སློབ་ཚན་འཛུགས་སྐྲུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སློབ་ཚན་འཛུགས་སྐྲུན།
སློབ་ཚན་འཛུགས་སྐྲུན་ནི་སློབ་ཚན་གསར་སྤེལ་བྱ་རྒྱུ་དེ་ཡིན་ཞིང་། རིག་གནས་དང་བསམ་བློའི་ཁྱེར་སོ་དང་མཐུན་པའི་ས་གནས་སློབ་ཚན་གསར་སྤེལ་བྱ་རྒྱུ་དང་སློབ་ཚན་གྱི་ནང་དོན་གདམ་གསེས་དང་རྣམ་པ་གང་ཅིའི་ཐད་ནས་ཁྱད་ཆོས་ཡོད་པའི་འཁྲིད་ཐབས་གསར་བ་ཞིག་དར་སྤེལ་གཏོང་དགོས།
གཞི་རྩའི་གནས་ཚུལ།

རིགས།
སློབ་གསོ་རིག་པ།
དམིགས་ཡུལ།
སློབ་ཚན་འཛུགས་སྐྲུན།
1 ནང་དོན།

དུས་རབས་ཉེར་ཉི་ཤུའི་ལོ་རབས་དྲུག་ཅུའི་ནང་དེང་རབས་ཨ་མེ་རི་ཁའི་འཆད་འགྲེལ་མིའི་རིགས་རིག་པའི་མཁས་པ་ལུ་ལེ་ཧྥོ་ཅར་ཙེས་གསར་གཏོད་བྱས་པའི་ས་གནས་རང་བཞིན་གྱི་ཤེས་བྱའི་ལྟ་བས་ས་གནས་སློབ་ཚན་གསར་སྤེལ་གྱི་ནང་དོན་གདམ་གསེས་ལ་བློ་སྐྱེད་ཆེན་པོ་ཐོན་འདུག ལོ་ངོ་སྟོང་ཕྲག་དུ་མའི་འཕེལ་རིམ་ཁྲོད་རང་རེའི་བོད་ལ་བཅུ་ཕྲག་རིག་གནས་གཙོར་བྱས་པའི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པོ་ཞིག་ཡོད་ལ། བོད་ཁམས་ཀྱི་ས་གནས་སོ་སོར་རང་རང་གི་ས་གནས་ལོ་རྒྱུས་དང་ཁྱད་ཆོས་མངོན་སུམ་དོད་པའི་དམངས་སྲོལ་རིག་གནས་ཀྱི་ཐོན་ཁུངས་མང་པོའང་མཆིས། འོན་ཀྱང་སློབ་ཚན་ལ་བླང་བྱ་ངེས་ཅན་ཡོད་པས་རིག་གནས་ཐོན་ཁུངས་དེ་དག་ལ་ལས་སྣོན་དང་བཟོ་བཅོས་མ་བྱས་པར་ཐད་ཀར་ས་གནས་སློབ་ཚན་གྱི་ནང་དོན་ལ་སློབ་གསོའི་རང་བཞིན་དང་རང་གཤིས་ཡང་སྐུལ་གྱི་ནུས་པ་ལྡན་དགོས། དེ་མིན་ས་གནས་དེའམ་མི་རིགས་དེ་གའི་གསོན་ཤུགས་ལྡན་པ་དང་དཔེ་མཚོན་རང་བཞིན་གྱི་རིག་གནས་ཤིག་ཡིན་དགོས།

