མི་རིགས་སྲིད་ཇུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་རིགས་སྲིད་ཇུས།
མི་རིགས་སྲིད་ཇུས་ཞེས་པ་ནི་རྒྱལ་ཁབ་དང་སྲིད་ཏང་གིས་མི་རིགས་ཀྱི་འབྲེལ་བ་སྙོམ་སྒྲིག་བྱེད་ཆེད་དང་། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད་སྤྱད་པའི་འབྲེལ་ཡོད་བྱེད་ཐབས་དང་གཏན་འབེབས་སོགས་ཀྱི་སྤྱི་བསྡོམས་ལ་ཟེར་བ་དང་། མངའ་ཁོངས་ནང་གི་མི་རིགས་ཁག་ལ་བཀོལ་པའི་སྲིད་ཇུས་ཡིན། མི་རིགས་སྲིད་ཇུས་ཀྱི་རྩ་དོན་ནི་སྤྱིར་བཏང་དུ་མི་རིགས་ལས་དོན་གྱི་ཁྱོན་ཡོངས་ཁྲོད་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་སྲིད་དོན་བྱེད་ཕྱོགས་ཡིན། ཀྲུང་གོ་གསར་པས་ལག་བསྟར་བྱས་པའི་མི་རིགས་སྲིད་ཇུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཉིད་ས་ཞིང་གསར་བརྗེའི་དུས་སྐབས་ནས་བཟུང་གྲངས་ཉུང་མི་རིགས་དང་ཆབ་སྲིད་འཐབ་ཕྱོགས་གཅིག་གྱུར་བཙུགས་པ་སྲུང་སྐྱོང་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་བཏང་། འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ན། མི་རིགས་སྲིད་ཇུས་ཀྱི་ངོ་བོ་དང་ནུས་པ་ལ་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ནུས་པ་ལྡན་པ་སྟེ། དྲང་ཕྱོགས་ཀྱི་ཐད་ནས་དཔེར་ན“མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་འཕེལ་རྒྱས”ཀྱི་སྲིད་ཇུས་དང་། ལྡོག་ཕྱོགས་ཀྱི་ཐད་ནས་དཔེར་ན“རིགས་རྒྱུད་སོ་སོར་བཀར་བ་དང་། རིགས་རྒྱུད་ལ་མཐོང་ཆུང་བྱེད་པའི”སྲིད་ཇུས་སོགས་ཡིན། ནང་དོན་ལ་བལྟས་ན། སྲིད་ཇུས་ཀྱི་རྩ་དོན་དང་སྲིད་ཇུས་ཀྱི་བྱེད་ཐབས་གཉིས་སུ་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民族政策
དབྱིན་ཡིག་གི་མིང་།
Policy towards nationalities
དྲང་ཕྱོགས་ཀྱི་དོན་སྙིང་།
མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ།
ལྡོག་ཕྱོགས་ཀྱི་དོན་སྙིང་།
རིགས་རྒྱུད་སོ་སོར་བཀར་བ་དང་། རིགས་རྒྱུད་ལ་མཐོང་ཆུང་བྱེད་པ།
འབྲེལ་ཡོད་ཀྱི་གཞུང་ལུགས།
མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས།
དཀར་ཆག
1   ​མི་རིགས་སྲིད་ཇུས་ཀྱི་ངོ་བོ།
2   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས།
2.1 མི་རིགས་འདྲ་མཉམ། མཐུན་སྒྲིལ། ཐུན་མོང་ཐོག་དར་རྒྱས་བཅས་ཡོང་བ།
2.2 མི་རིགས་ས་ཁོངས་རང་སྐྱོང་།
3   བྱེད་ཐབས།
3.1 གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བ།
3.2 གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་པ།
3.3 གྲངས་ཉུང་མི་རིགས་ཀྱི་ཚན་སློབ་རིག་འཕྲོད་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ།
3.4 གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བ།
3.5 གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ།
3.6 གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ།
1 ​མི་རིགས་སྲིད་ཇུས་ཀྱི་ངོ་བོ།

