ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས།
ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ནི་རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)དང་། སྲིད་གཞུང(སྲིད་གཞུང)དང་དེ་བཞིན་འགན་ནུས་སྡེ་ཁག་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཏང་སྲོལ་སྲིད་གཙང་བྱེད་པའི་རིང་འགན་འཁྲི་འཁུར་དགོས་པའི་ལམ་ལུགས་ལ་ཟེར། ཏང་སྲོལ་སྲིད་གཙང་གི་འགན་འཁྲི་འཁུར་མཁན་གཙོ་བོ་ནི་རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མི་དག་ཡིན་ཞིང་། རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་ཁྲོད་ཀྱི་འགན་འཁུར་བ་དངོས་ནི་རང་ས་གནས་དང་རང་སྡེ་ཁག རང་ལས་ཁུངས་བཅས་ཀྱི་ཏང་སྲོལ་སྲིད་གཙང་གི་འགན་འཁྲི་འཁུར་མཁན་ཨང་དང་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党风廉政建设责任制
ནང་དོན།
ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ།
ཁ་གཏད་ཡུལ།
རིམ་པ་སོ་སོའི་ལས་ཁུངས་དང་མི་དམངས་འཐུས་ཆེན།
དམིགས་ཡུལ།
ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་པ།
དཀར་ཆག
1   ​སྤྱིའི་རྩ་དོན།
1.1 དོན་ཚན་དང་པོ།
1.2  དོན་ཚན་གཉིས་པ།
1.3 དོན་ཚན་གསུམ་པ།
1.4 དོན་ཚན་བཞི་བ།
1.5 དོན་ཚན་ལྔ་བ། 
2   འགན་འཁྲིའི་ནང་དོན།
2.1 དོན་ཚན་དྲུག་པ།
2.2 དོན་ཚན་བདུན་པ།
3   དཔྱད་ཞིབ་ལྟ་སྐུལ།
3.1 དོན་ཚན་བརྒྱད་པ།
3.2 དོན་ཚན་དགུ་བ།
3.3 དོན་ཚན་བཅུ་པ།
3.4 དོན་ཚན་བཅུ་གཅིག་པ།
3.5 དོན་ཚན་བཅུ་གཉིས་པ།
3.6 དོན་ཚན་བཅུ་གསུམ་པ།
3.7 དོན་ཚན་བཅུ་བཞི་བ།
3.8 དོན་ཚན་བཅོ་ལྔ་བ།
3.9 དོན་ཚན་བཅུ་དྲུག་བ།
3.10 དོན་ཚན་བཅུ་བདུན་པ།
3.11 དོན་ཚན་བཅོ་བརྒྱད་པ།
4   འགན་འཁྲི་རྩད་ཞིབ།
4.1 དོན་ཚན་བཅུ་དགུ་པ།
4.2 དོན་ཚན་ཉི་ཤུ་བ།
4.3 དོན་ཚན་ཉེར་གཅིག་པ།
4.4 དོན་ཚན་ཉེར་གཉིས་པ།
4.5 དོན་ཚན་ཉེར་གསུམ་པ།
4.6 དོན་ཚན་ཉེར་བཞི་པ།
4.7 དོན་ཚན་ཉེར་ལྔ་བ།
4.8 དོན་ཚན་ཉེར་དྲུག་པ།
4.9 དོན་ཚན་ཉེར་བདུན་པ།
4.10 དོན་ཚན་ཉེར་བརྒྱད་པ།
5   ཞར་བཀོད།
5.1 དོན་ཚན་ཉེར་དགུ་པ།
5.2 དོན་ཚན་སུམ་ཅུ།
5.3 དོན་ཚན་སོ་གཅིག་པ།
5.4 དོན་ཚན་སོ་གཉིས་པ། 
1 ​སྤྱིའི་རྩ་དོན།
1_1 དོན་ཚན་དང་པོ།

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཁྲོད་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་བཏང་ནས། ཏང་གི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གཞིར་བཟུང་སྟེ་གཏན་འབེབས་འདི་བཟོས་པ་རེད། 

1_2  དོན་ཚན་གཉིས་པ།

གཏན་འབེབས་འདི་ཏང་གི་ལས་ཁུངས་དང་མི་དམངས་འཐུས་ཚོགས་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་སྤྱོད་དགོས།

