མི་ཆོས་རིང་ལུགས་ཀྱི་བསམ་བློ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་དེང་རབས་མཐོ་རིམ་སློབ་གསོར་གདེང་འཇོག་བྱེད་སྐབས་དེང་སྐབས་ལྟ་ཚུལ་མི་འདྲ་བ་ཆེན་པོ་རིགས་གཉིས་ཡོད་དེ། གཅིག་ནི་ཕུགས་བསམ་རིང་ལུགས་པ་དག་སྟེ། ཁོ་ཚོས་ཀྲུང་གོའི་མཐོ་རིམ་སློབ་གསོར་སྐྱོན་གྱི་དྲི་མས་ཀུན་ནས་སྦགས་ཡོད་ཅིང་། མདུན་དུ་ལྷགས་པའི་གནད་དོན་རི་ལྟར་སྤུངས་ཡོད་ལ། བཅོས་སྒྱུར་མ་བྱས་ཐུ་མེད་ཀྱི་གནས་སུ་ལྷུང་ཡོད་པར་འདོད། ཡང་གོ་སྐབས་རིང་ལུགས་པ་དག་གིས་ཀྲུང་གོའི་མཐོ་རིམ་སློབ་གསོས་བླངས་བའི་གྲུབ་འབྲས་ནི་ཡིད་ཚིམས་པ་ཞིག་ཡིན་ལ། སློབ་ཆེན་གྱི་གྲངས་ཀ་དང་གཞི་ཁྱོན། འབུམ་རམས་པའི་སློབ་ཞུགས་གྲངས་ཚད་སོགས་གང་གི་ཐད་ནས་བལྟས་ཀྱང་འཛམ་གླིང་ཨང་དང་པོར་སོན་ཡོད་རབས་བཤད་དེ། ང་རྒྱལ་གྱི་མདོག་ཀྱང་སྣ་ཚོགས་སྟོན་པར་བྱེད། ང་ཚོ་སློབ་གསོའི་ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་གནས་པས། བོད་ཀྱི་སློབ་ཆེན་སློབ་གསོ་ལ་ཡང་འདི་དང་གཅིག་འདྲའི་འདུ་ཤེས་འཛིན་སྟངས་ཤིག་དང་སློབ་སྒྲུབ་ལམ་ལུག་ཤིག འགྲོ་ལུགས་སྒྲུབ་སྟངས་ཤིགས་ཆགས་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人文主义
རིགས།
སློབ་གསོ་རིག་པ།
1 ​བསམ་བློ།

སློབ་ཆེན་སློབ་གསོར་མི་ཆོས་རིང་ལུགས་ཀྱི་བསམ་བློ་ཧ་ཅང་མཁོ་ཞེས་མི་སྐོར་ཞིག་གིས་བསྒྲགས་བཞིན་ཡོད་མོད། ང་ཚོས་ངོས་གཞན་ཞིག་ནས་མཐོང་བ་ནི། ཧ་ལམ་མི་ཕལ་ཆེ་བར་མི་ཆོས་རིང་ལུགས་ཀྱི་བསམ་བློ་འདི་རིམ་གྱིས་རྒུད་པ་ནས་རྒུད་པའི་ཕྱོགས་སུ་ཉམས་བཞིན་པ་ཁས་ལེན་བཞིན་ཡོད་པའི་སྟེང་། མི་ཆོས་རིང་ལུགས་ཀྱི་བསམ་བློ་རླབས་ཆེན་དང་མེད་ཐབས་མེད་པར་སྒྲོག་བཞིན་པའི་མི་འདི་དག་གིས་ཀྱང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་མི་གཞུང་རིང་ལུགས་ཕྱིར་འབུད་བྱེད་བཞིན་པ་དང་། ལག་རྩལ་རིང་ལུགས་སམ། ཁྲོམ་རའི་མིག་རྒྱང་ཅན་གྱི་འོས་མཐུན་རིང་ལུགས་ལ་བརྟེན་ནས་མི་ཆོས་བསམ་བློ་ཉིད་རྨང་ནས་གཏོར་བཞིན་ཡོད། ཚུལ་འདི་ལ་མི་མང་བོ་ཞིག་གིས་ཁས་ལེན་བྱེད་མི་ངེས་ལ། ལྷག་པར་དུ་ཁྲིད་སྟེགས་མཐོན་པོར་འགྱིང་བའི་དགེ་རྒན་ཆེན་མོ་མང་བོ་ཞིག་གིས་མཐའ་གཅིག་ཏུ་ངོ་རྒོལ་གྱིས་ཁས་མི་ལེན་རུང་། ཁེ་ཕན་གཙོར་གཉེར་ཞིང་སློབ་ཁྲིད་ཐུན་གཅིག་ལའང་སློབ་ཁྲིད་རིན་འབབ་རྩོད་པའི་ཁོར་ཡུག་ཁྲོད། མི་གཞུང་རིང་ལུགས་ཀྱི་ལྷད་མེད་སྙིང་སྟོབས་ལ་ཚད་མི་འདྲ་བའི་ངན་ཤུགས་ཐེབས་བཞིན་ཡོད།

