མདའ་འཕེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདའ་འཕེན།
མདའ་འཕེན་ནི་གཞུ་ཡི་ལྡེམ་ཤུགས་ལ་བརྟེན་ནས་མདའ་འཕེན་པ་དང་། བར་ཐག་ངེས་ཅན་ཞིག་གི་ནང་དུ་གནད་ལ་འཁེལ་མིན་གྱི་ལུས་རྩལ་འགྲན་བསྡུར་བྱེད་པ་ལ་ཟེར་ཞིང་། དེ་ལ་མདའ་འཕེན་ལུས་རྩལ་ཟེར། ལོ་ངོ་ཁྲི1སྔོན་གྱི་རྡོ་ཆས་སྤྱོད་པའི་དུས་རབས་སུ། མིའི་རིགས་ཀྱིས་མདའ་གཞུ་སྤྱད་ནས་རི་དྭགས་རྔོན་པ་དང་ཉ་འཛིན་ཚུལ་གསར་གཏོད་བྱས་པ་དང་། དེའི་རྗེས་སུ་མདའ་གཞུ་ཡང་དམག་འཁྲུག་ལ་སྤྱོད་པའི་མཚོན་ཆའི་གྲས་ཤིག་ཡིན་ཞིང་། ད་ལྟའི་མདའ་འཕེན་ནི་མི་རྣམས་ཀྱིས་དགའ་མོས་ཡོད་པའི་ལུས་རྩལ་བྱ་འགུལ་དུ་བརྩིས་ནས་གནས་ཐུབ་པ་རེད། མདའ་འཕེན་གྱི་འབྱུང་ཁུངས་ནི་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་ཁྲི5ཙམ་ལ་གཏུགས་ཆོག་པ་དང་། གནའ་བོའི་ཧྥེ་གླིང་དང་། ཡོ་རོབ། ཨེ་ཤ་ཡ་སོགས་ས་ཁུལ་དུ་དར་ཁྱབ་ཆེ་བ་རེད། ཀྲུང་གོས་རྡོ་ཆས་རྙིང་པའི་དུས་མཇུག་ནས་མདའ་གཞུ་གསར་གཏོད་བྱས་པ་དང་མདའ་གཞུ་ནི་མི་རྣམས་ཀྱིས་རི་དྭགས་རྔོན་པ་དང་དམག་དཔུང་གིས་དམག་རྒྱག་པའི་མཚོན་ཆ་གལ་ཆེན་ཞིག་ཡིན། དེང་རབས་མདའ་འཕེན་ལུས་རྩལ་ནི་དུས་རབས14བར་དབྱིན་ཇི་ནས་དར་བ་དང་། དེ་ནི་དྲག་རྩལ་བའི་དམག་དོན་དགོས་མཁོ་ནས་རོལ་རྩེད་བྱ་འགུལ་དུ་གྱུར། དུས་རབས16པར་མདའ་འཕེན་སྟངས་རིགས་གསུམ་བྱུང་བ་སྟེ། རིགས་དང་པོ་ནི་འབེན་ལ་མདའ་འཕེན་པ་དང་། རིགས་གཉིས་པ་ནི་སའི་འབེན་ལ་མདའ་འཕེན་པ། རིགས་གསུམ་པ་ནི་འཁྱམས་ནས་མདའ་འཕེན་པ་བཅས་ཡིན། འཛམ་གླིང་གི་མདའ་འཕེན་ལེགས་སྐྱེས་འགྲན་བསྡུར་རྣམ་གྲངས་གསུམ་ནི། འཛམ་གླིང་ཁང་ཕྱིའི་མདའ་འཕེན་ལེགས་སྐྱེས་འགྲན་བསྡུར་དང་། འཛམ་གླིང་གི་ཁང་བའི་ནང་གི་མདའ་འཕེན་ལེགས་སྐྱེས་འགྲན་བསྡུར། འཛམ་གླིང་གི་རི་ཐང་མདའ་འཕེན་ལེགས་སྐྱེས་འགྲན་བསྡུར་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
射箭
དབྱིན་ཡིག་གི་མིང་།
Archery
མིང་གཞན།
མདའ་རྩལ།
སྙན་ཞུའི་ས་ཁུལ།
མཚོ་སྔོན་ཞིང་ཆེན་གྲོ་ཚང་རྫོང་།
ཆོག་མཆན་བཀོད་པའི་དུས་ཚོད།
སྤྱི་ལོ2008ལོའི་ཟླ6པའི་ཚེས8ཉིན།
1 ​འཕེལ་རིམ་ལོ་རྒྱུས།