ཀྲུང་གོའི་མི་རིགས་སྲིད་ཇུས་ནི་དོན་དངོས་ཐོག་གྲངས་ཉུང་མི་རིགས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཡིན། དེ་ནི་ཀྲུང་གོ་སྲིད་གཞུང་གིས་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་གཞིར་བཟུང་སྟེ། ཀྲུང་གོའི་མི་རིགས་མང་བའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་རིགས་ཀྱི་གནད་དོན་དུས་ཡུན་རིང་པོར་གནས་པའི་ཕྱི་རོལ་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏན་འབེབས་བྱས་པ་ཡིན་ཞིང་། དེའི་ངོ་བོ་ནི་མི་རིགས་ཁག་འདྲ་མཉམ་མཐུན་སྒྲིལ་དང་། འཕེལ་རྒྱས་ཡར་ཐོན། ཐུན་མོང་དར་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ཀྱི་གནད་དོན་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པའི་གནད་ཀ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་སྲིད་ཇུས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།

2 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས།

མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དུ་ས་ཁོངས་རང་སྐྱོང་ལག་བསྟར་བྱ་རྒྱུ།

2_1 མི་རིགས་འདྲ་མཉམ། མཐུན་སྒྲིལ། ཐུན་མོང་ཐོག་དར་རྒྱས་བཅས་ཡོང་བ།

མི་རིགས་འདྲ་མཉམ་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་པ།

ཀྲུང་གོར་མི་རིགས་འདྲ་མཉམ་ཞེས་པ་ནི་མི་རིགས་ཁག་གི་མི་གྲངས་མང་ཉུང་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་ཚད། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་མི་འདྲ་ས་བཅས་གང་ཡིན་རུང་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པས། གོ་གནས་གཅིག་མཚུངས་ཡིན་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིར་ཁྲིམས་ལྟར་ཁེ་དབང་གཅིག་འདྲ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། འོས་འགན་གཅིག་འདྲ་འཁུར་བ། རྣམ་པ་གང་རུང་གི་མི་རིགས་གཉའ་གནོན་དང་མི་རིགས་མཐོང་ཆུང་ལ་ངོ་རྒོལ་བྱེད་པ་བཅས་ལ་ཟེར། མི་རིགས་མཐུན་སྒྲིལ་ཞེས་པ་ནི་མི་རིགས་ཁག་གིས་སྤྱི་ཚོགས་ཀྱི་འཚོ་བ་དང་འགྲོ་འོང་བྱེད་སྐབས་འདྲ་མཉམ་དང་། མཛའ་མཐུན་མཉམ་གནས། ཕན་ཚུན་བརྩི་འཇོག ཕན་ཚུན་རོགས་རམ་བཅས་བྱེད་པར་ཟེར། མི་རིགས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་དང་མི་རིགས་ཐུན་མོང་དར་རྒྱས་ཡོང་བའི་སྔོན་འགྲོ་དང་རྨང་གཞི་ཡིན། མི་རིགས་མཐུན་སྒྲིལ་ནི་མི་རིགས་འདྲ་མཉམ་གྱི་ལྡོག་མེད་འབྲས་བུ་ཡིན་ཞིང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བ་དང་། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་གཞི་འཛིན་ས་དང་མཐའ་འབྲས་ཡིན་ལ། མི་རིགས་ཁག་དངོས་གནས་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་བའི་འགན་སྲུང་ཡིན།

མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་ནི་ཀྲུང་གོ་སྲིད་གཞུང་གིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་སྲིད་ཇུས་ཡིན་པའི་ཆ་ནས། ཀྲུང་གོའི་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ནང་དུ་གཏན་འཁེལ་གསལ་བོ་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་གྱི་ཁེ་དབང་དང་ཁེ་ཕན་འགན་སྲུང་དང་། མི་རིགས་ཁག་གི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ། མི་རིགས་གང་རུང་ལ་མཐོང་ཆུང་དང་གཉའ་གནོན་བྱེད་མི་ཆོག”ཞེས་གཏན་འཁེལ་བྱས་ཡོད།

མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ནི་རང་རྒྱལ་གྱི་གཞི་རྩའི་མི་རིགས་སྲིད་ཇུས་ཡིན། རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མི་རིགས་མི་འདྲ་བ56འཚོ་བ་སྐྱེལ་བཞིན་ཡོད་པ་དང་། མི་རིགས་ཁག་གི་མི་གྲངས་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ཕྱོགས་གང་ཅིའི་ཐད་ལ་ཁྱད་པར་ཡོད་པས། མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་གྱི་མི་རིགས་སྲིད་ཇུས་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་འདྲ་མཉམ་གྱི་གོ་གནས་དང་། ཁེ་དབང་། འོས་འགན་བཅས་སྲུང་སྐྱོང་བྱ་དགོས། མི་རིགས་ཁག་གི་ཡུལ་སྲོལ་དང་། རིག་གནས། སྲོལ་རྒྱུན་བཅས་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་མི་རིགས་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་དགོས།

