བསམ་བློ་བཅིངས་འགྲོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསམ་བློ་བཅིངས་འགྲོལ།
བསམ་བློ་བཅིངས་འགྲོལ་ཞེས་པ་ནི་གོམས་གཤིས་ཀྱི་སྟོབས་ཤུགས་དང་རང་སྣང་ཕྱོགས་ཞེན་གྱི་འཆིང་རྒྱ་གཏོར་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པར་ཟེར། བསམ་བློའི་འདུ་ཤེས་དེ་གོམས་གཤིས་རྙིང་པའི་སྟོབས་ཤུགས་ཀྱི་འཆིང་རྒྱ་ལས་སྒྲོལ་བར་བྱས་ཏེ། རང་སྣང་འཇིག་རྟེན་གྱི་བསམ་གཞིགས་འདུ་ཤེས་དང་འགྱུར་ལྡོག་བྱུང་བའི་ཕྱི་རོལ་ཡུལ་གྱི་དོན་དངོས་གཉིས་ཟུང་འབྲེལ་བྱས་ཏེ། “གོམས་གཤིས་ཀྱི་བསམ་གཞིགས”དང“རང་སྣང་གི་ཕྱོགས་ཞེན”དེ་དག་འཕེལ་རྒྱས་དང་འགྱུར་ལྡོག་གཏོང་བའི་ལྟ་བར་བརྟེན་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
解放思想
ངོ་བོ།
གོམས་གཤིས་ཀྱི་སྟོབས་ཤུགས་དང་རང་སྣང་ཕྱོགས་ཞེན་གྱི་འཆིང་རྒྱ་གཏོར་བ།
ཁྲིད་སྟོན།
མ་ཁེ་སི་རིང་ལུགས།
གོ་གནས།
ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་ཀྱི་མཚན་ཉིད་རིག་པའི་རྨང་གཞི་ཡིན།
1 དོན་སྤྱི་དབྱེ་ཞིབ།

བསམ་བློ་བཅིངས་འགྲོལ་ཞེས་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་འོག་གོམས་གཤིས་ཀྱི་སྟོབས་ཤུགས་དང་རང་སྣང་ཕྱོགས་ཞེན་གྱི་འཆིང་རྒྱ་གཏོར་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པར་ཟེར། བསམ་བློ་དང་དོན་དངོས་གཉིས་ཟུང་འབྲེལ་བྱས་ཏེ་རང་སྣང་དང་ཕྱི་རོལ་ཡུལ་གཉིས་དང་མཐུན་པར་བྱེད་རྒྱུ་དེ་ཡིན་ལ། དེ་ནི་དངོས་ཐོག་བདེན་འཚོལ་ཡིན།

བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ནི་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་ཀྱི་མཚན་ཉིད་རིག་པའི་རྨང་གཞི་ཡིན། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་ནི་སྤྱི་མཚན་དུ་གྱུར་པའི་མཚན་ཉིད་རིག་པ་སྟོང་པ་ཞིག་མིན་པར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། ལག་ལེན་ནས་ངོས་འཛིན་དང་ཐ་ན་རིགས་པའི་གཞུང་ལུགས་སུ་འགྱུར་བའི་ཚན་རིག་དང་མཐུན་པའི་མཚོན་བྱེད་ཅིག་ཡིན། མཚན་ཉིད་རིག་པ་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་རིག་གནས་དང་བསམ་བློའི་རང་བཞིན་ཕུན་སུམ་ཚོགས་པོ་ལྡན་པ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་མཛུབ་ཁྲིད་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་རྒྱ་ཁྱབ་ལྡན་པ་དང་། ལག་ལེན་ནས་ངོས་འཛིན་དང་ངོས་འཛིན་ནས་ལག་ལེན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སུ་ཁྱབ་ཡོད།

བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱ་རྒྱུ་ནི་རྩོད་སྒྲུབ་གཅིག་གྱུར་གྱི་གཅིག་འདུའི་ཕུང་པོ་ཞིག་ཡིན་པ་དང་། བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་ནི་དངོས་ཐོག་བདེན་འཚོལ་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ། དངོས་ཐོག་བདེན་འཚོལ་བྱ་རྒྱུ་ནི་བསམ་བློ་བཅིངས་འགྲོལ་གཏོང་རྒྱུའི་ནང་གནས་ཀྱི་བླང་བྱ་ཡིན་པ། དེ་གཉིས་ཕན་ཚུན་སྐུལ་འདེད་གཏོང་རེས་བྱེད་པ་རེད། ངོ་བོའི་ཐོག་ནས་བཤད་ན། བསམ་བློ་བཅིངས་འགྲོལ་གཏོང་བ་ནི་དངོས་ཐོག་བདེན་འཚོལ་ཡིན། ཐོག་མར་བསམ་བློ་བཅིངས་འགྲོལ་བཏང་ན་གཞི་ནས་དངོས་ཐོག་བདེན་འཚོལ་བྱེད་ཐུབ་པ་དང་། དངོས་ཐོག་བདེན་འཚོལ་བྱས་ན། གཞི་ནས་བསམ་བློ་བཅིངས་འགྲོལ་ངོ་མ་གཏོང་ཐུབ། རྩོད་སྒྲུབ་ཀྱི་འབྲེལ་བ་འདིས་ང་ཚོའི་ངོས་འཛིན་དེ་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་དང་། རང་སྣང་དང་ཕྱི་རོལ་ཡུལ་ཕན་ཚུན་གཅིག་གྱུར་བྱས་ན་གཞི་ནས་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡི་ལངས་ཕྱོགས་ཐོག་ཡང་དག་པའི་སྒོ་ནས་ཕྱི་རོལ་ཡུལ་གྱི་དོན་དངོས་ཁོང་དུ་ཆུད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱེད་པའི་ལས་ཀར་སློབ་སྟོན་བསམ་བློ་ཡང་དག་པ་གཏན་འཁེལ་བྱེད་པ། དཔལ་འབྱོར་གྱི་འཐབ་ཇུས་དང་བསྒྱུར་བཅོས་ཀྱི་དམིགས་འབེན་གཏན་འཁེལ་བྱེད་པ། ལག་ལེན་གྱི་མུན་འཐོམས་རང་བཞིན་ཁྱད་བསད་བྱེད་པ། ལས་ཀའི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། རྒྱུན་ཆད་མེད་པར་གནས་ཚུལ་གསར་པ་ངོས་འཛིན་བྱེད་པ། འཚོལ་ཞིབ་བྱེད་པ། གནད་དོན་གསར་པ་ཐག་གཅོད་བྱེད་པ། གསར་གཏོད་བྱེད་པའི་འདི་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་གཏོད་ཐུབ་པ་བཅས་ཀྱི་བླང་བྱ་བཏོན་ཡོད། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱིས་ངོས་འཛིན་བྱས་དོན། གནས་པ་དེས་འདུ་ཤེས་ཐག་གཅོད་པ་དང་། འདུ་ཤེས་ཀྱིས་གནས་པ་ལ་རང་སྟོབས་ཀྱི་ནུས་པ་ཐོན་པ། ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་ཆོས་ཉིད་རང་བཞིན་དང་ནང་གནས་ཀྱི་འབྲེལ་བ་ཁོང་དུ་ཆུད་པར་བརྟེན་ནས་ང་ཚོར་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ངོས་འཛིན་དང་བསྒྱུར་བཀོད་བྱེད་པར་མཛུབ་སྟོན་བྱས་ཤིང་། ང་ཚོས་དར་སྤེལ་གཏོང་བའི་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱས་ཏེ། ཕྱོགས་གཅིག་ནས་ང་ཚོ་རང་ཉིད་ཀྱི་རང་སྣང་འཇིག་རྟེན་བསྒྱུར་བཀོད་དང་། རང་ཉིད་ཀྱི་གོ་རྟོགས་དང་བྱང་ཚད་མཐོ་རུ་གཏོང་དགོས། ང་ཚོའི་བསམ་བློའི་འདུ་ཤེས་ཀྱིས་གོམས་གཤིས་རྙིང་པའི་སྟོབས་ཤུགས་ཀྱི་འཆིང་རྒྱ་དང་གཏོར་བ་དང་། རང་སྣང་འཇིག་རྟེན་གྱི་བསམ་གཞིགས་འདུ་ཤེས་དང་འགྱུར་ལྡོག་བྱུང་བའི་ཕྱི་རོལ་ཡུལ་གྱི་དོན་དངོས་ཟུང་འབྲེལ་བྱས་ཏེ། “གོམས་གཤིས་ཀྱི་བསམ་གཞིགས”དང“རང་སྣང་གི་ཕྱོགས་ཞེན”དེ་དག་འཕེལ་རྒྱས་དང་འགྱུར་ལྡོག་གཏོང་བའི་ལྟ་བར་བརྟེན་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱ་རྒྱུ་དེ་ཡིན། ཕྱོགས་གཞན་ཞིག་ནས་བསམ་བློ་བཅིངས་འགྲོལ་གཏོང་བར་བསྒྱུར་བཅོས་སྒོ་འབྱེད་དང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་གཏིང་རིམ་གྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་དགོས་པ་ལས། དོན་དངོས་འདི་དང་བྲལ་ནས་སྟོང་བཤད་བྱེད་མི་རུང་། གལ་ཏེ་བསམ་བློ་བཅིངས་འགྲོལ་གཏོང་བར་རྣམ་པ་དང་ནང་དོན་བྱེ་བྲག་པ་མེད་ན་སྟོང་གཏམ་ཞིག་ཡིན་པས། དེ་ཉིད་དངོས་ཐོག་བདེན་འཚོལ་མི་བྱེད་པའི་སྤྱོད་ཚུལ་ཞིག་ཡིན་པ་དང་། བསམ་བློ་བཅིངས་འགྲོལ་གཏོང་བར་ཡང་དགོས་ངེས་ཀྱི་དོན་སྙིང་དང་རིན་ཐང་ཤོར་ངེས་རེད། དེ་འདྲ་བྱས་ན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ནོར་འཁྲུལ་ཤོར་ནས་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཡག་པོ་ཤོར་ངེས་རེད།