མི་དམངས་ཚོགས་པ། རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས(དེའི་ནང་རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་དངུལ་རྩའི་ཁེ་ལས)དང་བྱ་ལས་སྡེ་ཁག་གི་འགོ་ཁྲིད་ཚན་པ། འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་གཏན་འབེབས་འདི་དཔྱད་གཞིར་བཟུང་ནས་ལག་བསྟར་བྱེད་དགོས།

1_3 དོན་ཚན་གསུམ་པ།

ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བར་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སློབ་སྟོན་དུ་འཛིན་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གིས་ཏང་སྐྱོང་བ་དང་ཏང་ནན་སྐྱོང་མཐའ་འཁྱོངས། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་སྔོན་འགོག་མཉམ་བསྟར། སྔོན་འགོག་ལ་མཐོང་ཆེན་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས། 

1_4 དོན་ཚན་བཞི་བ།

ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བར་ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་དང་། ཏང་སྲིད་ཀྱིས་འགོ་ཁྲིད་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་དང་མཐུན་སྦྱོར། སྡེ་ཁག་སོ་སོས་རང་འགན་རང་འཁུར་བྱེད་པ་དང་། མང་ཚོགས་ཀྱིས་རྒྱབ་སྐྱོར་དང་ཐེ་ཞུགས་བྱེད་པར་བརྟེན་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་དང་སྲིད་དབང་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩིས་ནས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་ཚད་དོ་དམ་ནང་བཅུག་སྟེ། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་དང་སྤྱི་ཚོགས་འཛུགས་སྐྱོང་། དེ་བཞིན་སྐྱེས་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར་དང་མཉམ་དུ་དཔྱད་ཞིབ་བཅས་བྱེད་དགོས། 

1_5 དོན་ཚན་ལྔ་བ། 

ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས་ཚེ། ཐུན་མོང་གི་འགོ་ཁྲིད་དང་མི་སྒེར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་རྒྱུ་དང་རིམ་པ་གཅིག་གིས་གཅིག་བཟུང་ནས། རིམ་པ་རེ་རེ་བཞིན་དོན་འཁྱོལ་ཡོང་བ་བྱེད་དགོས།

2 འགན་འཁྲིའི་ནང་དོན།
2_1 དོན་ཚན་དྲུག་པ།

འགོ་ཁྲིད་ཚན་ཁག་གིས་འགན་འཁྲི་སྒྲུབ་ཁོངས་ནང་གི་ཏང་སྲོལ་སྲིད་གཙང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་འགན་འཁུར་དགོས།

འགོ་ཁྲིད་ཚན་པའི་འགན་འཁུར་བ་གཙོ་བོ་ནི་འགན་འཁྲི་སྒྲུབ་ཁོངས་ནང་གི་ཏང་སྲོལ་སྲིད་གཙང་གི་འགན་འཁུར་བ་ཨང་དང་པོ་ཡིན་པས། ལས་ཀ་གལ་ཆེན་རང་ཉིད་ཀྱིས་དངོས་སུ་བཀོད་སྒྲིག་དང་། གནད་དོན་གལ་ཆེན་རང་ཉིད་ཀྱིས་དངོས་སུ་འདྲི་གཅོད། གོ་རིམ་གལ་ཆེན་རང་ཉིད་ཀྱིས་དངོས་སུ་མཐུན་སྦྱོར། གྱོད་དོན་གལ་ཆེན་རང་ཉིད་ཀྱིས་དངོས་སུ་སྒྲུབ་གཉེར་བཅས་བྱེད་དགོས།

འགོ་ཁྲིད་ཚན་པའི་ཁོངས་མི་གཞན་དག་གིས་ལས་ཀའི་ལས་བགོས་ལྟར་འགན་འཁྲི་སྒྲུབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་ལ་འགོ་ཁྲིད་བྱེད་པའི་འགན་གཙོ་བོ་འཁུར་དགོས།

2_2 དོན་ཚན་བདུན་པ།

འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཁྲོད་གཤམ་གྱི་འགོ་ཁྲིད་ཀྱི་འགན་འཁྲི་འདི་དག་འཁུར་དགོས་ཏེ།