མི་རིགས་འདྲ་མཉམ་གྱི་མཛའ་མཐུན་རྨང་གཞི་བརྟན་དུ་གཏོང་དགོས། མི་རིགས་འདྲ་མཉམ་ནི་མི་རིགས་འཕེལ་རྒྱས་དང་མི་རིགས་སྤེལ་རེས་ཀྱི་རྨང་གཞི་ཡིན་ཞིང་། མི་རིགས་འདྲ་མཉམ་མེད་ན་མཉམ་ལས་དང་འཕེལ་རྒྱས་ལ་ས་ཞིང་དང་། མཐུན་སྒྲིལ། རོགས་རེས་བཅས་ཀྱང་སྤེལ་རེས་ཀྱི་ཐབས་ལམ་མེད། མི་རིགས་འདྲ་མཉམ་གྱི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རྣམ་པ་གང་རུང་གི་མི་རིགས་གཉའ་གནོན་དང་མི་རིགས་མཐོང་ཆུང་ལ་ངོ་རྒོལ་བྱེད་ཕོད་པ་བྱེད་དགོས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་ཐད་འདྲ་མཉམ་གྱི་གནས་བབ་དང་འགན་ལེན་བྱེད་དགོས།

མི་རིགས་མཐུན་སྒྲིལ་གྱི་གསར་བརྗེའི་བརྩེ་དུང་གསོ་སྐྱོང་བྱ་དགོས། མི་རིགས་འདྲ་མཉམ་ནི་རྨང་གཞི་ཡིན་པ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་དམིགས་ཡུལ་ཡིན་པ། མི་རིགས་མཐུན་སྒྲིལ་ནི་དེ་གཉིས་དབར་གྱི་འབྲེལ་ཟམ་ལྟ་བུ་ཡིན་པས། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་མཛེས་སྡུག་ལྡན་པའི་རྣམ་པ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་མི་རིགས་འདྲ་མཉམ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་རིགས་ཁག་གི་མཐུན་སྒྲིལ་ལ་བརྩེ་སེམས་ལྡན་པའི་གསར་བརྗེའི་བརྩེ་དུང་ཟབ་ཏུ་གཏོང་དགོས། མི་རིགས་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་སྤེལ་རེས་ལ་བརྟེན་ནས་ཁས་ལེན་ལ་སྐུལ་འདེད་གཏོང་བ་དང་། མོས་སེམས་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དར་རྒྱས་འགྲོ་འགོར་བའི་མི་རིགས་ས་ཁུལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱེད་པ། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་དགོས།

མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་རྒྱུན་འཁྱོངས་བྱས་ན། སྐད་རིགས56གིས་ཚིག་གཅིག་ཏུ་བསྡུས་ན། མི་རིགས56གི་ཕུ་ནུ་སྤུན་ཟླའི་སེམས་པ་གཅིག་ཏུ་སྦྲེལ་ན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོར་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་དར་རྒྱས་ཀྱི་མེ་ཏོག་ཐོབ་ངེས་རེད།

2_2 མི་རིགས་ས་ཁོངས་རང་སྐྱོང་།

མི་རིགས་ས་ཁོངས་རང་སྐྱོང་ནི་ཀྲུང་གོའི་སྲིད་གཞུང་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་པར་སྤྱོད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ། ཀྲུང་གོའི་ཆབ་སྲིད་ལམ་ལུགས་གལ་ཆེན་ཞིག་ཀྱང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས། ཆབ་སྲིད་གྲོས་མོལ་ལམ་ལུགས་བཅས་དང་འདྲ་བར་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན། མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཁག་ཏུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་དང་། རང་སྐྱོང་ལས་ཁུངས་འཛུགས་པ། རང་སྐྱོང་དབང་ཆ་སྤྱོད་པ། གྲངས་ཉུང་མི་རིགས་ཀྱི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། རང་གིས་རང་སྐྱོང་ས་གནས་དེ་རང་གིས་དོ་དམ་བྱེད་པ་བཅས་ཡིན།