2 ལོ་རྒྱུས་ཀྱི་དོན་རྐྱེན།

སྤྱི་ལོ1978ལོར། རྩོམ་ཡིག་ཅིག་གིས“ཡིན་ཕྱིན་གཉིས”ཀྱི་ལྷ་སྒྲུང་གཏོར་བ་དང་། བདེན་དོན་ཚད་གཞིའི་གནད་དོན་སྐོར་གྱི་གྲོས་བསྡུར་ཞིག་བསླངས།

སྤྱི་ལོ1977ལོའི་ཟླ7པར། ཏང་ཡོན་རྒན་པ་ཡེ་ཅན་དབྱིན་དང་ལི་ཞན་ཉེན་གཉིས་ཀྱི་གྲོས་གཞི་བཏོན་པ་ལྟར། དགུང་ལོ73ཡིན་པའི་ཏིང་ཞོ་ཕིང་ཐེངས་གསུམ་པར་བསྐྱར་ཐོན་བྱུང་། བློ་མཐུན་ཏེང་ཞའོ་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སོགས་ཀྱི་འགན་བཞེས་པ་རེད། སྐབས་དེར། རང་རྒྱལ་གྱི་ལོ་བཅུའི་ཟིང་ཆ་མཇུག་བསྒྲིལ་ནས་ལོ་གཅིག་ཀྱང་མ་འགོར་བར། བསམ་བློའི་ཁྱབ་ཁོངས་སུ་མི་རྣམས་ལ“གཡོན”ལྷུང་གི་བསམ་པའི་རླབས་རྒྱུན་གྱི་ཤུགས་རྐྱེན་ཐེབས་པའི་དུས་ཡུན་རིང་དྲགས་པས། “མི་བཞི་ཤོག་ཁག”ཐལ་བའི་རྡུལ་དུ་བརླགས་ཀྱང་སྨུག་རྡུལ་སྔར་བཞིན་ཡལ་མེད། ལོ་དེའི་ཟླ2པར། མི་དམངས་ཉིན་རེའི་ཚགས་པར་དང་། བཅིངས་འགྲོལ་དམག་གི་ཚགས་པར། དར་དམར་དུས་དེབ་བཅས་ཀྱིས་མཉམ་འབྲེལ་ཐོག《ཡིག་ཆ་སློབ་སྦྱོང་ཡག་པོ་བྱས་ནས་རྩ་གནད་དམ་འཛིན་བྱ་དགོས》ཞེས་པའི་ཆེད་བརྗོད་སྤེལ་ཏེ། ལུང་འཛིན་རིང་ལུགས་ཀྱི་རྣམ་འགྱུར་ཐོག་ནས་སྤྱི་ཚོགས་ལ་མི་སྒེར་གྱི་རྨོངས་དད“གཡོན”ལྷུང་གི་བསམ་བློ་དྲིལ་བསྒྲགས་མུ་མཐུད་བྱས་པ་རེད། ཆེད་བརྗོད་ཀྱིས་རྒྱལ་ཡོངས་ལ“མའོ་ཀྲུའུ་ཞིས་གཏན་ལ་ཕབ་པའི་ཐབས་ཇུས་ཡིན་ཕྱིན་ང་ཚོས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། མའོ་ཀྲུའུ་ཞིའི་བཀའ་སློབ་ཡིན་ཕྱིན་ང་ཚོས་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུ་དགོས”ཅེས་བསྒྲགས། སྐབས་དེ་དུས་ཚགས་པར་གཉིས་དང་དུས་དེབ་གཅིག་ལ་ཀྲུང་དབྱང་གི་ཡིག་ཆ་དང་གཅིག་མཚུངས་དང་ཐ་ན་དེ་ལས་ཆེ་བའི་ཆབ་སྲིད་ཀྱི་ཤུགས་རྐྱེན་ལྡན་ཡོད། དེ་འདྲ་ཡིན་སྟབས“ཡིན་ཕྱིན་གཉིས”མྱུར་དུ་བགྲོད་པ་དེ་སྤྱི་ཚོགས་ཡོངས་ཀྱིས་ཆབ་སྲིད་ཐོག་གི་ཡིན་མིན་བརྡར་ཤ་གཅོད་པ་དང་བྱ་སྤྱོད་ཐད་ནོར་འཁྲུལ་ཡོད་མེད་བརྡར་ཤ་གཅོད་པའི་གཞི་རྩའི་ཚད་གཞིར་གྱུར་པ་རེད།