གཅིག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་བཞིན་གོང་རིམ་ཏང་ཨུ(ཏང་ཙུའུ)དང་སྲིད་གཞུང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་བཅས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་འཆར་གཞི་དང་། དམིགས་འབེན་བླང་བྱ། བྱེད་ཐབས་ཞིབ་ཕྲ་བཅས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ལོ་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཆེད་དོན་ཞིབ་འཇུག་བྱེད་པའི་ཏང་ཨུ་ཡི་རྒྱུན་ཨུའི་ཚོགས་འདུ(ཏང་ཙུའུ་ཚོགས་འདུ)དང་སྲིད་གཞུང་གི་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་འགན་ཁག་བགོས་བྱས་ཏེ། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་སྐབས་ཀྱི་འགན་འཁྲི་དང་ལས་འགན་ཁག་བགོས་ཁ་གསལ་བཟོ་བ་མ་ཟད། འཆར་གཞི་ལྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་ཀྱང་གཏོང་དགོས།

གཉིས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་སྲིད་དོན་གཙང་སྐྱོང་གི་སློབ་གསོ་སྤེལ་བ་དང་། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ཏང་སྲོལ་སྲིད་གཙང་གི་རིགས་པའི་གཞུང་ལུགས་དང་ཁྲིམས་སྲོལ་དང་ལམ་ལུགས་སློབ་སྦྱོང་བྱས་ནས། ཏང་གི་སྲིད་གཙང་རིག་གནས་འཛུགས་སྐྱོང་ཐད་ལ་ཤུགས་སྣོན་དགོས།

གསུམ། ཏང་སྲོལ་སྲིད་གཙང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་བྱས་ཏེ། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟབ་སྤེལ། རུལ་སུངས་འབྱུང་རྩ་ནས་སྔོན་འགོག་དང་བཅོས་སྐྱོང་བཅས་བྱེད་དགོས།

བཞི། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཇུས་ཐག་གཅོད་དབང་དང་ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ཕན་ཚུན་གཅིག་གིས་གཅིག་ལ་ཚོད་འཛིན་དང་མཐུན་སྦྱོར་བྱེད་པའི་དབང་ཆའི་གྲུབ་ཚུལ་དང་འཁོར་སྐྱོད་སྒྲིག་གཞི་བཙུགས་ནས་དབང་ཆ་འཁོར་སྐྱོད་དང་ཡོངས་བསྒྲགས་མངོན་གསལ་ཡོང་བར་སྐུལ་འདེད་གཏོང་དགོས།

ལྔ། རང་ས་ཁུལ་དང་རང་སྡེ་ཁག རང་ཁོངས་གཏོགས་ལས་ཁུངས་བཅས་ཀྱི་ཏང་སྲོལ་སྲིད་གཙང་བྱས་ཚུལ་དང་། འོག་རིམ་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་སྲིད་དོན་གཙང་སྐྱོང་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།

དྲུག གཏན་འབེབས་ལྟར་ལས་བྱེད་པ་འདེམ་བསྐོ་ནན་པོ་བྱེད་པ་དང་། མི་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ངན་སྔོན་འགོག་དང་ཡོ་བསྲང་བྱེད་དགོས།

བདུན། སྤྱོད་ཚུལ་ལེགས་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ངན་ཡོ་བསྲང་བྱས་ནས། ཏང་སྲོལ་དང་སྲིད་སྲོལ་ཐད་གནས་པའི་གནད་དོན་མངོན་གསལ་དག་ཐག་གཅོད་ནན་མོ་བྱེད་དགོས།

བརྒྱད། སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགོ་ཁྲིད་དང་སྒྲིག་འཛུགས། རྒྱབ་སྐྱོར་བཅས་བྱས་ནས་གནད་དོན་གལ་ཆེན་ཐག་གཅོད་བྱེད་དགོས། 

3 དཔྱད་ཞིབ་ལྟ་སྐུལ།
3_1 དོན་ཚན་བརྒྱད་པ།

ཏང་ཨུ(ཏང་ཙུའུ)ཡིས་ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་ལམ་ལུགས་འཛུགས་དགོས་པ་དང་། ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་ནང་རྐྱེན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་གདེང་འཇོག་ཚད་གཞི་གཏན་འབེབས་བྱེད་པ་དང་། ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་ནང་དོན་དང་བྱེད་ཐབས། གོ་རིམ་བཅས་ཁ་གསལ་བཟོ་དགོས།