2 ཤེས་རིག

དེང་རབས་མཚན་ཉིད་ཚང་བའི་སློབ་ཆེན་ལ་གནའ་རབས་ཀྱི་དུས་སུ་རྩོམ་རིག་དང་ཁྲིམས་རིག་པ། གསོ་བ་རིག་པ། ལྷའི་རིག་པ་བཅས་རིག་ཚན་ཆེན་པོ་བཞི་དང་ཆ་མཚུངས། ཚུལ་འདི་ལ་དཔག་ན། མི་ཆོས་རིག་ཚན་ནི་སློབ་ཆེན་གྱི་རྨང་གཞིའི་རིག་ཚན་ཡིན་པ་རྟོགས་སླ་བ་ཡིན། འོན་ཀྱང་། ནུབ་གླིང་ལ་མཚོན་ན་དུས་ཡུན་རིང་བོ་ཞིག་གི་རིང་ལྷའི་རིག་པ་ནི་རིག་ཚན་ཆེས་གཙོ་བོ་དེ་ཡིན་པས། མི་ཆོས་རིག་གནས་ཀྱི་རིག་ཚན་གཞན་དག་འཕེལ་རྒྱས་འགྲོ་རྒྱུར་གེགས་བྱས་ཡོད།

སློབ་ཆེན་ནི་ཆེས་ཐོག་མ་ནས་མིའི་རིགས་ཀྱི་ཤེས་རིག་སྒྲོག་སྤེལ་དང་། རྒྱུད་འཛིན། གསར་གཏོད་སོགས་བྱེད་སའི་ལྟེ་བ་ཡིན་ལ། སྤྱི་ཚོགས་ལ་ཀུན་གྱིས་ཁས་ལེན་པའི་འཇོན་ཐང་ཅན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་སའི་གཞི་མའང་ཡིན་པས། དེར་མི་ཆོས་བསམ་བློའི་ཁོར་ཡུག་ལེགས་པོ་ཞིག་མེད་ཚེ། ཐུན་མོང་གིས་ཁས་ལེན་པ་ཞིག་འོང་དཀའ། དེར་བརྟེན། སྤྱི་ཚོགས་ཀྱི་དུས་རིམ་མི་འདྲ་བར་སྤྱི་ཚོགས་ཁོར་ཡུག་མི་འདྲ་བ་གྲུབ་ཅིང་། མི་རྣམས་ཀྱིས་རེ་སྙེག་བྱེད་ཡུལ་གྱི་དམིགས་འབེན་དང་རྩོལ་བ་སྐྱེད་བྱའི་ཡུལ་ལ་བཟང་ངན་གྱི་ཁྱད་པར་སྣ་ཚོགས་བྱུང་བ་དང་། སྤྱི་ཚོགས་མཁའ་དབུགས་ལ་ལྷད་སྐྱོན་གྱིས་ཀུན་ནས་སྦགས་པའི་དུས་སུའང་། སློབ་ཆེན་ནི་ཚང་མས་དྲང་བདེན་དང་བར་གནས་ཅན། བདེན་ཐུབ་ཀྱི་རིག་གཞུང་ལྟ་བ་དྲིལ་སྒྲོག་བྱེད་སའི་གནས་སུ་ལྟ་བ་ཡིན་ལ། སློབ་ཆེན་གྱིས་ཐག་གིས་བཅད་པ་དང་སློབ་ཆེན་ནས་ཐོན་པའི་མིས་དྲིལ་བསྒྲགས་པའི་བསམ་བློ་དང་ལྟ་བ་ནི་དུས་སྐབས་གང་དེའི་མི་རྣམས་ཀྱིས་ཚད་མར་འཛིན་པར་བྱེད། འདི་ཡང་མཐར་གཏུགས་ན་སློབ་ཆེན་ལ་མི་ཆོས་རིང་ལུགས་ཀྱི་བསམ་བློ་ཁེར་ཚུགས་སུ་ཡོད་པ་དང་། མི་གཞུང་བསམ་བློས་སྤྱི་ཚོགས་ལ་ཚད་འཇལ་རྟོག་ཞིབ་བྱེད་ཀྱིན་ཡོད་པས་རེད།