“ཡིན་ཕྱིན་གཉིས་ཀྱིས་མི་འགྲིག”ཅེས་པ་ནས“མའོ་ཙེ་ཏུང་གི་དགོངས་པ”བར། བློ་མཐུན་ཏེང་ཞའོ་ཕིན་ཕྱིར་ཕེབས་སྐབས་ནི་རྒྱལ་ཡོངས་གོང་འོག་ཀུན་ཏུ་ངན་ལང་ལོག་དཀའ་བ་དང་ཉམས་པ་ཀུན་གསོ་བྱ་རྒྱུར་སྒུག་པའི་སྐབས་ཡིན་ཕྱིན། “ཡིན་ཕྱིན་གཉིས”ཀྱི་བསམ་བློའི་འཆིང་རྒྱ་ཇི་ལྟར་གཏོར་ཏེ“གཡོན”ལྷུང་གི་ཤུགས་རྐྱེན་ལས་ཐར་བ་དང་། “རིག་གནས་གསར་བརྗེ”ཐག་གཅོད་གང་མགྱོགས་བྱས་ཏེ། ཏང་ཡོངས་ཀྱི་ལྟེ་གནས་ཡང་དག་པའི་བགྲོད་ལམ་ཐོག་བསྒྱུར་བ་དེ་ནི་བློ་མཐུན་ཏེང་ཞའོ་ཕིན་གྱི་མདུན་དུ་ལྷགས་པའི་གནད་དོན་ཞིག་རེད། ཕུལ་དུ་བྱུང་བའི་ཆབ་སྲིད་པ་ཞིག་གི་ངོས་ནས་བཤད་ན། ཏེང་ཞའོ་ཕིང་གི་ཁྱད་དུ་འཕགས་པའི་གནས་ནི་ཁོང་གི་ཐུན་མོང་མ་ཡིན་པའི་བློ་སྟོབས་ལ་བརྟེན་ནས་ཕྱོགས་གཅིག་ནས་ཆབ་སྲིད་ཀྱི་རྒན་རབས་པ་ཁག་གཅིག་དང་མཉམ་འབྲེལ་ཧུར་ཐག་བྱས་ཏེ་ཐབས་མཁས་ཀྱིས་ཁ་ལན་བསློགས་ཤིང་། གྱོད་གཞི་རྫུན་མ། གྱོད་གཞི་ནོར་འཁྲུལ་ཅན་ཁག་ཅིག་ཐག་གཅོད་བྱས་ཏེ། བློ་མཐུན་རྒན་པ་ཁག་ཅིག་བསྐྱར་ལོག་བྱེད་དུ་བཅུག་པ་དང་། ཕྱོགས་གཞན་ཞིག་ནས་སྐབས་དེའི་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགོ་འཛིན་དང་ཀྲུང་དབྱང་ཏང་གི་སློབ་གྲྭས་དུས་རྒྱུན་གྱི་བྱ་བའི་འགོ་འཛིན་བྱས་པའི་སློབ་གཙོ་གཞོན་པ་ཧུའུ་ཡའོ་པང་གི་རམ་འདེགས་འོག ཧུར་བརྩོན་གྱིས་བསམ་བློའི་ཁྱབ་ཁོངས་སུ་ཇི་ལྟར་ཟིང་བཅོས་ཡོ་བསྲང་བྱེད་པར་ཇུས་འགོད་བྱས། སྤྱི་ལོ1977ལོའི་ཟླ8པར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ནང་ཁུལ་གྱི་གཞུང་ལུགས་དུས་དེབ《རིགས་པའི་གཞུང་ལུགས་ཀྱི་འགུལ་རྣམ》གྱི་སྟེང་དུ《ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་སླར་གསོ་དང་དར་སྤེལ་གཏོང་དགོས》ཞེས་པ་སྤེལ་ནས། མི་ལ་ལས“ཡིན་མིན་ལ་ལྟ་བ་དེ་ཕྱི་རོལ་ཡུལ་གྱི་དོན་དངོས་གཞིར་འཛིན་མི་རུང”ཞེས་པ་ལ་སྐྱོན་བརྗོད་བྱས། སྤྱི་ལོ1978ལོའི་ཟླ1པོར། མི་དམངས་ཉིན་རེའི་ཚགས་པར་གྱི《རྩོམ་སྲོལ་དང་ངོས་འཛིན་ལམ་ཕྱོགས》ལས། “ལས་ཀ་བཟང་ངན་དང་ཆུ་ཚད་མཐོ་དམན་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་ནི་ལག་ལེན་ལ་བལྟ་དགོས་སམ་ཡང་ན་དངོས་པོ་གཞན་དག་ལ་བལྟ་དགོས་ཞེས་བཏོན་པ་དང་། ལོ་དེའི་ཟླ3པར། མི་དམངས་ཉིན་རེའི་ཚགས་པར་གྱིས《ཚད་གཞི་གཅིག་མ་གཏོགས་མེད》ཅེས་པའི་རྩོམ་ཡིག་ནང“བདེན་དོན་གྱི་ཚད་གཞི་གཅིག་མ་གཏོགས་མེད། གཉིས་པ་མེད། སྤྱི་ཚོགས་ཀྱི་ལག་ལེན་ཕུད་བདེན་དོན་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གཞན་དག་ཡོད་མི་སྲིད”ཅེས་བཏོན།

དོན་དངོས་ཐོག་ནས་བཤད་ན། གོང་གསལ་རྩོམ་ཡིག་དེར་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་མེད་མོད། འོན་ཀྱང་དེས་བསམ་བློའི“ཚ་སྦྱོང་འགྲན་བསྡུར”ཞིག་དང་འདྲ་བར་ལོ་མང་བཀག་སྡོམ་བྱས་པའི་རང་རྒྱལ་གྱི་སྤྱི་ཚོགས་ལ་བསམ་པའི་ཐོག་གསོན་ཤུགས་བསྣན་ནས་ཁྱབ་ཁོངས་དེ་བས་ཆེ་བ་དང་གཞི་ཁྱོན་དེ་བས་ཆེ་བའི་རིགས་པའི་གཞུང་ལུགས་ཀྱི་གྲོས་བསྡུར་ལ་གླེང་ཕྱོགས་ཀྱི་རྨང་གཞི་བཏིང་ཡོད་ལ། གཞུང་ལུགས་ལས་དོན་པས་ལག་ལེན་གྱི་ཚད་གཞིའི་གནད་དོན་ལ་དེ་བས་གཏིང་ཟབ་པའི་རྗེས་དཔག་གི་བསམ་གཞིག་བྱ་རྒྱུར་སྐུལ་མ་ཐེབས་ཡོད། སྤྱི་ལོ1978ལོའི་ཟླ5པའི་ཚེས10ཉིན་རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ་མང་པོ་ཞིག་རྩོམ་འབྲི་བཟོ་བཅོས་ནང་ཞུགས་པ་དང་། བློ་མཐུན་ཧུའུ་ཡའོ་པང་གིས་དངོས་སུ་ཞིབ་བཤེར་གཏན་འབེབས་བྱས་པའི་རྩོམ་ཡིག《ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན》ཞེས་པ《རིགས་པའི་གཞུང་ལུགས་ཀྱི་འགུལ་རྣམ》ཞེས་པའི་དེབ60པའི་ཐོག་འགྲེམས་སྤེལ་བྱས་པ་དང་། ཕྱི་ཉིན། འོད་ཟེར་ཉིན་རེའི་ཚགས་པར་གྱིས་ཆ་ཚང་བརྒྱུད་འགོད་བྱས། ཉིན་གསུམ་པར་མི་དམངས་ཉིན་རེའི་ཚགས་པར་དང་བཅིངས་འགྲོལ་དམག་གི་ཚགས་པར་གྱིས་ཀྱང་ཆ་ཚང་བརྒྱུད་འགོད་བྱས་པ་དང་། ཞིན་ཧྭ་གསར་འགྱུར་ཁང་གིས་རྒྱལ་ཡོངས་ལ་གློག་འཕྲིན་བཏང་ཞིང་། ཉིན་འགའི་ནང་ཚུན་དུ་རྩོམ་ཡིག་དེ་མགྱོགས་མྱུར་དུ་ཧྲེན་ཀྲོའུ་ལ་བརྒྱུད་བསྒྲགས་བྱས་པ་རེད།