མི་རིགས་ས་ཁོངས་རང་སྐྱོང་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་གཅིག་མཐུན་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པས། གྲངས་ཉུང་མི་རིགས་ཀྱི་ཆབ་སྲིད་ཐད་འདྲ་མཉམ་གྱི་གོ་གནས་དང་འདྲ་མཉམ་གྱི་ཁེ་དབང་འགན་སྲུང་བྱས་པ་དང་། གྲངས་ཉུང་མི་རིགས་ཁག་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ཧུར་ཐག་གིས་ཞུགས་པའི་རེ་འདུན་སྐོང་ཐུབ་པ་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་གི་རྩ་དོན་གཞིར་བཟུང་ནས་མི་རིགས་ཤིག་གིས་རང་མི་རིགས་འདུས་སྡོད་ས་ཁུལ་དུ་རང་སྐྱོང་ས་གནས་ཤིག་ལོགས་སུ་བཙུགས་ཆོག་ལ། དེས་ཁྱབ་ཚུལ་ལ་གཞིགས་ནས་རྒྱལ་ཡོངས་ཀྱི་ས་གནས་གཞན་དག་ཏུ་སྲིད་འཛིན་སྡེ་ཚན་མི་འདྲ་བའི་མི་རིགས་རང་སྐྱོང་ས་གནས་མང་པོ་བཙུགས་ཆོག མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རང་སྐྱོང་དབང་ཆར་འགན་སྲུང་བྱས་ཡོད་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་ཡང་བྱས་ཡོད། མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེས་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དག་གྲངས་ཉུང་མི་རིགས་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་དགེ་མཚན་འདོན་སྤེལ་བྱེད་པར་ཕན་ཐོགས་ཡོད།

ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཁྱད་ཆོས་མངོན་གསལ་གཉིས་ཡོད། གཅིག་ནི་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གི་རང་སྐྱོང་ཡིན། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། མི་རིགས་རང་སྐྱོང་ས་གནས་ཁག་གི་རང་སྐྱོང་ལས་ཁུངས་ཚང་མ་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་འོག་གི་རིམ་པ་དང་པོའི་ས་གནས་སྲིད་དབང་ཡིན་པས་ངེས་པར་དུ་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དང་ལེན་བྱ་དགོས། གོང་རིམ་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་སྲིད་ཇུས་དང་འཆར་གཞི་ཁག་གཏན་འབེབས་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྤེལ་བྱེད་སྐབས་ངེས་པར་དུ་མི་རིགས་རང་སྐྱོང་ས་གནས་ཁག་གི་གནས་ཚུལ་དང་དགོས་མཁོར་བསམ་གཞིགས་གང་ལེགས་བྱ་དགོས་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་རོགས་རམ་དང་རྒྱབ་སྐྱོར་བྱ་དགོས། གཉིས་ནི་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་ངམ་ས་གནས་རང་སྐྱོང་ཁོ་ན་མ་ཡིན་པར་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དང་། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་ཟུང་འབྲེལ་ཡིན། ཀྲུང་གོར་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་ན་རྒྱལ་ཁབ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ཡོང་བར་ཕན་པ་བྱ་དགོས་ལ། རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་ཡང་ཕན་པ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལའང་ཕན་པ་བྱ་དགོས།

སྤྱི་ལོ2018ལོའི་བར་ཀྲུང་གོར་མི་རིགས་རང་སྐྱོང་ས་གནས155ཡོད་པའི་ནང་རང་སྐྱོང་ལྗོངས5དང་། རང་སྐྱོང་ཁུལ30རང་སྐྱོང་རྫོང120བཅས་ཡོད།