མདའ་འཕེན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཐོག་མར་རི་དྭགས་རྔོན་པ་དང་དམག་འཁྲུག་ལ་བཀོལ་བ་རེད། ཆེས་ཐོག་མའི་མདའ་པ་ནི་རྔོན་པ་ཡིན་པ་དང་། ཁོ་ཚོས་མདའ་གཞུ་ལ་བརྟེན་ནས་སྲོག་ཆགས་གསོད་པ་དང་འཚོ་གནས་བྱེད་ཀྱིན་ཡོད། རྗེས་སུ་མདའ་གཞུ་དེ་དམག་འཁྲུག་ནང་གི་འཇིགས་སུ་རུང་བའི་མཚོན་ཆ་ཞིག་ཏུ་གྱུར་པ་རེད། སྤྱི་ལོའི་སྔོན་གྱི5000ལྷག་ལོར་གནའ་བོའི་ཨེ་ཅིབ་ཀྱི་མིས་མདའ་གཞུ་ཇི་ལྟར་བཀོལ་སྤྱོད་བྱེད་པ་ཁོང་དུ་ཆུད་པ་རེད། གནའ་བོའི་ཤེས་རིག་ཁྲོད་མདའ་གཞུ་ནི་ཧ་ཅང་ཁྱབ་གདལ་ཆེ་བའི་མཚོན་ཆ་ཞིག་ཡིན། ལྷ་སྒྲུང་མི་སྣ་མང་པོ་དཔེར་ན་ཨ་པོ་ལོ་དང་ཨའོ་ཏེ་ཞིའུ་སིས་མདའ་གཞུ་བཏགས་ཡོད།