《ལག་ལེན་ནི་བདེན་དོན་ཡིན་མིན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན》ཞེས་པའི་ཡིག་འབྲུ་བདུན་སྟོང་ལྷག་ཙམ་གྱི་ནང་དོན་ཆ་ཚང་ཁག་བཞི་རུ་ཕྱེ་ཡོད་པ་སྟེ། བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ནི་སྤྱི་ཚོགས་ཀྱི་ལག་ལེན་ཁོ་ན་ཡིན་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་མར་ཁེ་སིའི་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་རྩ་དོན་ཞིག་ཡིན། གསར་བརྗེའི་སློབ་དཔོན་ནི་ལག་ལེན་ལ་བརྟེན་ནས་བདེན་དོན་ཞིབ་བཤེར་བྱེད་པའི་མིག་དཔེ་ཡིན། རིགས་པའི་གཞུང་ལུགས་གང་ཞིག་ཡིན་རུང་ཚང་མས་ལག་ལེན་གྱི་ཞིབ་བཤེར་རྒྱུན་ཆད་མེད་པར་དང་ལེན་བྱ་དགོས། རིག་གཞུང་གི་ངོས་ནས་བཤད་ན། རྩོམ་ཡིག་དེའི་ནང་བཤད་པ་ནི་ཆེས་གཞི་རྩར་གྱུར་པའི་མཚན་ཉིད་རིག་པའི་གནས་ལུགས་ཤིག་ཡིན་པ་ལས་རིགས་པའི་གཞུང་ལུགས་ཀྱི་ནང་དོན་གསར་པ་མེད་མོད། འོན་ཀྱང་དེས་རང་རྒྱལ་གྱི་བདེན་དོན་གྱི་གནད་དོན་ཐད་ཀྱི་ལུང་འཛིན་རིང་ལུགས་ཀྱི“སྲོག་ལ་ཐུག་པའི”རྐྱེན་གྱིས། མི་རྣམས་ཀྱིས“ཡིན་ཕྱིན་གཉིས”ལ་འཛིན་པའི་སྤྱོད་ཚུལ་མི་འདྲ་བར་ཕོག་ཐུག་བཏང་བས། དོན་དངོས་ཀྱི་དམིགས་གཏད་རང་བཞིན་ཆེན་པོ་ལྡན་པ་རེད། རྩོམ་ཡིག་དེ་ཐོན་མ་ཐག་རྒྱལ་ཡོངས་ཧང་སངས་ཤིང་། བདེན་དོན་གྱི་ཚད་གཞིའི་གནད་དོན་ལ་དམིགས་ནས་གྲོས་བསྡུར་བྱས་པ་བརྒྱུད་ཏང་ཕྱི་ནང་དུ་ཡོངས་བསྒྲགས་ངང་སྤེལ་བ་རེད། “ཡིན་ཕྱིན་གཉིས”ཀྱི་ཐད་མི་རྣམས་ཀྱི་བསམ་བློའི་ལངས་ཕྱོགས་མི་འདྲ་བ་དེས་ཆབ་སྲིད་ཀྱི་སྤྱོད་ཚུལ་མི་འདྲ་བ་གཉིས་རང་ཤུགས་སུ་གྲུབ་ཡོད། བརྒྱུད་རིམ་ལ་རྙོག་བཤད་བྱེད་མི་དགོས། ཐེངས་འདིའི་གྲོས་བསྡུར་དང་འཐབ་རྩོད་མཇུག་མཐར“གཡོན”ལྷུང་གི་ཕྱོགས་ཁག་ཕམ་པར་གྱུར་པ་དང་། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་མཇུག་བསྒྲིལ་བ་དང་། ལྷག་པར་དུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“གྲལ་རིམ་འཐབ་རྩོད་ཀྱིས་རྐང་བྱེད་པའི”ནོར་འཁྲུལ་གྱི་བྱེད་ཕྱོགས་དོར་ནས། “ཡིན་ཕྱིན་གཉིས”ལ་དགག་པ་བརྒྱབ་པ་དང་། བདེན་དོན་གྱི་ཚད་གཞིའི་གནད་དོན་ལ་གྲོས་བསྡུར་ཆེན་པོ་བྱས་པར་གདེང་འཇོག་ཆེན་པོ་བྱས་པ། ཏང་ཡོངས་ལ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱ་དགོས་པའི་འབོད་སྐུལ་བཏང་བ། མར་ལེ་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པའི་ཡོངས་ཁྱབ་ཀྱི་རྩ་བའི་རིགས་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་པར་མ་ཟད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་འཕེལ་རྒྱས་ཀྱང་བཏང་བ་རེད། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་རང་རྒྱལ་གྱི་སྤྱི་ཚོགས་སུ་སྔར་བྱུང་མྱོང་མེད་པའི་འཁྲུག་ཆ་དོད་པ་དང་སྒྱུར་བཅོས་སྒོ་དབྱེར་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། དཔལ་འབྱོར་ཁྱབ་ཁོངས་སུ“ཞའོ་ཀང་གྲོང་ཚོའི་སྒྱུར་བཅོས”དེ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་དང་མི་དམངས་ཀུང་ཧྲེ་ཁ་ཐོར་དུ་སོང་ནས་ཤང་གྲོང་ཁེ་ལས་ཀྱི་སྟོབས་ཤུགས་གསར་པ་གློ་བུར་དུ་ཐོན་ཡོད། རིག་གནས་ཁྱབ་ཁོངས་སུ་བརྩམས་སྒྲུང་གི་ཕུལ་བྱུང་བརྩམས་ཆོས་ཟམ་མི་ཆད་པར་ཐོན་པ་དང་མཛེས་རྩལ་ཟློས་གར་གྱི་རླབས་རྒྱུན་གསར་པ་འཕྱུར་བ་དང་བསམ་བློ་སྣ་ཚོགས་གདོང་ཐུག་ཡང་ཡང་བྱུང་ཡོད། བསམ་བློ་བཅིངས་འགྲོལ་ཆེན་པོ་ཞིག་བཏང་བས་སྤྱི་ཚོགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཕྱོགས་ཡོངས་ནས་བཅིངས་འགྲོལ་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་བཏང་ཡོད།