3_2 དོན་ཚན་དགུ་བ།

ཏང་ཨུ(ཏང་ཙུའུ)ཡིས་ཏང་སྲོལ་སྲིད་གཙང་འགན་འཁྲིའི་ལམ་ལུགས་ཀྱི་འགོ་ཁྲིད་ཚོ་ཆུང་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས། རང་ལས་རིམ་པ་གཅིག་གིས་དམའ་བའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཏང་སྲོལ་སྲིད་གཙང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའི་འགན་འཁུར་དགོས།

3_3 དོན་ཚན་བཅུ་པ།

ཞིབ་བཤེར་དཔྱད་ཞིབ་ལས་དོན་ལོ་རེར་ཐེངས་རེ་སྤེལ་དགོས། ཞིབ་བཤེར་དང་དཔྱད་ཞིབ་བྱ་རྒྱུ་དེ་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་དམིགས་འབེན་དཔྱད་ཞིབ། ལོ་འཁོར་གྱི་དཔྱད་ཞིབ་དང་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྱོང་ཞིབ་བཤེར་ལས་ཀ་སོགས་དང་ཟུང་འབྲེལ་བྱས་ནས་སྤེལ་ཆོག་ལ། ཆེད་མངགས་ཞིབ་བཤེར་དཔྱད་ཞིབ་སྒྲིག་འཛུགས་ཀྱང་བྱས་ཆོག      

ཞིབ་བཤེར་དང་དཔྱད་ཞིབ་བྱས་ཚུལ་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུ(ཏང་ཙུའུ)ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། 

3_4 དོན་ཚན་བཅུ་གཅིག་པ།

ཏང་ཨུ(ཏང་ཙུའུ)ཡིས་ཞིབ་བཤེར་དང་དཔྱད་ཞིབ་བྱས་ཚུལ་ཁྱབ་ཁོངས་འོས་འཚམ་ནང་བརྡ་ཁྱབ་གཏོང་དགོས། ཞིབ་བཤེར་དང་དཔྱད་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ནས་དག་ཐེར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

3_5 དོན་ཚན་བཅུ་གཉིས་པ།

ཏང་ཨུ(ཏང་ཙུའུ)ཡིས་ཞིབ་བཤེར་དང་དཔྱད་ཞིབ་བྱས་འབྲས་བེད་སྤྱོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིབ་བཤེར་དང་དཔྱད་ཞིབ་བྱས་འབྲས་དེ་འགོ་ཁྲིད་ཚན་པར་སྤྱིའི་གདེང་འཇོག་དང་། འགོ་ཁྲིད་ལས་བྱེད་པའི་བྱས་རྗེས་དཔྱད་བསྡུར་གཏན་འབེབས་དང་བྱ་དགའ་ཆད་གཅོད། འདེམས་བསྐོ་བཅས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས།

3_6 དོན་ཚན་བཅུ་གསུམ་པ།

སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས(སྒྲིག་གཞི)། རྩ་འཛུགས་དང་མི་དོན་སྡེ་ཁག་གིས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུ(ཏང་ཙུའུ)ལ་གཞོགས་འདེགས་བྱས་ཏེ། ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པའམ་ཡང་ན་འགན་འཁྲི་ལྟར་ཞིབ་བཤེར་ལས་ཀ་སྤེལ་དགོས།

3_7 དོན་ཚན་བཅུ་བཞི་བ།

ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་དེ། རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ལས་ཀའི་སྙན་སེང་ཞུ་རྒྱུའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས།

3_8 དོན་ཚན་བཅོ་ལྔ་བ།

འགོ་ཁྲིད་ལས་བྱེད་པས་ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་དེ་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། སྤྱོད་གཙང་གསལ་ཞུ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས་པར་མ་ཟད། རང་སྡེ་ཁག་དང་རང་ལས་ཁུངས་ཀྱིས་དཔྱད་མོལ་ཡང་བྱེད་དགོས།

3_9 དོན་ཚན་བཅུ་དྲུག་བ།

ཏང་ཨུ(ཏང་ཙུའུ)ཡིས་ཏང་སྲོལ་སྲིད་གཙང་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལོ་ལྟར་རང་ལས་རིམ་པ་གཅིག་གིས་མཐོ་བའི་ཏང་ཨུ(ཏང་ཙུའུ)དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་སྙན་སེང་ཞུ་དགོས།

3_10 དོན་ཚན་བཅུ་བདུན་པ།

ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་གིས་སྐོར་ཞིབ་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་ལྟར། འབྲེལ་ཡོད་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིས་ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་སྐོར་ཞིབ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

