ། ཆོས་ལུགས་གན་ན་དད་པ་བྱེད་པའི་རང་དབང་ཡང་ཡོད། ཆོས་ལུགས་གཅིག་གི་ནང་དུ་གྲུབ་མཐའ་འདིར་དད་པ་བྱེད་པའི་རང་དབང་ཡོད་ལ།  གྲུབ་མཐའ་གན་ན་དད་པ་བྱེད་པའི་རང་དབང་ཡང་ཡོད། སྔོན་ཆད་ཆོས་ལ་མི་དད། ད་ལྟ་ཆོས་དད་བྱེད་པའི་རང་དབང་ཡོད་ལ། སྔོན་ཆད་ཆོས་ལ་དད་པ་ཡོད་པ་དང་ད་ལྟ་ཆོས་དད་མི་བྱེད་པའི་རང་དབང་ཡང་ཡོད། མིག་སྔར་ཀྲུང་གོར་ཁ་ཆེ་ལྷ་ཁང་ཁྲི3དང་བོད་ཡུལ་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོའི་སྤེལ་ཡུལ1700ལྷག་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་སྟེ་ཀྲུང་གོའི་མི་རིགས་སྲིད་ཇུས་ལེགས་འགྲུབ་བྱུང་བ་དང་། རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་མངོན་གྱུར་བྱེད་པའི་བགྲོད་ལམ་ཡང་དག་པར་ཞིག་བཏོད་ཡོད་པ་འདི་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། ཀྲུང་གོ་སྲིད་གཞུང་ལ་ཡིད་ཆེས་ཡོད་། རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་གཞག་གོང་དུ་འཕེལ་བ་དང་བསྟུན་ནས་ཀྲུང་གོའི་མི་རིགས་ཁག་འཕེལ་རྒྱས་སྔར་ལས་མགྱོགས་པ་དང་སྔར་ལས་ལེགས་པར་ཡོང་ངེས་པ་དང་། ཀྲུང་གོའི་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་ཡོང་ངེས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-25

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།