སྤྱི་ལོ1992ལོའི་ཟླ1པོར། དགུང་ལོ88ལ་སོན་པའི་བློ་མཐུན་ཏེང་ཞའོ་ཕིན་གྱིས་ཝུའུ་ཁྲང་དང་། ཧྲེན་ཀྲེན། ཀྲུའུ་ཅང་བཅས་སུ་ཕེབས་ནས་བཅོས་བསྒྱུར་་སྒོ་འབྱེད་ཁྲོད་ཀྱི་གནད་དོན་སྐོར་ལ་གསུང་བཤད་གནང་། ཏེང་ཞའོ་ཕིང་གིས་གསུངས་དོན། “བཅོས་བསྒྱུར་སྒོ་འབྱེད་ཀྱི་གོམ་པ་སྤོ་མི་ཐུབ་པ་དེ་ཕར་བཤད་ཚུར་བཤད་བྱས་ན། མ་རྩའི་རིང་ལུགས་ཀྱི་རིགས་ཇེ་མང་དུ་འགྲོ་བར་སྐྲག་པ་དང་། མ་རྩའི་རིང་ལུགས་ཀྱི་ལམ་བུར་བསྐྱོད་ན། གཙོ་གནད་ནི་རུས‘མ་རྩ་’ཡིན་ནམ་ཡང་ན‘སྤྱི་ཚོགས’ཡིན་པའི་གནད་དོན་རེད། བརྡར་ཤ་གཅོད་པའི་ཚད་གཞི་དེ་གཙོ་བོ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བར་ཕན་ཐོགས་ཡོད་མེད་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་མེད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད་མེད་བཅས་ལ་བལྟ་དགོས། “ཕན་པ་གསུམ”གྱིས་རྒྱལ་ཡོངས་ལ་གཡོ་འགུལ་ཐེབས་ཤིང་། དེས་མི་རྣམས་ཀྱིས་ལོ་མང་པོའི་རིང་བཀག་སྡོམ་བྱས་པའི་བསམ་བློའི་བཀག་རྒྱ་གཏོར་བ་དང་། ཀྲུང་གོའི་ལོ་ངོ་མང་པོའི་རིང་གི་བཅོས་བསྒྱུར་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ། བསམ་བློར་ཡང་བསྐྱར་བཅིངས་འགྲོལ་ཆེན་པོ་ཐོབ་པར་ཐབས་ལམ་གསལ་སྟོན་བྱས་ཡོད། “ཤར་ཕྱོགས་རླུང་འཚུབ་ནས་དཔྱིད་དཔལ་རབ་ཏུ་བཞད་པའི”སྐབས་དེར་རྒྱལ་ཡོངས་ཀྱི་ཏང་ཨུད་ཚང་མས་དེ་འགོ་བརྗོད་དུ་བྱས་ནས་ཏེང་ཞའོ་ཕིང་གིས་དམིགས་བསལ་སྲིད་འཛིན་ཁུལ་དུ་ལྟ་ཞིབ་ལས་དོན་གྱི་གསར་འགྱུར་རིང་པོ་ཞིབ་ཕྲ་བཀོད་ཡོད། ཏེང་ཞའོ་ཕིང་གིས་ལྷོ་སྐོར་གླེང་མོལ་གནང་རྗེས། རང་རྒྱལ་གྱི་ཁྲོམ་རའི་དཔལ་འབྱོར་བཙུགས་པ་དང་། མ་རྐང་འཛིན་ཤོག་དེ་ཧྲེན་ཀྲེན་དུ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་དང་། མཚོ་རྒྱུད་དང་། གཙང་རྒྱུད། འགྲམ་རྒྱུད་སྒོ་འབྱེད་བཅས་ཀྱི་དཔལ་འབྱོར་རྣམ་པ་རིམ་བཞིན་ཆགས་པ། སྐམ་ས་ཁུལ་དུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ལྟེ་བར་བྱས་པའི་རིམ་པ་མང་བ་དང་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་ཡང་རིམ་བཞིན་བཙུགས། ཀྲུང་གོའི་དཔལ་འབྱོར་ཧྲིལ་པོ་མགྱོགས་མྱུར་འཕར་བ་དང་གསོན་ཉམས་ལྡན་པའི་རྣམ་པ་ཞིག་མངོན་ཡོད།

