རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས།
རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ལ“རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་ལས་ཁུངས”དང“སྲིད་འཛིན་ལས་ཁུངས”ཞེས་ཀྱང་ཟེར། སྒྲ་དོག་འཇུག་གི་གོ་དོན་ནི“སྲིད་གཞུང”ལ་ཟེར། རྒྱལ་ཁབ་ཀྱིས་རྩ་ཁྲིམས་དང་འབྲེལ་ཡོད་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བཙུགས་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་དང་། འཁོར་བསྐྱོད་བྱ་རྒྱུ་ལ་ཟེར་ཞིང་། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་དོན་ཁག་སྒྲིག་འཛུགས་དང་། དོ་དམ། ལྟ་སྐུལ། བཀོད་འདོམས་བཅས་བྱེད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ལ་འགན་འཁུར་དགོས། མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ནི་བཅའ་ཁྲིམས་ཐོག་ཁྲིམས་འཛུགས་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་དང་མཉམ་དུ་གནས་ཡོད་ལ། ཕན་ཚུན་གྱི་དབང་ཆ་བགོས་ནས་ཚོད་འཛིན་བྱེད་པ་དང་། དོན་དངོས་ཐོག་ཚད་མི་འདྲ་བའི་སྒོ་ནས་ཁྲིམས་འཛུགས་དང་ཁྲིམས་འཛིན་ལ་ཤུགས་རྐྱེན་ཐེབས་པའམ་ཡང་ན་བཀོད་འདོམས་བྱས་ཡོད། ཀྲུང་གོའི་སྲིད་འཛིན་ལས་ཁུངས་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་ལས་འཛིན་ལས་ཁུངས་ཡིན། ཀྲུང་གོའི་རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་མཐོ་ཤོས་ཡིན་པ་དང་། ས་གནས་ཀྱི་མི་དམངས་སྲིད་གཞུང་རིམ་པ་ཁག་ནི་ས་གནས་ཀྱི་དབང་འཛིན་ལས་ཁུངས་རིམ་པ་ཁག་གི་ལས་འཛིན་ལས་ཁུངས་ཡིན་ལ། ས་གནས་ཀྱི་སྲིད་འཛིན་དོ་དམ་ལས་ཁུངས་རིམ་པ་ཁག་ཀྱང་ཡིན། འགོ་ཁྲིད་ལས་ཁུངས་དང་། ཇུས་ཐག་གཅོད་པའི་ལས་ཁུངས། ལག་བསྟར་ལས་ཁུངས། གཞུང་ལས་ལས་ཁུངས། ཆ་འཕྲིན་ལས་ཁུངས། བློ་འདྲིའི་ལས་ཁུངས། མངག་གཏོང་ལས་ཁུངས་སོགས་སུ་དབྱེ་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家行政机关
མིང་གཞན།
རྒྱལ་ཁབ་ཀྱི་དོ་དམ་ལས་ཁུངས།
ཕྱི་ཡིག་གི་མིང་།
State Administration
བསྡུས་མིང་།
སྲིད་གཞུང་།
1 ​གཞི་རྩའི་གནས་ཚུལ།

དོན་སྤྱི།

རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཞེས་པ་ནི་རྒྱལ་ཁབ་གཅིག་གི་དབང་སྒྱུར་གྲལ་རིམ་གྱིས་རང་གི་དབང་སྒྱུར་གྱི་འདོད་བློ་ལྟར་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་དོན་ལ་དོ་དམ་བྱེད་པའི་རྩ་འཛུགས་ལས་ཁུངས་ལ་ཟེར། རྒྱལ་ཁབ་དོ་དམ་ལས་ཁུངས་དང་བསྡུས་མིང་ལ་སྲིད་གཞུང་ཟེར་ཞིང་། རྒྱལ་ཁབ་སྒྲིག་གཞིའི་གྲུབ་ཆ་གལ་ཆེན་ཞིག་དང་སྲིད་འཛིན་བཅའ་ཁྲིམས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཀྱང་ཡིན།

རང་རྒྱལ་གྱི་སྲིད་འཛིན་ལས་ཁུངས་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ནས་ཐོན་པ་དང་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་ལག་བསྟར་ལས་ཁུངས་ཡིན། དེས་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ལ་འགན་ཁུར་ནས་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས།