3_11 དོན་ཚན་བཅོ་བརྒྱད་པ།

ཏང་ཨུ(ཏང་ཙུའུ)ཡིས་རང་ས་ཁུལ་དང་། རང་སྡེ་ཁག རང་ལས་ཁུངས་ཀྱི་ཁོངས་གཏོགས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འཚམས་འདྲི་དང་བཞུགས་མོལ་བྱེད་པ་དང་། སྤྱི་ཚོགས་ཀྱི་འདྲི་ཤོག་རྟག་དཔྱད་སོགས་ཏང་སྲོལ་སྲིད་གཙང་གི་སྤྱི་ཚོགས་གདེང་འཇོག་ལམ་སྲོལ་བཙུགས་ཏེ། ཏང་ཡོན་དང་མང་ཚོགས་གོ་རིམ་ལྡན་པའི་ངང་རྟག་དཔྱད་ལ་ཞུགས་པར་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་ཁོ་ཚོའི་ལྟ་སྐུལ་དང་ལེན་བྱེད་དགོས། 

4 འགན་འཁྲི་རྩད་ཞིབ།
4_1 དོན་ཚན་བཅུ་དགུ་པ།

འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་གཏན་འབེབས་འདིའི་དོན་ཚན་བདུན་པའི་འགན་འཁྲི་དང་འགལ་བའམ་ཡང་ན་ཡང་དག་ངང་ལག་བསྟར་བྱེད་མ་ཐུབ་པར། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། ངེས་པར་དུ་འགན་འཁྲི་རྩད་ཞིབ་བྱེད་དགོས་ཏེ།

གཅིག ཏང་སྲོལ་སྲིད་གཙང་གི་བྱ་བར་འགོ་ཁྲིད་བྱེད་ཤུགས་མི་འདང་བས། འགན་འཁྲིའི་ཁྱབ་ཁོངས་སུ་བཀའ་ཁྱབ་བསྒྲགས་ཏེ་བཀག་སྡོམ་བྱས་ཡོད་པའི་ཚུལ་མིན་གྱི་སྤྱོད་ངན་བཅོས་སྐྱོང་ནུས་ལྡན་མ་བྱུང་བར་ཤུགས་རྐྱེན་མི་ལེགས་པ་ཐེབས་པའི་རིགས།

གཉིས། གོང་རིམ་འགོ་ཁྲིད་ལས་ཁུངས་ཀྱིས་སྤྲད་པའི་ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ཁྱབ་ཁོངས་ནང་གི་བྱ་བ་བརྒྱུད་བསྒྲགས་དང་ལག་བསྟར་མི་བྱེད་པ་དང་། བཀོད་སྒྲིག་མི་བྱེད་པ། དོན་འཁྱོལ་ཡོང་བར་ལྟ་སྐུལ་མི་བྱེད་པ་བཅས་བྱས་པའམ་ཡང་ན་བསྒྲུབ་རྒྱུ་ཁས་མ་བླངས་པའི་རིགས།

གསུམ། རང་ས་ཁུལ་དང་རང་སྡེ་ཁག རང་ལས་ཁུངས་ཀྱི་ཁོངས་གཏོགས་བཅས་ནས་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་ཚུལ་མིན་གྱི་བྱ་སྤྱོད་ཚབས་ཆེན་གསང་སྟེ་སྙན་སེང་མི་ཞུ་བ་དང་། གྱོད་དོན་བཀག་ཉར་བྱས་ནས་ཞིབ་བཤེར་མི་བྱེད་པའི་རིགས།

བཞི། ལྟ་སྐུལ་དོ་དམ་ལྷོད་གཡེང་བཏང་བའི་དབང་གིས་འགོ་ཁྲིད་ཚན་ཁག་གི་ཁོངས་མིའམ་ཡང་ན་ཐད་ཀར་བདག་སྐྱོང་བྱེད་པའི་མངའ་འོག་ཏུ་ཁྲིམས་འགལ་ལུགས་ཚུལ་མིན་གྱི་གནད་དོན་ཚབས་ཆེན་བྱུང་བའི་རིགས།