སྤྱི་ལོ1989ལོའི་ལོ་སྨད་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་གནས་བབ་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒྱལ་ནང་དུ་ཡང་བསྐྱར་བསམ་བློའི་རྩོད་གླེང་བྱུང་སྟེ། བཅོས་བསྒྱུར་སྒོ་འབྱེད་བསྡུ་དགོས་པ་དང་། གྲལ་རིམ་འཐབ་རྩོད་དམ་འཛིན་བྱ་དགོས་པའི་དོགས་གནད་དེ་སྤྱི་ཚོགས་སུ་ཡོད་པ་མ་ཟད། ཏང་ནང་དུའང་མང་པོ་ཡོད་པར་འདོད་ཡོད། སྐབས་དེར། ལོ་མང་བོའི་རིང་གི“གཡོན”ལྷུང་གི་བསམ་བློར་མགོ་བོ་འདེགས་པའི་བར་སྟོང་ཡོད་པས། གོ་སྐབས་བཟུང་ནས་ཡང་ཡོང་བ་རེད། སྤྱི་ལོ1990ལོའི་ཟླ2པར།《འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་ལ་ངོ་རྒོལ་བྱ་རྒྱུའི་སྐོར》ཞེས་པའི་རྩོམ་ཡིག་ཅིག་པེ་ཅིན་གྱི་ཚགས་པར་ག་གེ་མོ་ཞིག་ཏུ་སྤེལ་ཞིང་། རྩོམ་ཡིག་དེའི་ནང་དུ་རྩ་བའི་རང་བཞིན་ལྡན་པའི་སྒོ་ནས“མ་རྩ་རིང་ལུགས་སུ་བསྒྱུར་བར་བསྒྱུར་བཅོས་བྱ་རྒྱུ་ཁྱབ་སྤེལ་གཏོང་རྒྱུ་ཡིན་ནམ། ཡང་ན་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་ཁྱབ་སྤེལ་གཏོང་རྒྱུ་ཡིན”ཞེས་དྲི་བ་བཏོན་པ་རེད། དེ་ཡང་ལོ་དེར་ཤུགས་རྐྱེན་ཐེབས་པའི་དུས་དེབ་ཅིག་གིས་སྐབས་དང་པོར་སྤེལ་བའི《གཞི་རྩའི་རྩ་དོན་བཞི་ཡིས་བསྒྱུར་བཅོས་བྱེད་པར་མཛུབ་སྟོན་དང་ཚད་ལྡན་དུ་གཏོང་བ》ཞེས་པའི་རྩོམ་ཡིག་ཏུ་བསྟན་དོན། སྒེར་གཉེར་དཔལ་འབྱོར་དང་ཁེར་རྐྱང་དཔལ་འབྱོར“གལ་ཏེ་རང་དགར་འཕེལ་དུ་བཅུག་ན། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལ་ཕོག་ཐུག་བཟོ་ངེས་ཡིན།” ལོ་དེའི་ཟླ7པར། པེ་ཅིན་ཚགས་པར་ག་གེ་མོས《སྤྱི་ཚོགས་རིང་ལུགས་ཀྱིས“གསལ་བཤད་བྱེད་མི་ཐུབ”ཞེས་སུ་ཞིག་གིས་བཤད》ཅེས་གླེང་བའི་རྩོམ་ཡིག་སྤེལ་ཏེ། མདུང་རྩེ་ཐད་ཀར་སྐབས་དེར་དར་ཆེ་བའི“ཆུ་ལ་དཔགས་ནས་རབ་རྒྱག་པ”དང“ཞི་ལ་ནག་པོ་དང་ཞི་ལ་དཀར་པོ”ཞེས་པའི་གཞུང་ལུགས་ལ་གཏད། ད་དུང“ཝུན་ཏི”ཞེས་མིང་བཀོད་པའི《སྤྱི་ཚོགས་རིང་ལུགས་ཀྱིས་ཀྲུང་གོ་སྐྱོབ་ཐུབ》ཅེས་པའི་རྩོམ་ཡིག་ཅིག་ཡོད་པ་དེ་དུས་དེབ་ག་གེ་མོའི་སྟེང་བརྒྱུད་འགོད་བྱེད་བཞིན་ཡོད། དེ་ལྟར་རུས“སྤྱི་ཚོགས”དང“མ་རྩའི”རྩོད་གླེང་ཐོག“གཡོན”ལྷུང་སྟོབས་ཤུགས་ཀྱིས་སྐབས་ཤིག་རིང་སྐད་ཅོར་ཆེན་པོ་བརྒྱབ། བསམ་བློའི་ཐོག་ཟང་ཟིང་བྱུང་བ་དེས་ཐོན་སྐྱེད་ཐོག་འཕེལ་མེད་དང་དཔལ་འབྱོར་མར་ཆག་ངེས་རེད། སྐབས་དེར་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་གྱི་འཕེལ་རྒྱས་མྱུར་ཚད་ནི5%གཡས་གཡོན་ཡིན། འོན་ཀྱང་གླེང་ཕྱོགས་ཀྱིས་ཀྱང་ལྡོག་ཕྱོགས་སུ་སྐྱོད་པའི་གནས་ཚུལ་ཡོད། སྤྱི་ལོ1991ལོའི་དཔྱིད་གསར་དུས་ཆེན་གྱི་ཉིན་དང་པོར། ཧྲང་ཧའེ་བཅིངས་འགྲོལ་ཉིན་རེའི་ཚགས་པར་གྱིས་རྒྱལ་ཡོངས་སུ་ཧང་སང་དགོས་པའི《བཅོས་བསྒྱུར་སྒོ་འབྱེད་བྱེད་པའི“སྣེ་ཁྲིད་མཁན”བྱེད་རྒྱུ》ཞེས་པའི་དཔྱད་བརྗོད་རྩོམ་ཡིག་སྤེལ། དཔྱད་བརྗོད་འདིས་རྣོ་ངར་གྱི་སྐད་ཆའི་ཐོག་ནས་གནོན་ཤུགས་གཏོར་བ་དང་། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་བཅོས་བསྒྱུར་ལ་གླུ་གཞས་གཏོང་བ་དང་། བཅོས་བསྒྱུར་ལ་སྐུལ་སློང་བྱས།  “སེམས་ཁྲལ་ཇི་ལྟར་སེལ་རྒྱུ། བཅོས་བསྒྱུར་ཁོ་ན་བྱེད་དགོས”ཞེས་པ་ནི་རྩོམ་འདིར་ཐོག་མཐའ་བར་གསུམ་དུ་ལྟེ་བར་གྱུར་པའི་བསམ་བློ་ལག་བསྟར་བྱེད་པ་དེ་རེད། དེ་རྗེས《བཅོས་བསྒྱུར་སྒོ་འབྱེད་བྱེད་པར་བསམ་ཕྱོགས་གསར་པ་དགོས》དང་།《བཅོས་བསྒྱུར་རྒྱ་ཆེར་གཏོང་རྒྱུའི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་དགོས》《བཅོས་བསྒྱུར་སྒོ་འབྱེད་བྱེད་པར་སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་པ་འབོར་ཆེན་དགོས》བཅས་རྩོམ་ཡིག་གསུམ་བསྟུད་མར་སྤེལ། ཧོང་ཕུའུ་ཅང་གཙང་པོའི་འགྲམ་གྱི་སྐད་ལ་མྱུར་དུ་ཏང་ཕྱི་ནང་ནས་ཡོང་བའི་མི་འཐད་པ་དག་གིས་དགག་པ་བརྒྱབ་པ་དང་། ཚགས་པར་ཆེ་གྲས་ཀྱི་དུས་དེབ་ཆེ་གྲས་ཁ་ཤས་ཐོག་གཅིག་རྗེས་གཉིས་མཐུད་ཀྱིས་རྩོམ་ཡིག་སྤེལ་ནས། རྒོལ་གཏམ་གཏོང་བའི་སྐད་སྒྲས་རྣ་བར་མི་ཆད་ཞིང་། རྒོལ་གཏམ་གཏོང་བའི་གནད་མདོ་ནི《བཅོས་བསྒྱུར་སྒོ་འབྱེད་བྱེད་པར་རུས“སྤྱི་ཚོགས”དང“མ་རྩ”ཞེས་མ་དྲིས་ན་ཆོག་གམ》 《ཐ་ཤལ་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ལྟ་ཚུལ་ནི་གནོད་པ་ཧ་ཅང་ཆེན་པོ་ཡོད》ཞེས་པ་སོགས་ཀྱི་རྩོམ་ཡིག་གི་ཁ་བྱང་ཐོག་ནས་མཐོང་ཐུབ། དེའི་ནང་ནས་ཆེས་མངོན་གསལ་དོད་ཤོས་ནི། སྤྱི་ལོ1991ལོའི་ཟླ12པར།“གཡོན”ལྷུང་གི་བསམ་བློ་སྣ་ཚོགས་གཅིག་ཏུ་བསྡུས་པའི་རྩོམ་ཡིག《སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་ལྟ་བ་འཛུགས་པའི་སྐོར་གྱི་གནད་དོན་བདུན》ཞེས་པ་དེ་པེ་ཅིན་གྱི་དུས་དེབ་ཞིག་ཏུ་ཐོན་ཞིང་། རྩོམ་ཡིག་དེ་བསྒྱུར་བཅོས་ཀྱི་དམིགས་ཡུལ་དང་། ཚད་གཞི། ལས་འགན། ཁ་ཕྱོགས་སོགས་ཀྱི་ཐད་ནས་ཕྱོགས་ཡོངས་ནས་ཕར་རྒོལ་བྱས་ཏེ།“གཡོན”དང“གཡས”ཀྱི་རྩོད་པ་དེ་མཐོ་རླབས་སུ་འཕར།