རིགས།

རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་སུ་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་མཐོ་ཤོས་དང་ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཚུད་ཡོད། དེའི་ནང་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་མཐོ་ཤོས་ཏེ་ཀྲུང་དབྱང་སྲིད་གཞུང་ནི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་སྲོག་ཤིང་ཡིན། རང་རྒྱལ་གྱི་ཆེས་མཐོ་བའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིན་ལ། ས་གནས་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ལ་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་། ཁུལ་དང་རྫོང(གྲོང་ཁྱེར་དང་ས་ཁུལ)དང་། ཡུལ་ཚོ། གྲོང་རྡལ་བཅས་རིམ་པ་གསུམ་གྱི་མི་དམངས་སྲིད་གཞུང(དམིགས་བསལ་དུ་མིག་སྔར་ས་ཁུལ་ཁ་ཤས་སུ་ལག་བསྟར་བྱེད་པ་ནི་རིམ་པ་བཞི་པའི་མི་དམངས་སྲིད་གཞུང་སྟེ། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་། ས་ཁུལ་རིམ་པའི་གྲོང་ཁྱེར། རྫོང་། ཡུལ་ཚོ་དང་གྲོང་རྡལ)བཅས་སུ་དབྱེ་ཡོད།

རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ནི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ལག་བསྟར་ལས་ཁུངས་ཡིན་ཞིང་། རིམ་པ་སོ་སོའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཚང་མ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ནས་ཐོན་པ་དང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་དགོས་པ་མ་ཟད་ལས་དོན་སྙན་སེང་ཞུས་ནས་དེའི་ལྟ་སྐུལ་དང་ལེན་བྱེད་དགོས། འོག་རིམ་གྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱིས་གོང་རིམ་གྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་དང་ལེན་བྱ་དགོས། ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་རིམ་པ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་འགོ་ཁྲིད་ལ་བརྩི་སྲུང་བྱ་དགོས།

ཁྱད་ཆོས།

རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན།

1. རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ནི་རྒྱལ་ཁབ་ཀྱི་བཙན་ཤེད་ངོ་བོ་ལྡན་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན།

2. རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ནི་ལག་བསྟར་རང་བཞིན་ཅུང་མཐོ་བའི་རྩ་འཛུགས་ཤིག་ཡིན།

3. རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ནི་རིམ་པ་དང་གྲུབ་ཚུལ་ངེས་ཅན་ལྟར་སྒྲིག་འཛུགས་བྱས་པ་མ་ཟད་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་ཁྲིམས་ལྟར་བྱེད་སྒོ་སྤེལ་མཁན་གྱི་རྩ་འཛུགས་ཤིག་ཡིན།

སྲིད་འཛིན་སྒྲིག་འཛུགས་དང་སྲིད་འཛིན་རྩ་འཛུགས། སྲིད་འཛིན་ལས་ཁུངས་བཅས་ཀྱི་བར་འབྲེལ་བ་ཡོད་ལ་ཁྱད་པར་ཡང་ཡོད།

རིགས།

སྲིད་འཛིན་ལས་ཁུངས་ཀྱི་རིགས་དེ་ཟུར་ཚད་མི་འདྲ་བའི་ཐོག་ནས་དབྱེ་བ་མི་འདྲ་བ་ཕྱེས་ཆོག

1. སྲིད་འཛིན་ལས་ཁུངས་ཀྱི་ཁྱབ་ཁོངས་མི་འདྲ་བར་གཞིགས་ནས་ཀྲུང་དབྱང་སྲིད་འཛིན་ལས་ཁུངས་དང་ས་གནས་སྲིད་འཛིན་ལས་ཁུངས་སུ་དབྱེ་ཆོག

2. སྲིད་འཛིན་ལས་ཁུངས་ཀྱི་ལས་ཀའི་དབང་ཚད་མི་འདྲ་བར་གཞིགས་ནས་སྤྱིར་བཏང་གི་དབང་ཚད་ལས་ཁུངས་དང་ཆེད་དམིགས་དབང་ཚད་ལས་ཁུངས་སུ་དབྱེ་ཆོག

3. སྲིད་འཛིན་དོ་དམ་བྱེད་སྒོའི་ལྷུ་ཚིགས་ལྟར་དབྱེ་ན། ཇུས་གཅོད་ལས་ཁུངས་དང་། ལག་བསྟར་ལས་ཁུངས། རམ་འདེགས་ལས་ཁུངས། འདྲི་གཅོད་ལས་ཁུངས། ལྟ་སྐུལ་ལས་ཁུངས་སོགས་སུ་དབྱེ་ཆོག