ལྔ། གཏན་འབེབས་དང་འགལ་ནས་ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་བྱས་པའམ་ཡང་ན་མི་བཀོལ་སྤྱོད་བྱེད་པར་ལྟ་སྐུལ་འགན་འཛོལ་དང་ནོར་འཛོལ་བྱུང་ནས་ཤུགས་རྐྱེན་ངན་པ་བཟོས་རིགས།

དྲུག མངའ་འོག་གི་མི་སྣས་ནོར་སྲིད་དང་དངུལ་རྩ། ཁྲལ་དོན། རྩིས་བཤེར་དང་བསྡོམས་རྩིས་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཏེ་མི་བདེན་རྫུན་བཟོ་བྱས་པའི་རིགས།      བདུན། ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་དང་འགལ་བའི་སྤྱོད་ཚུལ་གཞན་དག་བཅས་ཡིན།

4_2 དོན་ཚན་ཉི་ཤུ་བ།

འགོ་ཁྲིད་ཚན་པས་གཏན་འབེབས་འདིའི་དོན་ཚན་བཅུ་དགུ་པའི་སྤྱོད་ཚུལ་ཡོད་ཅིང་ཉེས་ཚབས་ཅུང་ཆུང་བར་ཡིག་ཐོག་ནས་སྐྱོན་ཞིབ་བྱེད་དུ་འཇུག་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བའི་རིགས་ལ་སྐྱོན་བརྗོད་ཀྱི་བརྡ་ཐོ་གཏོང་བ་དང་། ཏང་ཁྲིམས་སྲིད་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་དང་། ཡང་ན་ལས་གནས་བརྗེ་སྤོར་བྱེད་པའམ་ཕྱིར་འབུད་བྱེད་པ། ཡང་ན་ལས་གནས་ལེགས་སྒྲིག་དང་རྩ་འཛུགས་ལ་ཐག་གཅོད་བྱེད་དུ་འཇུག་རྒྱུ། ཉེས་སྤྱོད་གྲུབ་པའི་རིགས་སྲིད་འཛིན་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས།

4_3 དོན་ཚན་ཉེར་གཅིག་པ།

འགོ་ཁྲིད་ལས་བྱེད་པར་གཏན་འབེབས་འདིའི་དོན་ཚན་བཅུ་དགུ་པའི་ནང་འཁོད་གནས་ཚུལ་ཡོད་ཅིང་། ཉེས་ཚབས་ཅུང་ཆུང་བའི་རིགས་ལ་སྐྱོན་བརྗོད་སློབ་གསོ་དང་། བསླབ་འདོམས་སྐུལ་ལྕག་གི་གླེང་མོལ། ཡིག་ཐོག་ནས་སྐྱོན་ཞིབ་བྱེད་འགན་དཀྲི་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་དང་། ཡང་ན་གོ་གནས་ལེགས་སྒྲིག་དང་། ལས་ཁུར་རྩ་དགོངས་ཞུ་བ། གོ་གནས་འབེབས་པ་སོགས་རྩ་འཛུགས་ཀྱིས་ཐག་གཅོད་བྱ་རྒྱུ། ཉེས་གསོག་གི་དོགས་པ་ཡོད་རིགས་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས།      གོང་གསལ་གྱི་འགན་འཁྲི་རྩད་ཞིབ་བྱེད་སྟངས་ལོགས་སུ་ཁེར་རྐྱང་དུ་སྤྱད་ཆོག་ལ་མཉམ་དུ་སྤྱད་ཀྱང་ཆོག

4_4 དོན་ཚན་ཉེར་གཉིས་པ།

འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་གཏན་འབེབས་འདིའི་དོན་ཚན་བཅུ་དགུ་པའི་སྤྱོད་ཚུལ་ཡོད་པ་མ་ཟད། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཉེས་ཆད་ལྕི་བར་གཅོད་དགོས་ཏེ།

གཅིག འགན་འཁྲིའི་ཁྱབ་ཁོངས་སུ་བྱུང་བའི་གནད་དོན་སྦ་གསང་དང་ཕྱོགས་ཞེན་བྱས་པའི་རིགས།

གཉིས། འགན་འཁྲི་རྩད་ཞིབ་ཀྱི་རྟག་དཔྱད་ཐག་གཅོད་ལ་འགོག་རྐྱེན་དང་བར་ཆད་བཟོ་བ།

4_5 དོན་ཚན་ཉེར་གསུམ་པ།

འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པར་གཏན་འབེབས་འདིའི་དོན་ཚན་བཅུ་དགུ་པའི་ནང་འཁོད་སྤྱོད་ཚུལ་ཡོད་པ་མ་ཟད། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཉེས་ཆད་ཇེ་ཡང་དུ་བཏང་ཆོག་སྟེ།

