སྤྱི་ལོ1015པ་ཤིང་ཡོས་ལོ།

སྤྱི་ལོ1015པ་ཤིང་ཡོས་ལོ།
རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་འབྱུང་གནས་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། འདི་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མའི་ནང་ནས་བདེན་གཉིས་ལ་ཤིན་ཏུ་མཁས་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན། རབ་བྱུང་དང་པོའི་ཤིང་སྦྲུལ(1065)ལོར་བཀའ་གདམས་པའི་ཆུ་འགོ་རྭ་སྒྲེང་དགོན་པའི་གདན་ས་བསྐྱངས། རབ་བྱུང་དང་པོའི་ས་རྟ(1078)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
སྤྱི་ལོ1016པ་མེ་འབྲུག་ལོ།
1. སློབ་དཔོན་ཆེན་པོ་ན་རོ་པ་ནི། ཡབ་ཁ་ཆེའི་རྒྱལ་པོ་དགེ་བ་གོ་ཆ་དང་། ཡུམ་དཔལ་གྱི་བློ་གྲོས་ཀྱི་སྲས་སུ་ཁ་ཆེའི་ཡུལ་དུ་སྐུ་འཁྲུངས། མཚན་ཀུན་ཏུ་བཟང་པོ་ཞེས་གསོལ། སློབ་དཔོན་ཆེན་པོ་ཏཻ་ལོ་པ་སོགས་ཀྱི་ཞབས་ལ་གཏུགས་ནས་བཅུ་ཕྲག་རིག་པར་སྦྱང་པ་མཐར་ཕྱིན་མཛད་དེ་མཁས་པའི་རྩེ་མོར་སོན། འཕགས་ཡུལ་ནཱ་ལེནྡྲ་གཙུག་ལག་ཁང་གི་མཁན་པོ་མཛད། མཚན་སྙན་ཕྱོགས་བཞི་གང་སར་ཁྱབ།
2. ཉང་སྟོད་སྐྱིད་ཁར་བྲག་གི་སྒྲུབ་གནས་ཕྱག་བཏབ། འདི་ནི་སངས་རྒྱས་བསྟན་པ་ཕྱི་དར་སྐབས་ཀྱི་ཞུ་ཡི་གདན་ས་གཙོ་བོ་ཞིག་ཡིན། དབང་ལྡན་ཞུ་གཡས་ལེགས་པོའི་དུས་སུ་སྒྲུབ་སྡེ་བཙུགས་ཏེ་དར་ཞིང་རྒྱས་པར་སྤེལ།
སྤྱི་ལོ1020པ་ལྕགས་སྤྲེལ་ལོ།
ཞུ་སྐྱེ་སེ་ཆེན་པོ་དང་སྲས་སྒྲོལ་བ་གཤེན་རྒྱལ་ཡབ་སྲས་ཀྱིས་སྐྱིད་མཁར་རི་ཞིང་རྩ་ཕུ་བླ་བྲང་ངམ་ཞུ་རི་ཞིང་བོན་དགོན་ཕྱག་བཏབ། འདི་ནི་སངས་རྒྱས་བསྟན་པ་ཕྱི་དར་སྐབས་ཆེས་སྔ་བའི་བོན་དགོན་རྙིང་ཁུངས་ཤིག་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-01-10
གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019