4. ལས་རིགས་དང་ཐོན་རྫས་མི་འདྲ་བར་གཞིགས་ནས་ཆེད་གཉེར་སྲིད་འཛིན་ལས་ཁུངས་མི་འདྲ་བ་སྣ་ཚོགས་སུ་ཕྱེ་ཆོག

2 སྒྲིག་འཛུགས་ཀྱི་རྩ་དོན།

རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་སྒྲིག་འཛུགས་ཀྱིས་སྤྱིར་བཏང་དུ་གཤམ་གྱི་རྩ་དོན་ལ་བརྩི་སྲུང་བྱ་དགོས།

1. དགོས་མཁོ་དང་བསྟུན་པའི་རྩ་དོན།

2. ཁུ་བསྡུ་བྱེད་པའི་རྩ་དོན།

3. ལས་ཆོད་མཐོ་བའི་རྩ་དོན།

4. ཁྲིམས་ལྟར་འཛུགས་པའི་རྩ་དོན།

3 སྒྲིག་གཞིའི་མཉམ་སྒྲིག

རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་གྲུབ་ཚུལ་ནི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སོ་སོ་ལས་གྲུབ་པའི་མཉམ་སྒྲིག་བྱེད་སྟངས་ཤིག་ཡིན།

སྲིད་འཛིན་ལས་ཁུངས་ཀྱི་གྲུབ་ཚུལ་ནི་གཙོ་བོ་སྲིད་འཛིན་ལས་ཁུངས་ཀྱི་བང་རིམ་གྲུབ་ཚུལ་དང་སྡེ་ཁག་གི་གྲུབ་ཚུལ་ལ་ཟེར་བ་དང་། དེར་གཞུང་ཕྱོགས་ཀྱི་གྲུབ་ཚུལ་དང་འཕྲེད་ཕྱོགས་ཀྱི་གྲུབ་ཚུལ་ཡང་ཟེར།

སྲིད་འཛིན་ལས་ཁུངས་ཀྱི་བང་རིམ་གྲུབ་ཚུལ(གཞུང་ཕྱོགས་གྲུབ་ཚུལ)ནི་རིམ་པ་སོ་སོའི་སྲིད་གཞུང་གི་གོང་རིམ་དང་འོག་རིམ་བར་གྱི་འབྲེལ་བ་དང་། རིམ་པ་སོ་སོའི་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་ཁག་གི་གོང་རིམ་དང་འོག་རིམ་བར་གྱི་འབྲེལ་བ་ཡིན་པས་འགོ་ཁྲིད་དང་འགོ་ཁྲིད་བྱ་ཡུལ་གྱི་གཙོ་ཕལ་འབྲེལ་བ་གྲུབ་ཡོད། གོང་འོག་མཉམ་སྒྲིག་བྱེད་སྟངས་དེ་རིགས་ནི་སྲིད་འཛིན་ལས་ཁུངས་ཀྱི་བང་རིམ་གྲུབ་ཚུལ་ཡིན།

གཞུང་ཕྱོགས་གྲུབ་ཚུལ་གྱི་རྣམ་པ་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་གལ་ཆེན་གཉིས་ཡོད་ལ། གཅིག་ནི་དོ་དམ་གྱི་རིམ་པ་དང་། གཅིག་ནི་དོ་དམ་གྱི་ཚད་གཞི་ཡིན། དོ་དམ་གྱི་རིམ་པ་ཞེས་པ་ནི་གཞུང་ཕྱོགས་གྲུབ་ཚུལ་གྱི་ཚད་གཞིའི་རིམ་པ་ཡིན་ཞིང་། ཚད་གཞི་ག་ཚོད་ཡོད་ན་དོ་དམ་གྱི་རིམ་པ་དེ་ཙམ་ཡོད། དཔེར་ན་རང་རྒྱལ་གྱི་སྲིད་འཛིན་ལས་ཁུངས་ལ་ཀྲུང་དབྱང་སྲིད་གཞུང(རྒྱལ་སྲིད་སྤྱི་ཁྱབ་ཁང)དང་། ཞིང་ཆེན་སྲིད་གཞུང་། རྫོང་སྲིད་གཞུང་། ཡུལ་ཚོའི་སྲིད་གཞུང་བཅས་རིམ་པ་བཞིར་ཕྱེ་ཡོད། སྲིད་གཞུང་རིམ་པ་རེ་རེར་དོ་དམ་གྱི་རིམ་པ་དུ་མ་ཡོད་པ་དཔེར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་པུའུ(ཨུ)དང་། སི(ཅུས། ཁྲུའུ)བཅས་སུ་དབྱེ་ཡོད་པ་དང་། ཞིང་ཆེན་སྲིད་གཞུང་ལ་ཐིང(ཅུས)དང་ཁྲུའུ(ཧྲི)དང་ཁོའོ་སོགས་སུ་དབྱེ་ཡོད། དོ་དམ་བྱེད་ཚད་ཅེས་པ་ནི་རིམ་པ་དང་པོའི་སྲིད་འཛིན་ལས་ཁུངས་སམ་ཡང་ན་འགོ་ཁྲིད་པ་གཅིག་གིས་ཐད་ཀར་འགོ་ཁྲིད་དང་བཀོད་འདོམས་བྱེད་པའི་འོག་རིམ་སྡེ་ཚན་ནམ་མི་སྣའི་གྲངས་འབོར་ལ་ཟེར། སྤྱིར་བཏང་དུ་དོ་དམ་གྱི་རིམ་པ་དང་དོ་དམ་གྱི་ཚད་གཞི་ནི་ལྡོག་ཕྱོགས་ཀྱི་བསྡུར་ཚད་ཡིན།