གཅིག འགན་འཁྲིའི་ཁྱབ་ཁོངས་ནང་བྱུང་བའི་གནད་དོན་དུས་ཐོག་ཏུ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་པར་མ་ཟད། རང་འགུལ་ངང་ཞིབ་བཤེར་ཐག་གཅོད་དང་ཡོ་བསྲང་བྱེད་དགོས་པ་དང་། གྱོང་གུན་སྔོན་འགོག་བྱེད་པའམ་ཡང་ན་ཤུགས་རྐྱེན་ངན་པ་སེལ་ཐབས་ནུས་ལྡན་བྱེད་དགོས་པའི་རིགས།

གཉིས། ནན་ཏན་གྱིས་དག་ཐེར་ཡོ་བསྲང་བྱས་ནས་ཕན་འབྲས་མངོན་གསལ་ཐོབ་པའི་རིགས།

4_6 དོན་ཚན་ཉེར་བཞི་པ།

འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་གཏན་འབེབས་འདི་དང་འགལ་ནས། དོན་དངོས་རྩད་ཆོད་མཐའ་གསལ་བྱེད་དགོས་པའི་རིགས་འབྲེལ་ཡོད་ལས་ཁུངས་སམ་ཡང་ན་སྡེ་ཁག་གིས་འགན་འཁྲི་དང་དབང་ཚད་གཞིར་བཟུང་ཏེ། བརྟག་དཔྱད་ཐག་གཅོད་བྱེད་དགོས། དེའི་ནང་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་རྩད་ཞིབ་བྱེད་དགོས་པའི་རིགས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་ཀྱི་གྱོད་གཞི་རྟག་དཔྱད་དང་ཐག་གཅོད་བྱེད་པའི་གོ་རིམ་ལྟར་སྒྲུབ་དགོས། རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་རིགས་དང་། རྩ་འཛུགས་དང་མི་དོན་སྡེ་ཁག་གམ་ཡང་ན་རྟག་དཔྱད་འགན་འཁུར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས་ཀྱིས་རྩ་འཛུགས་དང་། མི་དོན་སྡེ་ཁག་དང་མཉམ་དུ་འབྲེལ་ཡོད་དབང་ཚད་དང་གོ་རིམ་ལྟར་བསྒྲུབ་དགོས།

4_7 དོན་ཚན་ཉེར་ལྔ་བ།

འགན་འཁྲི་རྩད་ཞིབ་བྱེད་སྐབས་དངོས་ཐོག་བདེན་འཚོལ་དང་། ཐུན་མོང་གི་འགན་འཁྲི་དང་མི་སྒེར་གྱི་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་དང་འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་བཅས་གསལ་པོར་འབྱེད་དགོས། ཐུན་མོང་གི་འགན་འཁྲི་རྩད་ཞིབ་བྱེད་དུས། འགོ་ཁྲིད་ཚན་པའི་འགན་འཁུར་བ་གཙོ་བོ་དང་ཐད་ཀར་གཙོ་སྐྱོང་བྱེད་པའི་འགོ་ཁྲིད་ཚན་པའི་ཁོངས་མིས་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ཇུས་ཐག་གཅོད་པར་ཞུགས་པའི་འགོ་ཁྲིད་ཚན་པའི་ཁོངས་མི་གཞན་དག་གིས་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་འཁུར་དགོས། ཐབས་ཇུས་ནོར་འཁྲུལ་ཅན་ལ་ངོ་རྒོལ་གྱི་བསམ་འཆར་གསལ་པོ་བཏོན་ཡང་དང་ལེན་མ་བྱས་ན། འགོ་ཁྲིད་ཀྱི་འགན་འཁྲི་འཁུར་མི་དགོས།

འགོ་ཁྲིད་ལས་བྱེད་པ་སྒེར་གྱིས་ཇུས་ཐག་གཅོད་པའམ་ཆོག་མཆན་འགོད་ནོར་ཤོར་ན། འགོ་ཁྲིད་ལས་བྱེད་པ་རང་ཉིད་ཀྱིས་ཁག་འགན་རྩད་ཞིབ་བྱེད་དགོས།