2 རྣམ་པ།

ཕྱོགས་ཡོངས་ནས་ཡར་སྐྱེད་ལྡན་པའི་སློབ་མ་སྐྱེད་སྲིང་བྱ་རྒྱུ་ནི་རྒྱལ་ཁབ་སློབ་ཚན་དང་ས་གནས་སློབ་ཚན་གྱི་མཐར་ཐུག་གི་དམིགས་ཡུལ་ཡིན་ཞིང་། རྒྱལ་ཁབ་སློབ་ཚན་གྱི་རྒྱུད་སྤྲོད་བྱེད་པའི་ཤེས་བྱ་གཙོ་བོ་ནི་ཐུན་མོང་རིག་ཚན་ཤེས་བྱ་ཡིན་པ་དང་། ས་གནས་སློབ་ཚན་གྱིས་རྒྱུད་སྤྲོད་བྱེད་པའི་ཤེས་བྱ་ནི་ས་གནས་རང་བཞིན་གྱི་ཤེས་བྱ་ཡིན་པས་དེ་གཉིས་ཀྱི་སློབ་གསོའི་རྣམ་པར་ཁྱད་པར་ཅུང་ཙམ་འདུག རྒྱལ་ཁབ་སློབ་ཚན་གྱི་མངོན་ཐབས་གཙོ་བོ་ནི་སློབ་དེབ་འདྲ་མིན་སྤེལ་བ་དང་། དེའི་འོས་འགན་གཙོ་བོ་ནི་རིག་གཞུང་ཚན་ཁག་སོ་སོས་མཚན་ཉིད་དང་སྤྱི་འགྲོས་བཅས་ཐུན་མོང་གི་ཤེས་བྱ་སློབ་མའི་རྒྱུད་ལ་འཇོག་རྒྱུ་དེ་ཡིན།

3 མཉམ་འཇོག

སྤྱིར་རྒྱལ་ཡོངས་སུ་ས་གནས་སློབ་ཚན་འཛུགས་སྐྲུན་གྱི་ལོ་རྒྱུས་རིང་བོ་མེད་པས་ད་སྔ་དེའི་སྐོར་ལ་གཞུང་ལུགས་འཐུས་ཚང་དང་མ་དཔེ་ཚད་ལྡན་ཞིག་ཆགས་མེད། ས་གནས་སློབ་ཚན་གྱི་ཇུས་འགོད་དང་གསར་སྤེལ། ལག་བསྟར་དང་ཚད་འཇལ་སོགས་ད་དུང་འཚོལ་རྟོག་བྱེད་བཞིན་པའི་སྒང་ཡིན། དེར་བརྟེན་རང་རེའི་བོད་ཀྱི་རྨང་གཞིའི་སློབ་གསོ་ལ་ཞིབ་འཇུག་དང་ལག་བསྟར་གནང་བཞིན་པའི་སློབ་གསོའི་ཆེད་མཁས་དང་རྒྱ་ཆེའི་གཞི་རིམ་དགེ་རྒན་དག་ལ་མཚོན་ན་ས་གནས་སློབ་ཚན་ནི་ལྟོས་བཅས་ཀྱིས་བྱ་དངོས་གསར་བ་ཞིག་གམ་སློབ་ཚན་བཀོད་སྒྲིག་གི་འདུ་ཤེས་གསར་བ་ཞིག་ཡིན།

3_1 གཅིག ནང་དོན་ཐད།

བོད་རིགས་ལ་ནང་བསྟན་རིག་གནས་གཙོར་བྱས་པའི་གླུ་གར་དང་། དུས་ཆེན། བཟོ་རྩལ་སོགས་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་སློབ་གྲྭ་ནི་རིག་གནས་རྒྱུད་སྤེལ་གྱི་ཆེད་དམིགས་ལས་ཁུངས་ཤིག་ཡིན་པའི་ཆ་ནས་དེ་དག་ཚང་མ་ས་གནས་སློབ་ཚན་ནང་འཇོག་རྒྱུ་ནི་ཅུང་མི་འོས། སྤྱིར་རིག་གནས་ལ་སྔོན་ཐོན་དང་རྗེས་ལུས་དབྱེ་རྒྱུ་མེད་ཀྱང་དུས་རབས་ངེས་ཅན་ཞིག་གི་རྒྱབ་ལྗོངས་འོག་རིག་གནས་ཁ་ཤས་ཀྱིས་མིའི་རིག་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད་ལ། ཡང་རིག་གནས་ཁ་ཤས་ཀྱིས་མིའི་རིགས་ཀྱི་འཕེལ་རྒྱས་ལ་བཀག་འགོག་གི་ནུས་པ་ཐོན་བཞིན་ཡོད། ལོ་རྒྱུས་ཀྱི་བཙོ་སྦྱང་ལས་ཐོན་པའི་མིའི་རིགས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་གྱི་ནུས་པ་ལྡན་པའི་སྔོན་ཐོན་རིག་གནས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ། རྒྱུད་སྤྲོད་ཀྱི་ལམ་ལུགས་འགོ་མཇུག་ཚང་བ། ཕྱོགས་ཡོངས་ནས་སློབ་མའི་བྱང་ཚད་མཐོར་འདེགས་གཏོང་ཐུབ་པའི་སྐོར་ནི་ས་གནས་སློབ་ཚན་གསར་སྤེལ་གྱི་ནང་དོན་གདམ་གསེས་ཐོག་མ་ཉིད་ཡིན།

