སྤྱི་ལོ1012པ་ཆུ་བྱི་ལོ།

སྤྱི་ལོ1012པ་ཆུ་བྱི་ལོ།
མར་པ་དབང་ཕྱུག་འོད་ཟེར་དང་། ཡུམ་རྒྱལ་མོ་འོད་ཟེར་གཉིས་ཀྱི་སྲས་མར་པ་ཆོས་ཀྱི་བློ་གྲོས་ལྷོ་བྲག་ཆུ་ཁྱེར་གྱི་གྲོ་བོ་ལུང་དུ་སྐུ་འཁྲངས། ཡབ་འདི་ཉིད་ལ་སྲས་བཞི་ཡོད་པའི་གསུམ་པ་དེ་ཡིན། སྐུ་ན་ཆུང་ངུའི་དུས་ནས་ཐུགས་གཤིས་རྩུབ་ཙམ་ཡོད་ཀྱང་། སྐྱེས་སྟོབས་ཤེས་རབ་ཀྱི་རྩལ་དང་ལྡན་པས་སྐྱེ་བོ་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར།
སྐུ་ན་སོན་རྗེས་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་དྲུང་ནས་སྒྲ་རིག་པར་སྦྱང་པ་མཛད་དེ་སྦྱང་འབྲས་གཟེངས་སུ་ཐོན་པ་བྱུང་། དེ་ནས་དགེ་ཚུལ་ཤེས་རབ་སེང་གེས་ལམ་རྒྱུས་མཛད་དེ་རྒྱ་གར་འཕགས་པའི་ཡུལ་གྱི་རྟེན་ནཱ་ལེན་དྲར་ཕེབས། སློབ་དཔོན་ཆེན་པོ་ནཱ་རོ་པ་དང་། སློབ་དཔོན་ཆེན་པོ་ཀུ་ཀུ་རི་པ་སོགས་དང་མཇལ་ནས་དགྱེས་རྡོར་དང་། གསང་བ་འདུས་པའི་དབང་རྒྱུད་མན་ངག་འཕགས་ལུགས་མཐའ་དག་གསན། དེ་རྗེས་སློབ་ཆེན་པོ་མཻ་ཏྲི་པ་དང་མཇལ་ནས་ཆོས་མང་དུ་གསན། དེ་ནས་བོད་དུ་ཕྱིར་ཕེབས་ནས་གྲོ་བོ་ལུང་དུ་བཞུགས། སྔ་རྗེས་སུ་བདག་མེད་མ་ལ་སོགས་གསང་ཡུམ་དགུ་ཁབ་ཏུ་བཞེས། བདག་མེད་མ་ལ་གདུང་སྲས་མདོ་སྡེ་འཁྲུངས། སླར་ཡང་རྒྱ་གར་དང་བལ་ཡུལ། ཁ་ཆེ་ལ་སོགས་པར་ཕེབས་ཏེ་ལོ་པཎ་དུ་མའི་ཞབས་ལ་གཏུགས་ནས་བཀའ་བསྟན་གཞུང་ལུགས་མང་དུ་གསན། མཁས་པའི་རྩེ་མོར་སོན། བསྟན་བཅོས་མང་པོ་བོད་དུ་བསྒྱུར། བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་གཏོད། རབ་བྱུང་གཉིས་པའི་མེ་གླང(1079)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-12-12
གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019