སྤྱི་ལོ1014པ་ཤིང་སྟག་ལོ།

སྤྱི་ལོ1014པ་ཤིང་སྟག་ལོ།
གསང་སྔགས་རྙིང་མའི་སློབ་དཔོན་གསུམ་གྱི་ཡ་གྱལ་ཟུར་ཆུང་ཤེས་རབ་གྲགས་པ་སྐུ་འཁྲུངས། རྗེ་འདི་ཉིད་སྐུ་ཆུང་ངུའི་དུས་ནས་ཟུར་པོ་ཤཱཀྱ་འབྱུང་གནས་ཀྱིས་དྲིན་གྱི་བསྐྱངས་ཏེ་རིག་པའི་གནས་སྤྱི་དང་ཁྱད་པར་དུ་གསང་སྔགས་རྙིང་མའི་བཀའ་བསྟན་གཞུང་ལུགས་མང་པོར་སྦྱང་པ་དཔྱིས་ཕྱིན་མཛད་དེ་མཁས་པའི་རྩེ་མོར་སོན། འུག་པ་ལུང་པའི་གདན་རབས་གཉིས་པ་ཡིན། ཆུང་དུས་ནས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལས་དཔེ་ཆ་ཁྲིད། ཇོ་མོ་གཡུ་མོ་མ་སྨད་གཉིས་དང་བཟའ་བསྒྲིགས་གནང་། ཟུར་པོ་ཆེ་ལ་བསྟེན་ནས་དགོངས་པ་ཇི་ལྟ་བ་བཞིན་དུ་ལོན་པ་དང་། ཆོས་ཀུན་ལ་མཁས་པར་བྱས། འུག་པ་ལུང་པའི་གདན་སར་སློབ་མ་མང་པོ་བསྐྱངས། གདན་ས་གཞན་ལ་གཏད་ཅིང་བྲག་རྒྱ་པོ་དགུ་འདུས་སུ་བྱོན། སྒོམ་སྒྲུབ་ལོ་ངོ་བཅུ་བཞིའི་རིང་མཛད་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། ས་རྡོ་རི་བྲག་ཀུན་ལ་ཐོགས་མེད་རྒྱུ་བ་བྱུང་། མཚན་ལ་ཡང་བདེ་གཤེགས་རྒྱ་བོ་ཞེས་ཞུ། སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ་དང་། སློབ་མའི་ཚོགས་ནི་ཀ་བ་བཞི་དང་། གདུང་མ་བརྒྱད། ཕྱམ་བཅུ་དྲུག དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག དཀྱུས་པ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱོན། སློབ་མ་དེ་ལས་ཀ་བ་བཞི་ནི་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་དང་། གླན་སྟོན་ཤཱཀྱ་བཟང་པོ། ཡང་ཁེང་བླ་མ། མདའ་ཏི་ཇོ་ཤཱཀྱ་བཅས་དང་། གདུང་མ་བརྒྱད་ནི་མ་ཐོག་བྱང་འབར་དང་། སྐྱ་སྟོན་ཆོས་ཀྱི་སེང་གེ གླན་ཤཱཀྱ་བྱང་ཆུབ། རྩགས་ཤཱཀྱ་རིང་། སྣུབས་སྟོན་ཆོས་ཀྱི་སེང་གེ དབུས་པ་ས་འཐོར། སུལ་སྟོན་ཟླ་བ་གྲགས་པ། རྩེ་ཕྲོམ་བྱང་དཔལ་བཅས་ཡིན།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-01-03
གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019