དེང་རབས་མདའ་འཕེན་ལུས་རྩལ་ནི་ཆེས་ཐོག་མར་དབྱིན་ཇིར་བྱུང་བ་དང་། དབྱིན་ཀེ་ལན་གྱི་ཡུའེ་ཁེ་ཅུན་གྱིས་སྤྱི་ལོ1673ལོ་ནས་བཟུང་གཉེར་བའི་ཧྥང་སི་ཁོ་ཏུན་གྱི་དངུལ་མདའ་འགྲན་བསྡུར་ནི་ད་ལྟའི་བར་དུ་རྒྱུན་མཐུད་བྱས་པ་རེད། སྤྱི་ལོ1787ལོར་དབྱིན་ཇིས་གོང་མའི་མདའ་འཕེན་མཐུན་ཚོགས་བཙུགས་ཤིང་། འཛམ་གླིང་ཐོག་ཆེས་སྔ་བའི་མདའ་འཕེན་རྩ་འཛུགས་སུ་གྱུར། དུས་རབས19པའི་དུས་འགོར། མདའ་འཕེན་ཨ་རིར་དར་བ་དང་། སྤྱི་ལོ1828ལོར་ཧྥེ་ཁྲེང་མདའ་འཕེན་མཉམ་འབྲེལ་ཚོགས་པ་བཙུགས། སྤྱི་ལོ1844ལོར་སྐབས་དང་པོའི་དབྱིན་ཇི་ཡོངས་ཀྱི་མདའ་འཕེན་ལེགས་སྐྱེས་འགྲན་བསྡུར་སྤེལ། སྤྱི་ལོ1861ལོར་དབྱིན་ཇིའི་མདའ་འཕེན་མཐུན་ཚོགས་བཙུགས་པ་དང་། འགྲན་བསྡུར་གྱི་སྒྲིག་སྲོལ་གཅིག་གྱུར་བྱས། སྤྱི་ལོ1879ལོར་ཨ་རི་ཡོངས་ཀྱི་མདའ་འཕེན་མཐུན་ཚོགས་བཙུགས། ལོ་དེར་ཀྲི་ཅ་ཀོ་རུ་ཨ་རི་ཡོངས་ཀྱི་མདའ་འཕེན་འགྲན་བསྡུར་སྐབས་དང་པོ་སྤེལ། སྤྱི་ལོ1931ལོར་དབྱིན་ཇི་དང་ཧྥ་རན་སེ་གཙོ་བོར་བྱས་ནས་རྒྱལ་སྤྱིའི་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དང་ལོ་དེར་ཕོ་ལན་གྱི་ལི་ཝོ་ཕུའུ་རུ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་སྐབས་དང་པོ་བྱས་པ་རེད། འཛམ་གླིང་ཐོག་མདའ་འཕེན་ལུས་རྩལ་ཁྲོད་གནས་བབ་ཡག་པོ་བཟུང་བའི་རྒྱལ་ཁབ་ལ་ཨ་རི་དང་། ཨུ་རུ་སུ། ཧན་གོ་བཅས་ཡོད། མདའ་འཕེན་ལུས་རྩལ་ལ་དོ་མཉམ་དགོས་པ་དང་། བློ་རྩེ་གཅིག་སྒྲིམ། མཐུན་སྦྱོར་དང་དུས་ཚོད་ཀྱི་ཚོར་བ་སོགས་ཀྱི་བྱང་ཚད་དང་ནུས་པ་ལྡན་དགོས། མདའ་འཕེན་ལུས་རྩལ་ལ་ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གནའ་རྫས་རྟོག་ཞིབ་ཀྱིས་རྡོ་ཆས་རྙིང་མའི་དུས་མཇུག་ནས་མདའ་གཞུ་གསར་གཏོད་བྱས་པ་ཤེས། འོན་ཀྱང་དེང་རབས་མདའ་འཕེན་ལས་འགུལ་སྤེལ་བ་ཅུང་འཕྱི། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་མདའ་འཕེན་དེ་དྲག་རྩལ་རྣམ་གྲངས་ཁྲོད་ཀྱི་འཁྲབ་སྟོན་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སྤྱི་ལོ1955ལོའི་གོང་དུ་མདའ་འཕེན་དེ་སྔར་བཞིན་འཁྲབ་སྟོན་རྣམ་གྲངས་ཤིག་ཡིན་པ་དང་སྤྱི་ལོ1956ལོ་ནས་བཟུང་འགྲན་བསྡུར་རྣམ་གྲངས་ནང་བཅུག་པ་དང་སྤྱི་ལོ1959ལོར་གཞི་ནས་རྒྱལ་སྤྱིའི་སྒྲིག་སྲོལ་ལྟར་འགྲན་བསྡུར་བྱེད་འགོ་ཚུགས་ཡོད།

