སྤོ་ལོ་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤོ་ལོ་ཐང་།
སྤོ་ལོ་ཐང་ནི་གྲུ་བཞི་ནར་མོའི་དབྱིབས་ཀྱི་འགོག་དངོས་མེད་པའི་ངོས་སྙོམས་ཤིག་ཡིན་པ་དང་། སྤོ་ལོ་ཐང་གི་རིང་ཚད་ལ་སྨི28དང་། ཞེང་ལ་སྨི15ཡོད། སྤོ་ལོ་ཐང་གི་འཛུགས་བསྐྲུན་གྱི་རྒྱུ་ཆ་ལ་ས་རྒྱུ་དང་། ཨར་འདམ། ཤིང་རྒྱུ་སོགས་ཡོད། ད་ལྟ་འགྱིག་གིས་བསྐྲུན་པའི་སྤོ་ལོ་འགྲན་བསྡུར་ཐང་བཀོལ་སྤྱོད་བྱེད་པ་ཅུང་མང་། ས་རྒྱུ་དང་། ཨར་འདམ། སྣུམ་སྙིགས་བཅས་ཀྱིས་བསྐྲུན་པའི་སྤོ་ལོ་ཐང་ཅུང་གྲོན་ཆུང་ཡིན་པ་དང་། སློབ་གྲྭ་ཆེན་མོ་དང་གཞི་རིམ་ལས་ཁུངས་སོགས་སུ་བཀོལ་སྤྱོད་བྱེད་པ་ཅུང་མང་། འོན་ཀྱང་ས་ངོས་ངེས་པར་དུ་ཁོད་སྙོམས་བཟོས་ཏེ། གནོད་འཚེ་ཐེབས་པའི་དོན་རྐྱེན་མི་འབྱུང་བར་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
篮球场地
དབྱིན་ཡིག་གི་མིང་།
Basketball Court
དབྱིབས།
གྲུ་བཞི་ནར་མོའི་དབྱིབས་ཀྱི་འགོག་དངོས་མེད་པའི་ངོས་སྙོམས་ཤིག
1 སྤོ་ལོ་ཐང་མདོར་བཤད།

སྤོ་ལོའི་ལུས་རྩལ་ནི་སྤྱི་ལོ1891ལོའི་ཟླ12པའི་ཚེས25ཉིན་ཨ་མེ་རི་ཁའི་མཱ་ས་ཀྲུའུ་སའེ་ཀྲོའུ་ཁྲུན་ཐེན་སློབ་གླིང་ནས་བྱུང་བ་དང་། སློབ་གླིང་དེའི་ལུས་རྩལ་དགེ་རྒན་ཀྲན་མུའུ་སི་ནེ་ཧྲི་མིས་སི་ཡིས་ཇུས་འགོད་དང་གསར་གཏོད་བྱས། སྤྱི་ལོ1892ལོར་ཨ་རིའི་ན་གཞོན་ཚོགས་པའི་སྤོ་ལོའི་སྒྲིག་ལམ་གཏན་འབེབས་བྱས་ཤིང་། སྐབས་དེར་སྒྲིག་སྲོལ་དོན་ཚན13ཡོད་པ་དང་། སྤྱི་ལོ1893ལོར་དོན་ཚན23དུ་བཏང་། སྤྱི་ལོ1897ལོར་སྲོལ་འགལ་དང་སྤོ་ལོའི་ཆད་གཅོད་སྐོར་གྱི་གཏན་འབེབས་ཁ་སྣོན་བྱས། སྤྱི་ལོ1904ལོར་ཨ་རིའི་ན་གཞོན་ཚོགས་པས་སྤོ་ལོའི་སྒྲིག་སྲོལ་དང་པོ་པར་སྐྲུན་བྱས། སྤྱི་ལོ1932ལོར་འཛམ་གླིང་ཡོངས་ཀྱིས་གཅིག་གྱུར་གྱིས་བཀོལ་སྤྱོད་བྱས་པའི་རྒྱལ་སྤྱིའི་སྤོ་ལོའི་སྒྲིག་སྲོལ་སྒྲིག་བཟོ་བྱས། སྒྲིག་སྲོལ་འདི་ནི་སྤྱི་ལོ1936ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྤོ་ལོ་འགྲན་བསྡུར་སྐབས་སུ་ཐེངས་དང་པོ་བཀོལ་བ་རེད། 