3 འབྲེལ་ཡོད་གསུང་བཤད།
3_1 མའོ་ཙེ་ཏུང་གི་གསུང་བཤད།

འཛམ་གླིང་ཡོངས་གནའ་སྔ་མོ་ནས་བཟུང་། ཡོན་ཏན་དང་བྱ་དངོས་གང་ཡང་མ་ལུས་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། སའི་གོ་ལ་ནི་འཕེལ་རྒྱས་འགྲོ་བཞིན་ཡོད། ཉི་མ་ནི་འཕེལ་རྒྱས་འགྲོ་བཞིན་ཡོད། འདི་ནི་འཛམ་གླིང་ཡིན། འཕེལ་རྒྱས་གཏོང་མཚམས་བཞག་ན་འཛམ་གླིང་མིན། བྱ་དངོས་ཡོད་ཚད་ལ་མགོ་མཇུག་ཡོད། ཚད་མེད་པ་གཉིས་ཡོད་དེ། དུས་ཚོད་དང་བར་སྟོང་ལ་ཚད་མེད། ཚད་མེད་པ་ནི་ཚད་ཡོད་པ་ལས་གྲུབ་པ་ཞིག་ཡིན་ཞིང་། བྱ་བ་སྣ་ཚོགས་ནི་རིམ་བཞིན་འཕེལ་རྒྱས་དང་རིམ་བཞིན་འགྱུར་ལྡོག་བྱུང་བ་ཞིག་རེད། དེ་དག་བཤད་དོན་ནི་བསམ་བློ་བཅིངས་འགྲོལ་བཏང་ནས་བསམ་བློ་འཁྲུག་པོ་ཡོང་བ་བྱེད་པའི་ཆེད་དུ་ཡིན། ཀླད་པ་གཏན་ཁེལ་བྱས་ན་ཉེན་ཁ་ཧ་ཅང་ཆེ། ལས་བྱེད་པར་སློབ་གསོ་རྒྱག་དགོས་ན། ཀྲུང་དབྱང་དང་། ཞིང་ཆེན། ས་ཁུལ། རྫོང་བཅས་རིམ་པ་བཞིའི་ལས་བྱེད་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཞིང་། མ་ལག་ཚང་མ་ཚུད་ཡོད། བསམ་བློ་མང་ཙམ་གཏོང་དགོས། རྩོམ་ཡིག་ཨུ་ཚུགས་མཐའ་སྐྱེལ་གྱིས་བློར་མི་འཛིན་པར་བསམ་བློ་འཁྲུག་པོ་ཡོང་བར་བྱ་དགོས།

3_2 ཏེང་ཞའོ་ཕིན་གྱི་གསུང་བཤད།

བསམ་བློ་བཅིངས་འགྲོལ་དང་། བསམ་བློ་འཁྲུག་པོར་ཡོང་བ་བྱེད་པ། དངོས་ཐོག་བདེན་འཚོལ། མཐུན་སྒྲིལ་གཅིག་གྱུར་གྱིས་མདུན་ཕྱོགས་སུ་ལྟ་ན་ཐོག་མར་བསམ་བློ་བཅངས་འགྲོལ་གཏོང་དགོས། བསམ་བློ་བཅིངས་འགྲོལ་བཏང་ན་ང་ཚོས་གཞི་ནས་ཡང་དག་པའི་སྒོ་ནས་མར་ལེའི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་སློབ་སྟོན་དུ་བཟུང་ནས་སྔོན་ཆད་ལུས་ཡོད་པའི་གནད་དོན་རྣམས་ཐག་གཅོད་ཐུབ་པ་དང་། གསར་དུ་ཐོན་པའི་གནད་དོན་རབ་དང་རིམ་པ་རྣམས་ཐག་གཅོད་ཐུབ། ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བར་མི་མཐུན་པའི་ཐོན་སྐྱེད་ཀྱི་འབྲེལ་བ་དང་སྟེང་གི་བཀོད་པ་བསྒྱུར་བཅོས་ཡང་དག་པར་བྱེད་དགོས། རང་རྒྱལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་དེང་རབས་ཅན་བཞི་མངོན་དུ་འགྱུར་བར་བྱེད་པའི་འགྲོ་ལམ་དང་། བྱེད་ཕྱོགས། ཐབས་ཤེས། བྱེད་ཐབས་བཅས་ཞིབ་ཕྲ་གཏན་ཁེལ་བྱེད་དགོས།

ཏང་ཞིག་དང་། རྒྱལ་ཁབ་ཅིག མི་རིགས་ཤིག་བཅས་ལ་ཆ་བཞག་ན། གལ་ཏེ་བྱ་བ་གང་བྱེད་ཚང་མ་ལུང་འཛིན་དུ་བཟུང་བ་དང་། བསམ་བློ་རེངས་པོར་གྱུར་བ་དང་རྨོངས་དད་ཀྱིས་མྱོས་པ་ཡིན་ན། དེ་མདུན་དུ་སྐྱོད་མི་ཐུབ་པ་དང་། དེའི་སྐྱེ་སྟོབས་ཉམས་ནས་ཏང་དང་རྒྱལ་ཁབ་ཡང་རྩ་སྟོངས་འགྲོ་ངེས་རེད། དེ་ནི་བློ་མཐུན་མའོ་ཙེ་ཏུང་གིས་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་ནང་ཡང་ནས་ཡང་དུ་གསུངས་པ་ཞིག་ཡིན། བསམ་བློ་བཅིངས་འགྲོལ་གཏོང་བ་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། བྱ་བ་གང་བྱེད་དོན་དངོས་གཞིར་འཛིན་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་བཅས་བྱས་ན་ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དེ་གཞི་ནས་བདེ་བླག་ངང་བྱེད་ཐུབ་པ་དང་། ང་ཚོའི་ཏང་གི་མར་ལེའི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱང་གཞི་ནས་བདེ་བླག་ངང་འཕེལ་རྒྱས་ཡོང་ཐུབ། དོན་སྙིང་དེའི་ཐོག་ནས་བཤད་ན་བདེན་དོན་ཡིན་མིན་གྱི་ཚད་གཞིའི་གནད་དོན་སྐོར་གྱི་རྩོད་གླེང་ནི་དངོས་འབྲེལ་བསམ་བློའི་ལམ་ཕྱོགས་ཀྱི་གནད་དོན་ཞིག་དང་། ཆབ་སྲིད་ཀྱི་གནད་དོན་ཞིག ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་སྐལ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་བཅས་རེད། ཏང་ནང་དང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་གནད་དོན་ལ་བསམ་བློ་གཏོང་མཁན་ཇི་ཙམ་མང་བ་བྱུང་ན། ང་ཚོའི་བྱ་གཞག་ལ་ཕན་ཐོགས་དེ་ཙམ་གྱིས་ཆེ་བ་ཡོང་གི་རེད། གསར་བརྗེ་དང་འཛུགས་སྐྲུན་གང་བྱེད་ཚང་མར་བསམ་གཞིགས་བྱེད་ཕོད་པ་དང་། འཚོལ་ཞིབ་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་གདོང་མཆོང་དཔའ་བོ་ཁག་གཅིག་ཡོད་དགོས། གདོང་མཆོང་དཔའ་བོ་འབོར་ཆེན་དེ་འདྲ་ཞིག་མེད་ན་ང་ཚོ་དབུལ་ཕོངས་དང་རྗེས་ལུས་ཀྱི་གནས་ཚུལ་ལས་ཐར་ཐབས་མེད་ལ། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཀྱི་རྗེས་ཟིན་ཐབས་དང་དེ་ལས་བརྒལ་ཐབས་དེ་བས་ཀྱང་མེད་པ་རེད། ང་ཚོས་རིམ་པ་ཁག་གི་ཏང་ཨུ་དང་ཏང་ཀྲི་པུའུ་ཚང་མས་ཏང་ཡོན་དང་མང་ཚོགས་ཀྱིས་བསམ་གཞིགས་བྱེད་ཕོད་པ་དང་། འཚོལ་ཞིབ་བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ་བཅས་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས་པ་དང་། ཚང་མས་མང་ཚོགས་ཀྱིས་བསམ་བློ་བཅིངས་འགྲོལ་དང་སྒོ་འབྱེད་པར་སྐུལ་འདེད་གཏོང་བའི་ལས་ཀ་བྱ་དགོས་པའི་རེ་བ་བྱེད་ཀྱི་ཡོད།