2 མདའ་འཕེན་འགྲན་བསྡུར་གྱི་ཚད་གཞི།

མདའ་འཕེན་ར་བའི་ས་ཆ་དེ་ཁོད་སྙོམས་དགོས་ཤིང་། ལྷོ་ནས་བྱང་བར་རིང་ཚད་ལ་སྨི130ཙམ་དང་ཞེང་ཚད་ལ་སྨི150ཙམ་དགོས། གཞུ་ནི་གཞུ་རྒྱུད་དང་གཞུ་ངོས། རྩེ་མོ་ཆ་གཅིག གདུབ་སྒྲོག་གི་ལྡེམ་གཤིས་གཞུ་གཤོག་ལས་གྲུབ་པ་དང་། གཞུ་རྒྱུད་ནི་ཏི་ལུན་ཐིག་གམ་རྒྱུ་ཆ་གཞན་དག་གིས་བཟོ་ཆོག མདའ་དེར་མདའ་རྩེ་དང་། མདའ་དབྱུག མདའ་སྒྲོག་དང་མདའ་སྒྲོ་བཅས་ཚུད་ཡོད་ལ། བཟོ་བྱེད་རྒྱུ་ཆ་ལ་ཚད་བཀག་མེད། འབེན་ནི་ཤོག་བུ་དང་རས་སམ་རྒྱུ་ཆ་གཞན་དག་གིས་བཟོས་ཆོག་པ་དང་། དེའི་སྟེང་དུ་སེར་པོ་དང་། དམར་པོ། སྔོན་པོ། ནག་པོ། དཀར་པོ་སོགས་ཀྱི་སེམས་མཐུན་སྒོར་དབྱིབས་ཁུལ་ཡོད། ཨ་ལོང་རེ་རེའི་ཁ་དོག་མི་འདྲ་སྟེ། དཀྱིལ་གྱི་སེར་མདོག་ནི་སྐར10དང་སྐར9(ནང་ནས་ཕྱི་བར)ཡིན་པ་དང་། དམར་པོ་ནི་སྐར8དང་སྐར7ཡིན་པ། སྔོན་པོ་ནི་སྐ་6དང་སྐར5ཡིན། ནག་པོ་ནི་སྐར4དང་སྐར3ཡིན། ཆེས་ཕྱི་སྐོར་གྱི་མདོག་དཀར་པོ་ནི་སྐར2དང་སྐར1ཡིན། ཁང་པའི་ཕྱི་རོལ་ནས་མདའ་འཕེན་སྐབས་སྐྱེས་པའི་བདམས་ཐོན་པས་སྤྱི་ཁྲེ90དང་། 70དང་། 50དང་། 30བཅས་བར་ཐག་བཞི་ལ་འཕེན་དགོས་པ་དང་། བུད་མེད་བདམས་ཐོན་པས་སྤྱི་ཁྲེ70དང་། 60དང་། 50དང30བཅས་བར་ཐག་བཞི་ལ་འཕེན་དགོས་ཤིང་། བར་ཐག་རེར་མདའ36དང་། བར་ཐག་རིགས་བཞི་རེར་ཁྱོན་བསྡོམས་མདའ144འཕེན་པ་དང་། མདའ144འཕངས་ཚར་རྗེས“སྐོར་གཅིག་”ཟེར། དེར་ཅུས་རྐྱང་པ་ཡང་ཟེར། སྐར་མ1440ཡོད། འཕེན་འཁོར་གཉིས་ལ་ཅུས་གཉིས་ཟེར། སྐར 2880ཡོད། འགྲན་བསྡུར་བྱེད་སྐབས་བདམས་ཐོན་པ་གཉིས་ཀྱིས་རེས་མོས་ངང་མདའ་འབེན་གཅིག་ལ་འཕེན་གྱི་ཡོད་པ་དང་བདམས་ཐོན་པ་རེས་ཐེངས་རེར་མདའ་གསུམ་རེ་འཕེན་གྱི་ཡོད་པ་དེར་ཐེངས་གཅིག་ཟེར་གྱི་ཡོད་པ་དང་། དེ་ནས་བདམས་ཐོན་པ་གཞན་ཞིག་བརྗེས་ནས་འཕེན་གྱི་ཡོད། ཁང་པའི་ནང་གི་མདའ་འཕེན། འགྲན་བསྡུར་རིང་ཚད་ནི་ཕོ་མོ་ཚང་མ་དང་འདྲ་བར་སྤྱི་ཁྲེ25དང་སྤྱི་ཁྲེ18རིགས་གཉིས་ཡིན་པ་དང་། བར་ཐག་རེར་མདའ30(ཐེངས10)འཕེན་གྱི་ཡོད། 


བརྡ་འགྲེལ་གདོང་འཛར།

ལུས་རྩལ། མདའ་གཞུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-24

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།