སྤྱི་ལོ1005པ་ཤིང་སྦྲུལ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1005པ་ཤིང་སྦྲུལ་ལོ།
སྤྱི་ལོ1005པ་ཤིང་སྦྲུལ་ལོ། ལོ་འདིར། བཀའ་གདམས་བསྟན་པའི་ཤིང་རྟ་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྐུ་འཁྲུངས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1005
བོད་ཡིག་གི་མིང་།
ཤིང་སྦྲུལ།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1005པ་ཤིང་སྦྲུལ་ལོ། ལོ་འདིར་འབྲོམས་སྟོན་པ་རྒྱལ་བའི་འབྱུང་གནས་སྐུ་བལྟམས། 

2 མི་སྣའི་མཛད་འཕྲིན། 

རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་འབྲུག་སྤྱི་ལོ1005ལོར་དབུ་རུ་བྱང་ཕྱོགས་ཀྱི་སྟོད་ལུང་ཕུའི་འོག་བྱང་གི་གཉན་ཆེན་ཐང་ལྷའི་རྩ་སྒྱེ་མོ་ཞེས་པར་ཡབ་རྟ་གསུམ་སྐུ་གཤེན་ཡག་གཞེར་འཕེན་དང་། ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྐུ་འཁྲུངས། རུས་ཡང་གཞེར། བྱིས་དུས་ཀྱི་མཚན་ལ་ཆོས་འཕེལ་བཏགས། ཆུང་དུས་ནས་ཡུམ་གཤེགས་རྗེས་ཡབ་ཀྱིས་མ་ཡར་གཅིག་བླངས་པས་རྒྱུན་དུ་སྡང་པོ་བྱས་པའི་རྐྱེན་གྱིས་ཁམས་སུ་བྲོས་ཕེབས། དགེ་བཤེས་གཡུང་ཆོས་མགོན་ལས་ཡི་གེའི་འབྲི་ཀློག་བསླབས། རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ། 