3 བྱེད་ཐབས།
3_1 གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་མི་རིགས་ཁག་ཐུན་མོང་དུ་འཕེལ་རྒྱས་དང་ཐུན་མོང་དུ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་དམིགས་བསལ་གྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་བྱས་ཏེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་རམ་དང་རོགས་སྐྱོར་བྱས་པ་མ་ཟད། རྒྱ་རིགས་དར་རྒྱས་ཆེ་བའི་ས་ཁུལ་གྱིས་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་པར་སྐུལ་སློང་དང་སྒྲིག་འཛུགས་བྱས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ནང་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་འཕེལ་རྒྱས་གཏོང་བར་རོགས་རམ་བྱེད་པའི་འོས་འགན་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་བཟོ་སྐབས་འཆར་གཞི་ལྡན་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་གཙོ་གནད་ལས་གྲྭ་ཁ་ཤས་བཀོད་སྒྲིག་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག ཐོན་ལས་སྣ་མང་གོང་སྤེལ། ཕྱོགས་བསྡུས་དཔལ་འབྱོར་གྱི་ཤུགས་དངོས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། ལྷག་པར་དུ་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་ལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ་དང་། གྲངས་ཉུང་མི་རིགས་ས་ཁུལ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཆེད། རྒྱལ་ཁབ་ཀྱིས་ད་དུང་གཤམ་གསལ་གྱི་བྱེད་ཐབས་གསུམ་སྤྱད་པ་སྟེ།

གཅིག་ནས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱ་དགོས། ནུབ་རྒྱུད་ནི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་གཙོ་བོ་ཡིན་ཞིང་། མི་རིགས་40ལྷག་ཡོད་ལ། མི་འབོར་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྤྱིའི་མི་འབོར་གྱི་བརྒྱ་ཆའི71ཟིན། རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ས་གནས155ཡི་ནང་རང་སྐྱོང་ལྗོངས5དང་། རང་སྐྱོང་ཁུལ27དང་། རང་སྐྱོང་རྫོང84ནུབ་རྒྱུད་དུ་གནས་པ་དེས་ནུབ་རྒྱུད་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི86.4%ཟིན་ཡོད། ཡུན་ནན་དང་། ཀུའེ་ཀྲོའུ། མཚོ་སྔོན་བཅས་མི་རིགས་མང་བའི་ཞིང་ཆེན་གསུམ་ཡང་ནུབ་རྒྱུད་དུ་གནས་པ། ཧུའུ་ནན་གྱི་ཞང་ཞི་ཐུའུ་ཅ་རིགས་ཀྱི་རང་སྐྱོང་ཁུལ་དང་ཧུའུ་པེ་ཨེན་ཧྲི་ཐུའུ་ཅ་རིགས་ཀྱི་རང་སྐྱོང་ཁུལ་དང་ཅི་ལིན་གྱི་ཡན་པེན་ཁྲའོ་ཞན་རིགས་ཀྱི་རང་སྐྱོང་ཁུལ་སོགས་ནུབ་རྒྱུད་དུ་མེད་ནའང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རང་སྐྱོང་ཁུལ་སྲིད་ཇུས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱས། དེར་བརྟེན། ནུབ་རྒྱུད་གསར་སྤེལ་ཆེན་པོ་ནི་མི་རིགས་ས་ཁུལ་གསར་སྤེལ་ཆེན་པོ་ཡིན་པ་དང་། མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་རེད།

གཉིས་ནི“མཐའ་དར་དམངས་ཕྱུག་གི་འགུལ་སྐྱོད”སྤེལ་དགོས། འགུལ་སྐྱོད་དེ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དོན་འཁྱོལ་བྱས་པ་དང་ཀྲུང་དབྱང་གིས་བཏོན་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ཤིག་ཡིན། དེ་ནི་མཐའ་མཚམས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བའི་བྱ་ཐབས་ཤིག་རེད། ལག་བསྟར་བྱེད་ཁོངས་སུ་རང་རྒྱལ་གྱི་སྐམ་སའི་ས་མཚམས་སྤྱི་ལེ་ཁྲི2.1ཐོག་གི་རྫོང(ཆི་དང་གྲོང་ཁྱེར)135ཡོད་པ་རེད། ནང་དོན་གཙོ་བོ་ཕྱོགས་གསུམ་ཡོད་པ་སྟེ། གཅིག་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནི་རྫོང་གྲོང་གི་དཔལ་འབྱོར་འཕར་བའི་ལམ་སྲོལ་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུ། གསུམ་ནི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། སྤྱི་ལོ2002ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི“མཐའ་དར་དམངས་ཕྱུག་གི་མགུལ་སྐྱོད”ཐད་མ་དངུལ་སྒོར་དུང་ཕྱུར150བཏང་ནས་མཐའ་དར་དམངས་ཕྱུག་རྣམ་གྲངས་ཁྲི་ཁ་ཤས་གསར་སྐྲུན་བྱས་པས་མི་ཁྲི2100ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