སྤོ་ལོ་ཐང་ནི་སྤྱི་ལོ1891ལོར་སྤོ་ལོའི་ལུས་རྩལ་གསར་གཏོད་བྱས་རྗེས། སྤྱི་ལོ1892ལོ་ནས་སྤྱི་ལོ1895ལོའི་བར་མི་དགུའི་ལམ་ལུགས་དང་མི་ལྔའི་ལམ་ལུགས་ཀྱི་ཚད་གཞི་གཉིས་ཡོད། སྤྱི་ལོ1895ལོར་ལྒང་ཆད་ཁུལ་དང་ལྒང་ཆད་ཐིག་བསྣན་པ་དང་མཉམ་དུ་སྐྱེས་པའི་འགྲན་ཞུགས་ལུས་རྩལ་པ་མི་ལྔ་རེར་གཏན་འཁེལ་བྱས་པ་དང་། བུད་མེད་སྤོ་ལོ་འགྲན་བསྡུར་ལ་ཞུགས་མཁན་མི་དགུ་རེར་གཏན་འཁེལ་བྱས། སྤྱི་ལོ1948ལོར་ད་གཟོད་མི་ལྔར་གཏན་འཁེལ་བྱས། སྤྱི་ལོ1936ལོའི་འཇར་མན་གྱི་པེར་ལིན་ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་སུ་ཐེངས་དང་པོར་སྐྱེས་པའི་སྤོ་ལོ་འགྲན་བསྡུར་བྱས་པ་དང་། ལོ40ཡི་རྗེས་ཀྱི་སྤྱི་ལོ1976ལོའི་ཁ་ན་ཏའི་མོང་ཐེ་ལུའུ་ཨོ་རྩལ་འགྲན་ཚོགས་སྐབས་སུ་གཞི་ནས་བུད་མེད་ཀྱི་སྤོ་ལོ་འགྲན་བསྡུར་བྱས་པ་རེད།

སྤྱི་ལོ1948ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ནས་སྤྱི་ལོ1984ལོའི་ཨ་རིའི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་སྐབས་ཀྱི་སྤོ་ལོའི་འགྲན་བསྡུར་ཐང་གི་རིང་ཚད་ལ་སྤྱི་ཁྲེ26དང་ཞེང་ཚད་ལ་སྤྱི་ཁྲེ14ཡོད། འོན་ཀྱང་སྤྱི་ལོ1984ལོར་རྒྱལ་སྤྱིའི་སྤོ་ལོའི་སྤྱི་ཁྱབ་ལྷན་ཚོགས་ཀྱིས་སྤོ་ལོ་ཐང་ལ་བཅོས་བསྒྱུར་ཆེན་པོ་ཞིག་བྱས་པ་དང་། སྤྱི་ལོ1984ལོ་ནས་བཟུང་སྤོ་ལོ་ཐང་གི་རིང་ཚད་དེ་སྤྱི་ཁྲེ28དང་། ཞེང་ཚད་ལ་སྤྱི་ཁྲེ15(1984ལོའི་རྒྱལ་སྤྱིའི་སྤོ་ལོའི་སྒྲིག་སྲོལ)རུ་བསྒྱུར་བ་དང་དུས་མཚུངས་སུ་སྐར་གསུམ་ཐིག་བསྣན་པ་རེད།

2 སྤོ་ལོ་ཐང་གི་གཞི་རྩའི་བླང་བྱ།

1.སྤོ་ལོ་ཐང་ནི་གྲུ་བཞི་ནར་མོའི་དབྱིབས་ཀྱི་འགོག་དངོས་མེད་པའི་ངོས་སྙོམས་ཞིག་ཡིན་དགོས།

2.ཚད་ལྡན་གྱི་སྤོ་ལོའི་ཐང་གི་རིང་ཚད་ནི་སྨི28ཡིན་པ་དང་། ཞེང་ནི་སྨི15ཡིན།

3.གནམ་པང་ངམ་འགོག་ངོས་དམའ་ཤོས་ཀྱི་མཐོ་ཚད་མ་མཐར་ཡང་སྨི7ཡོད་དགོས།

4.སྤོ་ལོའི་ཐང་སྟེང་གི་ཐིག་ཚང་མ་གསལ་བོ་ཡིན་དགོས། ཐིག་གི་ཞེང་ཚད་སྨི0.05ཡིན་དགོས། 


བརྡ་འགྲེལ་གདོང་འཛར།

སྤོ་ལོ། ལུས་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-12

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།