སྲིད་འཛིན་ལས་ཁུངས་ཀྱི་སྡེ་ཁག་གྲུབ་ཚུལ(འཕྲེད་ཕྱོགས་ཀྱི་གྲུབ་ཚུལ)ནི་རིམ་པ་མཉམ་པའི་སྲིད་གཞུང་ཕན་ཚུན་བར་དང་རིམ་པ་སོ་སོའི་སྲིད་གཞུང་གི་སྡེ་ཁག་སོ་སོའི་བར་གྱི་འབྲེལ་བ་ཡིན་པས། མཐུན་སྦྱོར་གྱི་མཉམ་འགྲོའི་འབྲེལ་བ་གྲུབ་ཡོད། འཕྲེད་ཕྱོགས་མཉམ་སྒྲིག་བྱེད་སྟངས་འདི་ནི་སྲིད་འཛིན་ལས་ཁུངས་ཀྱི་སྡེ་ཁག་གྲུབ་ཚུལ(འཕྲེད་ཕྱོགས་ཀྱི་གྲུབ་ཚུལ)ཡིན། དཔེར་ན་ཞིང་ཆེན་དང་། ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་སྲིད་གཞུང་བར་དང་། པུའུ(ཨུ)ནང་ཁུལ་གྱི་སི(ཅུས)ཁག་གི་བར་དང་། ཐིང(ཅུས)ནང་ཁུལ་གྱི་ཁྲུའུ(ཧྲི)སོ་སོའི་བར་སོགས་ནི་མཉམ་གཤིབ་ཀྱི་མཐུན་སྦྱོར་འབྲེལ་བ་ཞིག་ཡིན་པས་ཐུན་མོང་དུ་གོང་རིམ་གཅིག་ལ་འགན་འཁུར་དགོས། དེ་ལྟར་བྱས་ནས་སྲིད་འཛིན་ལས་ཁུངས་ཀྱི་འཕྲེད་ཕྱོགས་ཀྱི་གྲུབ་ཚུལ་གྲུབ་ཡོད།

སྲིད་འཛིན་ལས་ཁུངས་ཀྱི་གྲུབ་ཚུལ་ལ་ཞིབ་འཇུག་བྱས་ན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་འཕེལ་རྒྱས་འགྲོ་བའི་དགོས་མཁོར་གཞིགས་ནས་སྲིད་འཛིན་ལས་ཁུངས་བཀོད་སྒྲིག་དང་ལེགས་སྒྲིག་འོས་འཚམ་བྱ་རྒྱུ་དང་། དོ་དམ་གྱི་རིམ་པ་དང་དོ་དམ་གྱི་ཚད་གཞི་འོས་འཚམ་ཞིག་འཚོལ་ཞིབ་དང་གསར་འཛུགས་བྱས་ནས་སྲིད་འཛིན་ལས་ཁུངས་ཀྱི་མཐུན་སྦྱོར་དང་ཕན་ནུས་ལྡན་པའི་སྒོ་ནས་སྲིད་འཛིན་དོ་དམ་བྱེད་པར་འགན་ལེན་བྱ་རྒྱུར་ཕན་ཐོགས་ཡོད།

