འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་བཀོད་འདོམས་དབྱུག་པ་དང་ཚད་ཐིག་ཡིན། ཏང་ཡོངས་ཀྱིས་བསམ་བློ་དང་བྱ་སྤྱོད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཅིག་གྱུར་འཆར་འགོད་དང་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མི་འཚམ་པ་དང་ཐ་ན་རྒྱབ་འགལ་བྱེད་པའི་ངོས་འཛིན་འཕྲལ་མར་ལེགས་སྒྲིག་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མི་འཚམ་པ་དང་ཐ་ན་རྒྱབ་འགལ་བྱེད་པའི་བྱ་སྤྱོད་ལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་མི་འཚམ་པ་དང་། ཐ་ན་རྒྱབ་འགལ་བྱེད་པ་བཅས་ཀྱི་བྱེད་སྟངས་རྦད་དེ་འདོར་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
五大发展理念
མིང་གཞན།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ།
1 ​འཕེལ་རྒྱས་ཀྱི་ལོ་རྒྱུས།

སྤྱི་ལོ2015ལོའི་ཟླ10པར་ཞི་ཅིན་ཕིང་གིས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》གསལ་བཤད་ནང་། འཕེལ་རྒྱས་ཀྱི་འདུ་ཤེས་ནི་འཕེལ་རྒྱས་བྱ་སྤྱོད་ཀྱི་སྔོན་ཁྲིད་དང་། ཁྱོན་ཡོངས་ལ་དོ་དམ་དང་། རྩ་བར་དོ་དམ། ཁ་ཕྱོགས་ལ་དོ་དམ། རྒྱང་ཕུགས་ལ་དོ་དམ་བཅས་བྱེད་པ་ཡིན་ལ། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་བཅས་གཅིག་སྡུད་ཐོག་མཚོན་པ་ཞིག་བཅས་རེད།

སྤྱི་ལོ2015ལོའི་ཟླ10པའི་ཚེས29ཉིན་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ནང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཁ་གསལ་བཏོན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་རང་རྒྱལ་གྱི་གནས་ཚུལ་དང་མཐུན་པ་དང་། དུས་རབས་ཀྱི་བླང་བྱ་དང་མཐུན་པ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ལེགས་ཆ་ཆེ་རུ་གཏོང་བ་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

སྤྱི་ལོ2016ལོའི་ཟླ1པོའི་ཚེས29ཉིན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སུམ་ཅུ་པའི་ཐོག་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་བཀོད་འདོམས་དབྱུག་པ་དང་ཚད་ཐིག་ཡིན།

སྤྱི་ལོ2017ལོའི་ཟླ10པའིཚེས18ཉིན། ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

སྤྱི་ལོ2018ལོའི་ཟླ3པའི་ཚེས11ཉིན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དག་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ཞིང་། “རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་བརྩོན”ཞེས་པའི་སྔོན་དུ“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱ་དགོས”ཞེས་པ་ཁ་སྣོན་བརྒྱབ་ཡོད།

2 ཚན་རིག་གི་ནང་དོན།

གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ནི་ཁྱོན་ཡོངས་ལ་དོ་དམ་དང་། རྩ་བར་དོ་དམ། རྒྱང་ཕུགས་ལ་དོ་དམ་བཅས་བྱེད་པའི་ཁྲིད་ཕྱོགས་ཡིན་ཞིང་། འཐབ་ཇུས་རང་བཞིན་དང་། རྩ་འཛིན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ལྡན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལས“ལོ་ལྔའི་འཆར་གཞི་བཅུ་གསུམ”དང་ཐ་ན་དེ་བས་རིང་བའི་དུས་སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས། འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་བཅས་གསལ་སྟོན་བྱས་ཡོད་པས་དེའི་ཚན་རིག་གི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས།

གསར་གཏོད་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། རང་རྒྱལ་གྱི་གསར་གཏོད་ནུས་པ་ཆེན་པོ་མེད་པ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱིའི་ཆ་ནས་མཐོན་པོ་མེད་པ། ཚན་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་མི་འདང་བ། ཚན་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་ལས་དམའ་བ་བཅས་ནི་རང་རྒྱལ་གྱི་དཔལ་འབྱོར་གྱི་ཞན་ཆ་དེ་རེད།

མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་དོ་སྣང་བྱེད་པ་ནི་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། རང་རྒྱལ་གྱི་འཕེལ་རྒྱས་མཐུན་སྦྱོར་མིན་པ་ནི་དུས་ཡུན་རིང་པོར་གནས་པའི་གནད་དོན་ཞིག་ཡིན་ཞིང་། ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ། དཔལ་འབྱོར་དང་སྤྱི་ཚོགས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་སོགས་ཀྱི་འབྲེལ་བའི་ཐོག་ནས་འབུར་ཐོན་དུ་མངོན་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྗེས་ལུས་ཡིན་པའི་གནས་ཚུལ་འོག དུས་སྐབས་ཤིག་རིང་གི་ལས་འགན་གཙོ་བོ་ནི་མྱུར་དགོས་པ་དེ་ཡིན། འོན་ཀྱང་ལམ་ཐག་ངེས་ཅན་ཞིག་བརྒལ་རྗེས་འབྲེལ་བ་ལེགས་སྒྲིག་བྱ་རྒྱུར་དོ་སྣང་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་ལ་དོ་སྣང་བྱ་དགོས། དེ་ལྟར་མིན་ན་ཞན་ཆ་སྔར་ལས་མངོན་གསལ་དུ་འགྲོ་བ་དང་། སྤྱི་ཚོགས་ཀྱི་འགལ་བ་རབ་དང་རིམ་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་ངེས་རེད།

ལྗང་མདོག་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་པ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། རང་རྒྱལ་གྱི་ཐོན་ཁུངས་ཀྱི་ཚོད་འཛིན་དམ་དུ་འགྲོ་བ་དང་། ཁོར་ཡུག་སྦགས་བཙོག་ཚབས་ཆེ་བ། སྐྱེ་ཁམས་མ་ལག་ཞན་འགྱུར་བཅས་ཀྱི་གནད་དོན་ཧ་ཅང་ཛ་དྲག་ཆེ་བ་དང་། མི་དམངས་མང་ཚོགས་ཀྱིས་མཁའ་རླུང་གཙང་མ་དང་། འཐུང་ཆུ་གཙང་མ། ཟས་རིགས་བདེ་འཇགས། ཁོར་ཡུག་ཡག་པོ་བཅས་ཀྱི་བླང་བྱ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད།

སྒོ་འབྱེད་འཕེལ་རྒྱས་ལ་དོ་སྣང་བྱེད་པ་ནི་འཕེལ་རྒྱས་ཕྱི་ནང་མཉམ་འགུལ་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན། ད་ལྟའི་གནད་དོན་ནི་ཕྱི་ཕྱོགས་ལ་སྒོ་འབྱེད་དགོས་མིན་ལ་ཐུག་མེད་པར། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྤུས་ཚད་དང་འཕེལ་རྒྱས་གཏོང་བའི་ཕྱི་ནང་གི་མཉམ་འགུལ་རང་བཞིན་ཇི་ལྟར་མཐོ་རུ་གཏོང་རྒྱུ་དེ་རེད། རང་རྒྱལ་གྱི་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་སྤྱིའི་ཆ་ནས་ད་དུང་མཐོན་པོ་མེད་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་ཡག་པོ་གཏོང་བའི་ནུས་པ་ད་དུང་ཆེན་པོ་མེད་པ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་རྩོད་གཞིར་ཁ་གཏད་འཇལ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་སྐད་ཆ་བཤད་དབང་བརྩོན་ལེན་བྱེད་པའི་ནུས་པ་ད་དུང་ཅུང་ཞན་པ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་སྤྱོད་པའི་འཇོན་ཐང་ཡང་དེ་ཙམ་ཆེན་པོ་མེད་པས། ཁ་གསབ་གང་མགྱོགས་བྱེད་དགོས།

མཉམ་སྤྱོད་འཕེལ་རྒྱས་ཀྱིས་དོ་སྣང་བྱེད་ས་ནི་སྤྱི་ཚོགས་དྲང་སྙོམས་དྲང་བདེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་མོད། འོན་ཀྱང་བགོ་བཤའ་དྲང་སྙོམས་མིན་པའི་གནད་དོན་མངོན་གསལ་དོད་ཙམ་ཡོད་པ་དང་། ཡོང་འབབ་ཀྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཀྱི་ཧེ་བག་ཆེ་ཙམ་ཡོད། བསྒྱུར་བཅོས་དང་གོང་སྤེལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཐད་ལ་གནས་ཚུལ་དངོས་སམ་ཡང་ན་ལམ་ལུགས་ཇུས་འགོད་གང་ཡིན་རུང་ད་དུང་ཆ་མི་ཚང་ས་ཡོད་དོ།།

3 བྱེད་ཐབས་གཙོ་བོ།

སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན། ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོར་བརྩིས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  

ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་ཏེ་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་། དཔལ་འབྱོར་གྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། འཕར་སྣོན་གྱི་སྒུལ་ཤུགས་བསྒྱུར་བ་བཅས་ཀྱི་འགག་སྒྲོལ་དུས་མཚམས་སུ་གནས་ཡོད་པས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུ་ནི་འགག་སྒོ་སྒྲོལ་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་ཅིག་རེད། ངེས་པར་དུ་སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་གྲས་སུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་འཕོ་འགྱུར་དང་། ལས་ཆོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ལ་སྐུལ་འདེད་གཏོང་བ། རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་བ། དངོས་ཚན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཐོན་ལས་མ་ལག་འཛུགས་མགྱོགས་སུ་གཏོང་བ། ཁྲོམ་རའི་ལམ་སྲོལ་ནུས་ལྡན་དང་། ཕྲ་མཐོང་བྱེད་པོར་གསོན་ཤུགས་ལྡན་པ། སྤྱི་ཁོག་སྙོམས་སྒྲིག་ཚོད་འཛིན་ལྡན་པ་བཅས་ཀྱི་དཔལ་འབྱོར་སྒྲིག་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་དགོས་པ་དང་། མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་འགག་སྒྲོལ་བྱེད་ཕྱོགས་གཙོ་བོར་བཟུང་ནས་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་ཀྱི་དགེ་མཚན་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས།

གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་བྱ་དགོས། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་དམིགས་ཏེ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་རྒྱང་ལྟའི་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་སྣེ་ཁྲིད་རང་བཞིན་གྱི་ཐོག་མའི་གསར་གཏོད་གྲུབ་འབྲས་ཀྱི་ཚད་བརྒལ་གལ་ཆེན་ཡོང་བ་བྱེད་དགོས་ཞེས་བསྟན།

གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས། ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན་པས། ངེས་པར་དུ“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་དགོས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པ། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚད་ལོན་རྗེས་ད་དུང་ལོ་སུམ་ཅུ་རིང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་ནས་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་བ། ཞིང་པར་དགའ་བ་བཅས་ཀྱི“ཞིང་གསུམ”ལས་དོན་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས།

ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་ཐབས་ལ་བརྟེན་ནས་ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ། བསྒྱུར་བཅོས་ཟབ་སྤེལ་དང་བྱང་ཤར་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་མགྱོགས་སུ་གཏོང་བ། ལེགས་ཆ་འདོན་སྤེལ་བྱས་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཤར་རྒྱུད་ས་ཁུལ་སྔོན་ལ་འཕེལ་རྒྱས་ལེགས་འགྱུར་ཡོང་བར་གསར་གཏོད་དང་སྣེ་ཁྲིད་བྱེད་པ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་གསར་པ་སྔར་ལས་ཕན་ནུས་ལྡན་པ་འཛུགས་པ་བཅས་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་མགྱོགས་སུ་གཏོང་བ། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པར་ངེས་པར་དུ་རྒྱུ་ནོར་བདག་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཐོན་དབང་ལ་ཕན་ནུས་ལྡན་པའི་བསྔགས་སྐུལ་དང་། རྒྱུ་རྐྱེན་གཙོ་བོ་རང་མོས་འཁོར་སྐྱོད། རིན་གོང་གི་འགྱུར་འབྱུང་སྟབས་བསྟུན། འགྲན་རྩོད་དྲང་སྙོམས་རིམ་ལྡན། ཁེ་ལས་དྲག་རྒྱལ་ཞན་ཕམ་བཅས་ཡོང་བ་བྱ་དགོས།

ཁྱོན་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་རྒྱག་མི་སྲིད་པས་སྒོ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་ངེས་རེད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ། ནང་དུ་འདྲེན་པ་དང་ཕྱི་རུ་སྐྱོད་པ་གལ་ཆེ་མཉམ་བརྩི་བྱེད་པ་རྒྱུན་འཁྱོངས་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་བརྩི་སྲུང་། གསར་གཏོད་བྱེད་ནུས་སྒོ་འབྱེད་མཉམ་ལས་ལ་ཤུགས་སྣོན་བཅས་བྱས་ཏེ། སྐམ་མཚོ་དང་རྒྱལ་ཁབ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་བྱེད་པའི་སྒོ་འབྱེད་རྣམ་པ་ཆགས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། ང་ཚོས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ནུས་པ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱས་ནས་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཆོད་དེ་བས་ཆེ་བ། དྲང་གཞག་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཐུབ་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱེད་དགོས།

4 ཡིག་ཆ་འདྲེན་བཀོལ།

སྤྱི་ལོ2016ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

5 མིང་ཚིག་འགྲེལ་བརྗོད།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཆོད་དེ་བས་ཆེ་བ། དྲང་གཞག་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཐུབ་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལྡོག་མེད་ལམ་བུ་གསལ་སྟོན་གཏིང་ཟབ་བྱས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་ཅིག་རེད།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་མི་ཐུབ་པའི་དུས་བབ་ལ་དམིགས་ནས་བཏོན་པའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་རེད།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་མིག་སྔའི་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་དང་འགྲན་སློང་ལ་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་ཞིག་རེད།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་རང་རེའི་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་པ་གཅིག་སྡུད་ཐོག་མཚོན་པ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་རེད།

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་ཐོག་ཏུ་འཁྱོལ་བ་དང་ཡོངས་ཁྱབ་ཀྱི་ལག་ལེན་དུ་འགྱུར་བར་བྱེད་པའི་འགག་རྩ་ནི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་ངོས་འཛིན་དང་བྱ་སྤྱོད་ལ་རག་ལས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-10

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།