གསུམ་ནི་མི་འབོར་ཅུང་ཉུང་བའི་མི་རིགས22ཀྱི་འཕེལ་རྒྱས་གཙོ་གནད་དུ་བཟུང་ནས་རོགས་སྐྱོར་བྱ་དགོས། མི་འབོར་ཅུང་ཉུང་བའི་མི་རིགས་ཞེས་པ་ནི་མི་འབོར་ཁྲི10མན་ཟིན་པའི་མི་རིགས་ལ་ཟེར་ཞིང་། རྒྱལ་ཡོངས་སུ་འདི་འདྲའི་མི་རིགས22ཡོད་པ་དང་སྤྱིའི་མི་འབོར་ཁྲི60ཡང་ཟིན་གྱི་མེད། ལོ་རྒྱུས་དང་ས་ཁམས་སོགས་ཀྱི་དབང་གིས་མི་རིགས22ཀྱི་འཚར་སྐྱེའི་ཚད་ཅུང་དམའ་བ་རེད། སླད་ཕྱིན་ལོ10ཡི་ནང་རྒྱལ་ཁབ་ཀྱི་འཆར་གཞིར་ལོ་ལྟར་སྒོར་དུང་ཕྱུར5བཏང་ནས་འཕེལ་རྒྱས་ལ་རོགས་རམ་བྱེད་རྒྱུ་རེད།

3_2 གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་པ།

གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུ་ནི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་དང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་སྔར་ནས་བཟུང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་ཁག་གི་གནས་ཚུལ་དེ་མི་རིགས་ཤིག་གི་འཕེལ་རྒྱས་ཆུ་ཚད་བསྡུར་ཞིབ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་གནས་ཚུལ་དངོས་ལ་གཞིགས་ནས་ཏང་དང་སྲིད་གཞུང་གིས་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་སྟེ།

གཅིག་ནི་མི་རིགས་ལས་དོན་དང་དེ་བཞིན་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་ཆེན་དང་སློབ་གླིང་གསོ་སྦྱོང་དང་སློབ་སྦྱོང་བྱས་པ་བརྒྱུད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། གཉིས་ནི་ལག་ལེན་དངོས་ཀྱི་སྦྱོང་བརྡར་ལ་དོ་སྣང་བྱས་ཏེ། ས་གནས་ཁག་དང་སྡེ་ཁག་སོ་སོས་འཆར་གཞི་ཡོད་པའི་སྒོ་ནས་ལས་བྱེད་པ་བརྗེ་རེས་དང་ལས་གནས་བརྗེ་རེས་བྱས་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཀྲུང་དབྱང་དང་། རྒྱལ་ཁབ་ཀྱི་ལས་ཁུངས། དཔལ་འབྱོར་བལྟོས་བཅས་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་བཅས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་པ། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། གསུམ་ནི་སྤྱོད་ཡོན་གཉིས་ལྡན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྔོན་ལ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འདེམས་སྒྲུག་དང་བཀོལ་སྤྱོད་བྱས་ཏེ། རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་། མི་དམངས་འཐུས་ཚོགས། སྲིད་གྲོས་སོགས་འགོ་ཁྲིད་ཚན་པའི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་བསྡུར་ཚད་འོས་འཚམ་ཟིན་དུ་འཇུག་དགོས།

3_3 གྲངས་ཉུང་མི་རིགས་ཀྱི་ཚན་སློབ་རིག་འཕྲོད་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ།

གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་བྱ་གཞག་གོང་དུ་སྤེལ་བའི་ཐད་ལ་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་དང་མི་རིགས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་ཧུར་ཐག་བྱ་རྒྱུ། དཔེར་ན། གྲངས་ཉུང་མི་རིགས་རང་སྐྱོང་ས་གནས་ལ་རང་བདག་གིས་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་དབང་ཆ་གནང་བ་དང་དེར་བརྩི་འཇོག་བྱེད་པ་དང་། མི་རིགས་སྐད་ཡིག་སློབ་ཁྲིད་དང་སྐད་གཉིས་སློབ་ཁྲིད་ལ་མཐོང་ཆེན་བྱེད་པ། གྲངས་ཉུང་མི་རིགས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འགྲོ་གྲོན་ཐད་དམིགས་བསལ་གྱི་གཟིགས་སྐྱོང་བྱེད་པ། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོར་ཁ་གཏད་རོགས་སྐྱོར་ཧུར་ཐག་བྱེད་པ་སོགས་ལྟ་བུ་རེད།

གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་བྱ་གཞག་གོང་དུ་སྤེལ་བའི་ཐད་ལ་རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་བྱེད་ཐབས་མང་པོ་སྤྱད་ཡོད་པ་དཔེར་ན། གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་མི་སྣ་གཙོ་གནད་དུ་བཟུང་ནས་སྐྱེད་སྲིང་དང་གསོ་སྐྱོང་བྱ་རྒྱུ་དང་། མཐོ་རིམ་སློབ་གྲྭ་དཀྱུས་མར་འཆར་གཞི་ཡོད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་བའམ་མི་རིགས་འཛིན་གྲྭ་འཛུགས་གཉེར་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་དང་སྔོན་ཐོན་ལག་རྩལ་སྒྲིག་ཆས་ལ་རོགས་རམ་བྱེད་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་དང་སྲོལ་རྒྱུན་གྱི་ཐོན་རྫས་བསྒྱུར་བཀོད་བྱེད་པ། སྲོལ་རྒྱུན་གྱི་ཚན་རྩལ་ལ་རོགས་སྐྱོར་དང་མཐོར་འདེགས་གཏོང་བ། དཔལ་འབྱོར་གྱི་ཕན་འབྲས་མཐོར་འདེགས་གཏོང་བ་སོགས་ལ་རོགས་རམ་བྱེད་དགོས།

གྲངས་ཉུང་མི་རིགས་ས་ཁུལ་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ནང་ནན་བཤད་བྱས་དོན། གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ནད་འགོག་ནད་བཅོས་དང་འཕྲོད་བསྟེན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། མི་རིགས་སྨན་རྫས་བྱ་གཞག་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་ཤུགས་ཆེན་བྱེད་པ་སོགས་ཡིན།

གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲིད་ཇུས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་ལ་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་བར་རོགས་སྐྱོར་དང་རོགས་རམ་བྱས་ནས་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཚོགས་པ་སྒྲིག་འཛུགས་དང་། གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་པ་གསོ་སྐྱོང་། མི་རིགས་ཀྱི་རིག་རྩལ་གསར་རྩོམ་དར་རྒྱས་ཡོང་བ་བཅས་བྱ་རྒྱུ།

3_4 གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བ།

ཀྲུང་གོའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་དང་ཁེ་དབང་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང་གཏན་འབེབས་བྱས་དོན། མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གཞུང་དོན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་པའི་ནང“མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་བའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ”ཞེས་གཏན་འབེབས་བྱས་ཡོད། དོན་ཚན་ཉེར་གཅིག་པའི་ནང་གཏན་འབེབས་བྱས་དོན། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས། ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་ཆོག” དོན་ཚན37པས་གཏན་འབེབས་བྱས་དོན། “གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་རྒྱུ་གཙོ་བོར་འཛིན་པའི་སློབ་གྲྭ(འཛིན་གྲྭ)དང་སློབ་གསོའི་སྒྲིག་གཞི་གཞན་དག་ལ་ཆ་རྐྱེན་འཛོམས་པ་རྣམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་སྤྱོད་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཐོག་ནས་སློབ་ཁྲིད་བྱ་དགོས” “མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནོར་སྲིད་ཐད་ནས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་དང་དཔེ་སྐྲུན་ཡིག་རིགས་རྩོམ་སྒྱུར་དང་དཔེ་སྐྲུན་ལས་ཀར་རོགས་སྐྱོར་བྱ་དགོས” དོན་ཚན47པས་གཏན་འབེབས་བྱས་དོན། “མི་རིགས་ཁག་གི་སྤྱི་དམངས་ཚང་མར་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་པའི་དབང་ཆ་ཡོད ”