དགུང་ལོ་བཅུ་དགུ་པར་གྲུམ་གྱི་མཁན་བུ་ཆེན་པོ་སེ་བཙུན་ལས་དབུ་མ་དང་། སྤྱོད་ཕྱོགས། སྔགས་རྙིང་མ་སོགས་སྦྱངས། བླ་མ་སེ་བཙུན་པ་མཆོག་ལ་ཉིན་མོ་ནང་གཡོག རྟ་ཕྱུགས་གསོ་བ། ཕྱེ་འཐག་པ་སོགས་མཛད་པའི་ཞོར་ལ་སློབ་སྦྱོང་དང་མ་བྲལ་བར་གནང༌། མཚན་མོར་བླ་མའི་ཞིང་སྲུང་སོགས་མཛད་དེ་བླ་མའི་ཞབས་འདེགས་དང་རང་ཉིད་ཀྱི་སློབ་གཉེར་འཐུས་ཤོར་མེད་པ་མཛད། པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་། སཾསྐྲྀ་ཏའི་སྐད་ལ་བསླབས། དགུང་ལོ་སོ་བརྒྱད་པར་སྤྱི་ལོ1042ལོར་ཁམས་ནས་མངའ་རིས་སུ་ཇོ་བོ་རྗེ་མཇལ་དུ་ཕེབས། ཇོ་བོ་རྗེ་ཉིན་གཉིས་གསུམ་ནས་མ་འགྱངས་པར་རྒྱ་གར་དུ་ཕྱིར་ཕེབས་གནང་ཉེའི་དུས་སུ་པུ་ཧྲེངས་རྒྱ་ཞིང་ཟེར་བའི་གྲོང་གི་ནང་དུ་མཇལ། བཀའ་ཆོས་གསན། དེ་ནས་དབུས་གཙང་གི་དགེ་བཤེས་མཁས་པ་ཚོར་ཇོ་བོ་རྗེ་ལྟ་བུའི་པནྜི་ཏ་རྒྱ་གར་ནས་བོད་དུ་ཕེབས་པ་ཐེངས་གཅིག་ཡིན་པས་ངེས་པར་དུ་བོད་དབུས་གཙང་དུ་གདན་འདྲེན་ཞུ་དགོས་ཞེས་ཕྱག་བྲིས་གནང་བ་ལྟར་དབུས་གཙང་གི་མཁས་པ་རྣམས་ཀྱིས་ཇོ་བོ་བོད་དབུས་གཙང་དུ་གདན་དྲངས། དེ་ནས་ཇོ་བོ་རྗེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སར་ཟླ་བ་གསུམ་ཙམ་བཞུགས་ཡུན་མ་གཏོགས་སྐུ་ཚེ་གཅིག་རིང་འབྲོམ་གྱིས་ནང་གཡོག་གཙོ་བོར་མཛད་དེ། ཞར་ལ་གོ་སྐབས་བྱུང་ཚེ་ཆོས་ཞུ་བར་མཛད། ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་ནས་སྐུ་གདུང་དང་ཕྱག་དཔེ་སོགས་སློབ་མ་ཚོར་གནང་དགོས་རིགས་གནང་ནས་སྐུ་གདུང་ཐུགས་དམ་རྟེན་བཅས་དང༌། ཇོ་བོས་གསོ་སྐྱོང་གནང་བའི་སློབ་མ་ཚོགས་པ་ཁག་རྣམས་ཁྲིད་དེ་རྭ་སྒྲེང་དུ་ཕེབས། དགུང་ལོ་ང་བཞི་པ་རབ་བྱུང་དང་པོའི་མེ་བྱ་སྤྱི་ལོ1057ལོར་འཕྲང་ཁ་བེར་ཆུང་གིས་སྦྱིན་བདག་གཙོ་བོ་བྱས་ཏེ་རྭ་སྒྲེང་དགོན་པ་ཕྱག་བཏབ། དངུལ་གྱི་མཆོད་རྟེན་ཞིག་གི་ནང་ཇོ་བོའི་སྐུ་གདུང་བཞུགས། ཇོ་བོའི་སློབ་མ་རྣམས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས། བཀའ་གདམས་བསྟན་པའི་བདག་པོར་གྱུར། དགེ་བསྙེན་ཡིན་ཡང་བསླབ་ཁྲིམས་དགེ་སློང་ལས་ཀྱང་ལྷག་པར་མཛད། དགུང་ལོ་རེ་གཅིག་པ་རབ་བྱུང་དང་པོའི་ཤིང་འབྲུག་སྤྱི་ལོ1064ལོར་རྭ་སྒྲེང་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་པོ་ཏོ་བ་རིན་ཆེན་གསལ་དང་། སྤྱང་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་བཅས་ཡིན། གསུང་རྩོམ་ནི་མི་ཆོས་གནད་ཀྱི་ཕྲེང་བ་ལྟ་བུ་བསླབ་བྱའི་སྐོར་དང་། ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་ལྟ་བུ་བསྟོད་ཚོགས་ཀྱི་སྐོར་དང་། ས་དཔྱད། ལོ་རྒྱུས། རྣམ་ཐར། བཅའ་ཡིག འཕྲིན་ཡིག་བཅས་བསྟན་བཅོས་མང་པོར་བཞུགས། བརྒྱད་སྟོང་པ་དང་། བརྒྱད་སྟོང་འགྲེལ་ཆེན། འགྲེལ་ཆུང་། ཉི་ཁྲི་སྣང་བ་ལ་སོགས་པའི་མདོ་ཕྱོགས་ཀྱི་སྐོར་དང་། ཡེ་ཤེས་གྲུབ་པ་ལ་སོགས་པའི་སྔགས་ཕྱོགས་ཀྱི་སྐོར་ལ་འགྱུར་བཅོས་དང་ཞུས་དག་མང་དུ་མཛད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-01-09

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།