3_2 གཉིས། རྣམ་པའི་ཐད།

རྒྱལ་ནང་གི་ས་ཆ་ཁ་ཤས་ནས་ས་གནས་སློབ་ཚན་གསར་སྤེལ་གྱི་མིག་དཔེར་དམིགས་ན་ཁོང་ཚོས་ས་གནས་སློབ་ཚན་འཛུགས་སྐྲུན་བྱེད་སྐབས་སེམས་ཤུགས་དང་རྒྱུ་ཤུགས་ཕལ་ཆེར་ས་གནས་སློབ་ཚན་གྱི་དཔེ་དེབ་རྩོམ་སྒྲིག་སྟེང་བཀོལ་ཡོད། ད་ལྟ་བསམ་བློ་ཞིབ་མོ་ཞིག་བཏང་ན་དེ་ནི་ས་གནས་སློབ་ཚན་གསར་སྤེལ་གྱི་དགོངས་དོན་དང་རྒྱབ་འགལ་དུ་སོང་ཡོད། ཡིན་ན་ཡང་ས་གནས་སློབ་ཚན་ལ་དཔེ་དེབ་སྤེལ་མི་རུང་ཟེར་བ་མ་ཡིན་ཏེ། དེ་ལས་ལྡོག་ཏེ་འོས་ཤིང་འཚམས་པའི་ཀློག་དེབ་ཅིག་རྩོམ་སྒྲིག་བྱ་རྒྱུ་ནི་དགོས་མཁོ་ཧ་ཅང་ཆེའོ༎

3_3 གསུམ། སྐད་ཡིག་གི་ཐད།

མི་རིགས་ཀྱི་རིག་གནས་ཚང་མ་སྐད་ཡིག་གི་སྟེང་ནས་བརྒྱུད་དེ་འོངས་པ་དང་། སྐད་ཡིག་ལ་བརྟེན་ཤེས་དགོས་ལ། སྐད་ཡིག་ལ་གཞན་པའི་སྟེང་ནས་མི་རིགས་གཞན་ཞིག་གི་གནས་ཆ་ཚང་བ་དང་གཏིང་ཕྱིན་པ་ཞིག་ཤེས་མི་ཐུབ་ཅིང་། རིག་གནས་དང་སྐད་ཡིག་གཉིས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་རེད། རིག་གནས་གང་ཞིག་མེད་པ་ནས་ཡོད་པ། ཡོད་པ་ནས་འཕེལ་རྒྱས་ཀྱི་རྒྱུད་རིམ་ཁྲོད་སྐད་དང་ཡི་གེ་ངེས་ཅན་ཞིག་ལ་བརྟེན་ནས་རང་གི་རིན་ཐང་ངོམ་བཞིན་ཡོད། དེ་བཞིན་དུ་བོད་ཀྱི་ཕུན་སུམ་ཚོགས་པའི་ས་གནས་དག་ཀྱང་བོད་ཀྱི་སྐད་དང་ཡི་གེ་ལ་བརྟེན་ནས་གནའ་ནས་ད་བར་དུ་མཚར་སྡུག་འོད་སྟོང་འབར་བའི་རིན་ཐང་མངོན་ཞིང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-17

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།