3_5 གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ།

ཀྲུང་གོའི་གྲངས་ཉུང་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་ཡོད་པ་དེ་དག གྱོན་གོས་དང་། བཟའ་བཅའ། སྡོད་གནས། གཉེན་སྒྲིག གུས་སྲོལ། དུར་འཇུག་སོགས་ཕྱོགས་མང་པོའི་ཐད་ནས་མཚོན་ཡོད། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ལ་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་བསྒྱུར་བཅོས་བྱེད་པའི་དབང་ཆ་ཡོད། སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ལ་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་ནམ་བསྒྱུར་བཅོས་བྱེད་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། དང་པོ། གྲངས་ཉུང་མི་རིགས་ཀྱི་གོམས་གཤིས་ལ་བརྩི་འཇོག་བྱ་དགོས། གཉིས་པ། གྲངས་ཉུང་མི་རིགས་ཀྱི་ལོ་གསར་གྱི་གོམས་སྲོལ་ལ་བརྩི་འཇོག་དང་ལྟ་སྐྱོང་བྱ་དགོས། གསུམ་པ། གྲངས་ཉུང་མི་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་ལ་བརྩི་འཇོག་བྱ་དགོས། བཞི་པ། གྲངས་ཉུང་མི་རིགས་ཀྱི་དུར་འཇུག་གོམས་སྲོལ་ལ་བརྩི་འཇོག་བྱ་དགོས། ལྔ་པ། མང་ཚོགས་ཀྱི་སྒྲོག་སྤེལ་སྨྱན་བྱེད་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གནོད་འཚེ་གཏོང་བའི་བྱ་བ་སྔོན་འགོག་བྱ་དགོས། དྲུག་པ། གྲངས་ཉུང་མི་རིགས་ཀྱིས་རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་བསྒྱུར་བཅོས་བྱེད་པའི་རང་དབང་ལ་བརྩི་འཇོག་བྱ་དགོས།

3_6 གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ།

ཀྲུང་གོ་ནི་ཆོས་ལུགས་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། གཙོ་བོ་སངས་རྒྱས་ཆོས་ལུགས་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་མང་ཆེ་བར་ཆོས་ལུགས་དད་མོས་ཡོད་པ་དང་། མི་རིགས་ཁ་ཤས་ཀྱིས་མང་ཚོགས་རང་བཞིན་གྱི་ཆོས་ལུགས་ཤིག་ལ་དད་མོས་བྱེད་པ་དཔེར་ན་བོད་རིགས་མང་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་པ་ལྟ་བུ་རེད། མི་རིགས་ཁ་ཤས་ཀྱིས་ཆོས་ལུགས་རིགས་གཅིག་ལ་དད་མོས་བྱེད་པ་དཔེར་ན་རང་རྒྱལ་དུ་མི་རིགས10ཡིས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་བཞིན་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད” ཀྲུང་གོར་ཆོས་ལུགས་དད་མོས་རང་དབང་སྟེ་སྤྱི་དམངས་ཚང་མར་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་ལ། ཆོས་ལུགས་ལ་མི་དད་པའི་རང་དབང་ཡང་ཡོད། སྔོན་ཆད་ཆོས་ལུགས་ལ་དད་པ་མི་བྱེད་པ་དང་ད་ལྟ་ཆོས་ལུགས་ལ་དད་པ་བྱེད་པའི་རང་དབང་ཡང་ཡོད། ཀྲུང་གོར་ཁ་ཆེའི་ལྷ་ཁང་ཁྲི3ཡོད་པ་དང་། བོད་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ1700ལྷག་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་སྟེ་ཀྲུང་གོའི་མི་རིགས་སྲིད་ཇུས་ནི་ལེགས་འགྲུབ་བྱུང་བ་ཞིག་ཡིན་པ་དང་། རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་དང་མི་རིགས་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་མངོན་གྱུར་བྱེད་པའི་བགྲོད་ལམ་ཡང་དག་པ་ཞིག་བཏོད་ཡོད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་གཞག་གོང་དུ་འཕེལ་བ་དང་ཆབས་ཅིག་ཀྲུང་གོའི་མི་རིགས་ཁག་འཕེལ་རྒྱས་སྔར་ལས་མགྱོགས་ཤིང་ལེགས་པ་ཡོང་ངེས་ཡིན་པ་དང་། ཀྲུང་གོའི་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་བཅས་བྱེད་པའི་འབྲེལ་བ་སྔར་ལས་སྲ་བརྟན་དང་གོང་འཕེལ་ཡོང་ངེས་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-11

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།