4 ལམ་ལུགས་ཀྱི་རྣམ་པ།

རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་ལམ་ལུགས་ནི་རྒྱལ་ཁབ་ཀྱིས་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ཏེ། ཁྲིམས་བཀོད་གོ་རིམ་བརྒྱུད་ནས་སྲིད་འཛིན་ལས་ཁུངས་གྲུབ་ཚུལ་ཁྲོད་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོའི་བར་གྱི་སྲིད་འཛིན་འབྲེལ་བ་ལམ་ལུགས་ཅན་དུ་འགྱུར་བའི་མཚོན་ཚུལ་ཞིག་ཡིན།

སྲིད་འཛིན་ལས་ཁུངས་ཀྱི་ལམ་ལུགས་ནི་རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་སྤྱི་ཡོངས་ཀྱི་ཕན་ནུས་འགན་ལེན་བྱེད་པའི་ལྟེ་བའི་ལྷུ་ཚིགས་ཤིག་ཡིན། སྤྱིར་བཏང་དུ་གཤམ་གྱི་རྣམ་པ་འགའ་ཡོད།

གཙོ་འཛིན་ལམ་ལུགས་དང་ཨུ་ཡོན་ལྷན་ཁང་ལམ་ལུགས།

སྲིད་གཞུང་རྩ་འཛུགས་ཀྱི་ཁྲིམས་བཀོད་ཀྱི་ཆེས་མཐོ་བའི་སྲིད་འཛིན་ཇུས་གཅོད་དབང་ཆ་དང་འགན་འཁྲི་མི་གཅིག་གིས་འགན་ཁུར་མཁན་ལ་སྤྲད་པ་ཡིན་ཕྱིན། དེར་གཙོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་དང་བསྡུས་མིང་ལ་གཙོ་འཛིན་ལམ་ལུགས་ཟེར། དབང་ཆ་དང་འགན་འཁྲི་དེ་ཨུ་ཡོན་གྲོས་ཚོགས་ལ་ཐུན་མོང་དུ་འགན་འཁུར་མཁན་རྣམས་ལ་སྤྲད་པ་དེར་ཨུ་ཡོན་གྲོས་ཚོགས་ཀྱིས་འགན་འཁུར་བའི་ལམ་ལུགས་ཟེར་ཞིང་། བསྡུས་མིང་ལ་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་ཟེར། གཙོ་འཛིན་ལམ་ལུགས་དང་ཨུ་ཡོན་ལྷན་ཁང་ལམ་ལུགས་སོ་སོར་སྤྱད་འཐུས་ཀྱི་ཁྱབ་ཁོངས་ཡོད། སྤྱིར་བཏང་དུ་བཤད་ན་ལག་བསྟར་གྱི་རང་བཞིན་དང་། ལག་རྩལ་གྱི་རང་བཞིན། འཕྲལ་གཅོད་ཀྱི་རང་བཞིན་བཅས་ལྡན་པའི་ལས་དོན་ཡིན་ཕྱིན་གཙོ་འཛིན་གྱི་ལམ་ལུགས་དང་། བྱ་སྤྱོད་མགྱོགས་ཤིང་ལས་ཆོད་ཆེ་བ་དང་། ཁྲིམས་འཛུགས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཕྱོགས་ལྷུང་རང་བཞིན་བཅས་རིགས་ཀྱི་ལས་དོན་ཡིན་ཕྱིན། ཨུ་ཡོན་ལྷན་ཁང་གི་ལམ་ལུགས་སྤྱོད་པར་འཚམ་ཞིང་། བློ་བསྡུས་དགེ་འཚོལ་ལ་ཕན་ཞིང་། སྒེར་གྱིས་བརྒྱ་ཁ་གཅིག་གཅོད་བྱེད་རིགས་སྔོན་འགོག་བྱ་དགོས།