ང་ཚོས་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ནས་སྟོང་བསམ་གྱི་སྤྱི་ཚོགས་རིང་ལུགས་སུ་ཕྱིར་ལོག་མི་སྲིད་ལ། མར་ཁེ་སིའི་རིང་ལུགས་ལོ་བཅུ་ཕྲག་ཁ་ཤས་སམ་ལོ་བརྒྱ་ལྷག་ཙམ་སྔོན་གྱི་ཆོད་གཏམ་རེ་གཉིས་ཀྱི་ཆུ་ཚད་ཐོག་རང་འཇགས་སུ་སྡོད་མི་སྲིད། དེར་བརྟེན་ང་ཚོས་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་ནི་མར་ལེའི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པའི་གཞི་རྩའི་རྩ་བའི་རིགས་པ་བེད་སྤྱད་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱ་རྒྱུ་དེ་ཡིན་ཞེས་ཡང་ནས་ཡང་དུ་བཤད་པ་ཡིན།

ང་ཚོས་དེང་རབས་ཅན་བཞི་ལག་ལེན་བྱེད་སྐབས་བསམ་བློ་བཅིངས་འགྲོལ་མ་བཏང་ན་མི་འགྲིག བསམ་བློ་བཅིངས་འགྲོལ་གཏོང་དགོས་ཞེས་པ་དེ་གང་ཡིན་ཞེ་ན། ང་ཚོས་བསམ་བློ་བཅིངས་འགྲོལ་གཏོང་དགོས་ཞེས་བཤད་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་འོག་གོམས་གཤིས་ཀྱི་ཤུགས་ངན་དང་རང་སྣང་ཕྱོགས་ཞེན་གྱི་འཆིང་རྒྱ་གཏོར་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པར་ཟེར། བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དེ་གཞི་རྩའི་རྩ་དོན་བཞིའི་འགྲོ་ལམ་དང་གཏན་ནས་འབྲལ་མི་རུང་བ་དང་། ལྷིང་འཇགས་མཐུན་སྒྲིལ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཆབ་སྲིད་ཀྱི་གནས་ཚུལ་ལ་གནོད་སྐྱོན་གཏན་ནས་གཏོང་མི་རུང་། གནད་དོན་འདིར་ཏང་ཡོངས་ཀྱིས་ངོས་འཛིན་གཅིག་གྱུར་ཡོང་བ་བྱ་དགོས། བསམ་བློ་བཅིངས་འགྲོལ་གཏོང་བ་ནི་བསམ་བློ་དང་དོན་དངོས་གཉིས་ཟུང་འབྲེལ་བྱེད་པ་དང་། རང་ངོས་དང་ཕྱི་རོལ་ཡུལ་གཉིས་ཟུང་འབྲེལ་བྱེད་པ་ནི་དངོས་ཐོག་བདེན་འཚོལ་ཡིན། ཕྱིན་ཆད་ལས་ཀ་མཐའ་དག་གི་ནང་དུ་དངོས་ཐོག་བདེན་འཚོལ་དངོས་འབྲེལ་མཐའ་འཁྱོངས་བྱེད་དགོས་ན། ངེས་པར་དུ་མུ་མཐུད་ནས་བསམ་བློ་བཅིངས་འགྲོལ་གཏོང་དགོས། བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དེ་མཐར་སོན་པ་དང་། ཐ་ན་ཚད་ལས་བརྒལ་བ་རེད་སྙམ་ན་མི་འགྲིག་པ་ཧ་ཅང་གསལ་པོ་རེད།

བཅོས་སྒྱུར་སྒོ་འབྱེད་ཀྱི་བློ་ཁོག་ཆེ་ཙམ་དགོས་པ་དང་ཚོད་ལྟ་བྱེད་ཕོད་པ་དང་། རྐང་པ་ཆུང་བའི་བུད་མེད་དང་འདྲ་བར་བྱེད་མི་རུང་། གཏན་འཁེལ་བྱུང་ན་བློ་ཁོག་ཆེན་པོས་ཚོད་ལྟ་དང་བློ་ཁོག་ཆེན་པོས་མཆོང་དགོས། ཧྲེན་ཀྲེན་གྱི་ཉམས་མྱོང་གལ་ཆེན་ནི་མཆོང་ཕོད་པ་དེ་རེད། མཆོང་བསྐྱོད་ཀྱི་སྙིང་སྟོབས་དང་། ཉེན་ཁ་བརྒྱུད་པའི་སྙིང་སྟོབས་ཏིལ་འབྲུ་ཙམ་ཡང་མེད་པ། ངར་ཤུགས་གང་ཡང་མེད་པ་ཡིན་ན་ལམ་ཡག་པོ་ཞིག་གཏོད་མི་ཐུབ་པ། ལམ་གསར་པ་ཞིག་གཏོད་མི་ཐུབ་ན་བྱ་གཞག་གསར་པ་ཞིག་གཏོད་མི་ཐུབ།

3_3 ཧུའུ་ཅིན་ཐའོ་ཡི་གསུང་བཤད།

“བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་ནི་ཏང་གི་བསམ་བློའི་ལམ་ཕྱོགས་ཀྱི་ངོ་བོའི་རེ་བ་ཞིག་དང་ང་ཚོས་མདུན་སྐྱོད་ལམ་བུའི་ཐོག་གི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་སྣ་ཚོགས་ལ་ཁ་གཏད་པ་དང་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་ནོར་བུ་ཞིག་རེད”

“བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་ཐབས་མཆོག་ཅིག་དང་བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན”

“སྒྱུར་བཅོས་གསར་གཏོད་ནི་བསམ་བློ་བཅིངས་འགྲོལ་དང་། བློ་རྩ་བརྟན་པོས་གསར་གཏོད། གསར་གཏོད་ཡར་བརྩོན་བཅས་མཐའ་འཁྱོངས་བྱས་ནས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དེ་ཡིན”


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-17

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།