4_8 དོན་ཚན་ཉེར་དྲུག་པ།

འགན་འཁྲི་རྩད་ཞིབ་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་ལས་གནས་སམ་གོ་གནས་འགྱུར་བའི་རྐྱེན་གྱིས་རྩད་ཞིབ་མི་བྱེད་ལ། ལས་འཁྱུར་ངལ་གསོ་བྱས་ཟིན་ཡང་གཏན་འབེབས་འདི་གཞིར་བཟུང་ནས་འགན་འཁྲི་རྩད་ཞིབ་བྱེད་དགོས་པའི་རིགས་ངེས་པར་དུ་དེ་མཚུངས་ཀྱི་འགན་འཁྲི་རྩད་ཞིབ་བྱེད་དགོས།

4_9 དོན་ཚན་ཉེར་བདུན་པ།

འགན་འཁྲི་རྩད་ཞིབ་བཏང་བའི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས། ལོ་དེའི་ལོ་འཁོར་གྱི་དཔྱད་ཞིབ་ལེགས་འདེམས་དང་སྔོན་ཐོན་རིགས་དཔྱད་འདེམས་བྱེད་པའི་ཐོབ་ཐང་མེད་པར་བཟོ་དགོས།

ལས་ཁུར་དགོངས་ཞུ་དང་ལས་གནས་ལས་ཕྱིར་ཕུད་པའི་འགོ་ཁྲིད་ལས་བྱེད་པས་ལོ་གཅིག་ནང་། ཡར་སྔོན་གྱི་གོ་གནས་དང་མཚུངས་པའི་འགོ་ཁྲིད་ཀྱི་གོ་གནས་བསྐྱར་དུ་འཁུར་མི་ཆོག་པ་དང་། གོ་གནས་ཕབ་པའི་ཆད་པ་ཕོག་པའི་རིགས་ལོ་གཉིས་ནང་གོ་གནས་སྤར་མི་ཆོག དུས་མཚུངས་སུ་ཏང་གི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་ཆད་པ་ཕོག་པའི་རིགས་ལ་ཤུགས་རྐྱེན་ཐེབས་ཡུན་ཅུང་རིང་བ་ལྟར་ལག་བསྟར་བྱེད་དགོས།

4_10 དོན་ཚན་ཉེར་བརྒྱད་པ།

སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས་འོག་རིམ་ཏང་ཨུ(ཏང་ཙུའུ)དང་། སྲིད་གཞུང་གིས་འགན་འཁྲི་རྩད་ཞིབ་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྩད་ཞིབ་བྱ་དགོས་ཀྱང་རྩད་ཞིབ་བྱས་མེད་པའམ་ཡང་ན་འགན་འཁྲི་རྩད་ཞིབ་ཀྱི་ཆོད་དོན་དོན་འཁྱོལ་མ་བྱས་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་ཚེ། འོག་རིམ་ཏང་ཨུ(ཏང་ཙུའུ)དང་སྲིད་གཞུང་གིས་ཡོ་བསྲང་བྱེད་པར་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས། 

5 ཞར་བཀོད།
5_1 དོན་ཚན་ཉེར་དགུ་པ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཏན་འབེབས་འདི་གཞིར་བཟུང་ནས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཆོག

5_2 དོན་ཚན་སུམ་ཅུ།

ཀྲུང་དབྱང་དམག་ཨུད་ཀྱིས་གཏན་འབེབས་འདི་གཞིར་བཟུང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དང་རྒྱལ་ཁབ་ཀྱི་དངོས་ཡོད་གནས་ཚུལ་གཉིས་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་གཏན་འབེབས་བཟོ་དགོས།

5_3 དོན་ཚན་སོ་གཅིག་པ།

གཏན་འབེབས་འདི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའུ་ཡིས་གསལ་འགྲེལ་བྱེད་པའི་འགན་འཁུར་དགོས།

5_4 དོན་ཚན་སོ་གཉིས་པ། 

གཏན་འབེབས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས། སྤྱི་ལོ1998ལོའི་ཟླ11པར་ཁྱབ་བསྒྲགས་བྱས་པའི《ཏང་སྲོལ་སྲིད་གཙང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུ་སྐོར་གྱི་གཏན་འབེབས》དུས་མཚུངས་སུ་རྩིས་མེད་དུ་གཏོང་རྒྱུ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-13

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།