རིམ་གྲས་ལམ་ལུགས་དང་འགན་ནུས་ལམ་ལུགས།

རིམ་དབྱེའི་ལམ་ལུགས་ལ་བང་རིམ་ལམ་ལུགས་དང་ཚད་རིམ་ལམ་ལུགས་ཀྱང་ཟེར་ཞིང་། སྲིད་གཞུང་གི་རྩ་འཛུགས་གཞུང་ཕྱོགས་སུ་རིམ་པ་འགའ་རུ་དབྱེ་བ་དང་། རིམ་པ་རེ་རེས་དོ་དམ་བྱེད་པའི་ལས་སྒོའི་ངོ་བོ་གཅིག་མཚུངས་ཡིན་ཞིང་། སོ་སོས་དེའི་གོང་རིམ་ལ་འགན་འཁུར་དགོས། འོན་ཀྱང་དེའི་བདག་སྐྱོང་བྱེད་ཁོངས་ཀྱི་རིམ་པ་དང་བསྟུན་ནས་ཇེ་ཆུང་དུ་འགྲོ་བཞིན་ཡོད། འགན་ནུས་ལམ་ལུགས་ཞེས་པ་ནི་སྲིད་གཞུང་རྩ་འཛུགས་མཉམ་པ་དག་སྡེ་ཁག་དུ་མར་དབྱེ་བ་དང་། སྡེ་ཁག་སོ་སོས་དོ་དམ་བྱེད་པའི་ལས་སྒོའི་ནང་དོན་མི་འདྲ་མོད། འོན་ཀྱང་དོ་དམ་བྱེད་པའི་ཁྱབ་ཁོངས་ཕལ་ཆེར་གཅིག་འདྲ་ཡིན་པས། འགན་ནུས་ལམ་ལུགས་ལ་འགན་བགོས་ལམ་ལུགས་ཀྱང་ཟེར། རྒྱུན་དུ། སྲིད་འཛིན་ལས་ཁུངས་ཀྱིས་རིམ་དབྱེའི་ལམ་ལུགས་དང་འགན་ནུས་ལམ་ལུགས་ཟུང་དུ་སྦྲེལ་ནས་བཀོལ་སྤྱོད་བྱེད་པ་དང་། རིམ་དབྱེའི་ལམ་ལུགས་རྨང་གཞིར་བྱས་ཡོད། རིམ་པ་རེ་རེར་ཡང་འགན་ནུས་སྡེ་ཁག་དུ་མ་འཛུགས་པ་དང་། འགན་ནུས་སྡེ་ཁག་ནི་ལས་དོན་སྣ་ཚོགས་ལས་བགོས་འགན་གཉེར་བྱེད་པའི་ལས་ཁུངས་ཁ་ཤས་ཀྱིས་གྲུབ་པ་ཡིན། དེ་ལྟར་བྱས་ན་ལས་བགོས་ལུགས་མཐུན་དང་ཕན་ཚུན་གཞོགས་འདེགས་བྱེད་བདེ་ལ། གཅིག་གྱུར་གྱིས་བཀོད་འདོམས་དང་འགུལ་སྐྱོད་གཅིག་གྱུར་བྱེད་བདེ།

དབང་ཆ་གཅིག་སྡུད་ལམ་ལུགས་དང་དབང་ཆ་བགོ་བའི་ལམ་ལུགས།

དབང་ཆ་གཅིག་སྡུད་ལམ་ལུགས་ཞེས་པ་ནི་སྲིད་འཛིན་དབང་ཆ་གོང་རིམ་ལས་ཁུངས་སུ་གཅིག་སྡུད་བྱས་ཤིང་། འོག་རིམ་ལས་ཁུངས་ལ་རང་བདག་གི་དབང་ཆ་མེད་པའམ་ཡང་ན་ཧ་ཅང་ཉུང་ཉུང་ཡིན་པས། བྱ་བ་མཐའ་དག་གོང་རིམ་ལས་ཁུངས་ཀྱི་མཛུབ་སྟོན་ལྟར་བསྒྲུབ་དགོས། དབང་ཆ་བགོ་བའི་ལམ་ལུགས་ནི་འོག་རིམ་ལས་ཁུངས་ཀྱིས་རང་གི་བདག་སྐྱོང་བྱེད་ཁོངས་སུ་རང་བདག་གིས་ཐག་གཅོད་པའི་དབང་ཆ་ཡོད་པ་དང་། གོང་རིམ་ལས་ཁུངས་ཀྱིས་རང་གི་དབང་མཚམས་སུ་ཐག་བཅད་པའི་དོན་དག་ལ་ཐེ་གཏོགས་མི་བྱེད་པ་ལ་ཟེར། དབང་ཆ་གཅིག་སྡུད་ལམ་ལུགས་དང་དབང་ཆ་བགོ་བའི་ལམ་ལུགས་གཉིས་ཀར་ཕན་གནོད་ཀྱི་ཆ་ངེས་ཅན་ཞིག་ཡོད། ཕན་ཚུན་ཟུང་འབྲེལ་དང་བཀོལ་སྤྱོད་ལུགས་མཐུན་བྱས་ཏེ་སྲིད་བཀའ་གཅིག་གྱུར་ཡོང་བར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འོག་རིམ་ལས་ཁུངས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱ་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།