3 འདོན་སྤེལ།

གལ་ཏེ་སློབ་ཆེན་ལ་བདེན་ཐུབ་དང་ཁེར་ཚུགས། རང་དབང་གི་མི་ཆོས་བསམ་བློས་ཡོངས་སུ་མ་ཁྱབ་ཚེ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་ཆབ་སྲིད་ལྟ་བ་སྣ་ཚོགས་དང་། ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་མི་ཚེ་དང་འཇིག་རྟེན་ལྟ་ཚུལ་སྣ་ཚོགས་དང་། ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་མི་ཚེ་དང་འཇིག་རྟེན་ལྟ་ཚུལ་འདྲ་མིན། དེ་མིན་ཚུལ་མིན་དང་ལུགས་མིན་གྱི་གཡོ་རྫུའི་སྤྱོད་ལམ་གང་མང་གིས་མི་རྣམས་ཀྱིས་བསམ་བློའི་ངོ་བོར་སྦག་བཙོག་ཐེབས་ཏེ། སྤྱི་ཚོགས་ཀྱི་བདེན་པ་དངོས་དང་རང་གཤིས་དངོས་ཤིག་འཚོལ་ཐབས་བྲལ། མི་ཆོས་རིང་ལུགས་ལ་ནང་དོན་གཞན་ཞིག་ཡོད་པ་ནི། མིའི་རང་སྟེང་གི་རང་དབང་ནུས་པ་འདོན་སྤེལ་བྱེད་པ་དང་། མིའི་ཕྱོགས་ཡོངས་ཀྱི་ནུས་རྩལ་གྱིས་འདོན་པ། མིའི་ལྷན་སྐྱེས་ཀྱི་ནུས་པ་ཕྱིར་འདོན་པ་སོགས་ཡིན་པ་རེད། འདིས་མིའི་རང་གཤིས་དང་རང་དབང་གི་ཆ་གཙོར་བཅས་ནས་བསྟན་པ་ཡིན་ལ། གཙོ་བོ་མཚན་ཉིད་རིག་པ་དང་ཚན་རིག རྩོམ་རིག སྒྱུ་རྩལ། ལོ་རྒྱུས་སོགས་ལ་བརྟེན་ནས་མིའི་རང་ནུས་རྩལ་དུ་རྫོགས་པ་བརྗོད་ཡོད།

སློབ་ཆེན་གྱི་མི་ཆོས་བསམ་བློ་འདི་སློབ་ཆེན་གྱི་རྩ་བའི་འགྲོ་རིམ་དང་དམིགས་ཡུལ་ཐད་ནས་བརྗོད་པ་མ་ཟད། ད་དུང་སློབ་ཆེན་གྱི་སྒྲིག་གཞི་དང་། མ་ལག་འཛུགས་སྐྲུན། རིག་ཚན་འཛུགས་སྐྲུན། སློབ་ཁྲིད་བཀོད་སྒྲིག དགེ་སློབ་ཀྱི་འབྲེལ་བ། སློབ་ཁྲིད་གསོ་སྐྱོང་། རིག་གཞུང་ཞིབ་འཇུག སློབ་མ་བདག་གཉེར། སློབ་གཉེར་དོ་དམ་སོགས་ཕྱོགས་སོ་སོ་ནས་ཕྱིར་མངོན་དགོས་ལ། ལྷག་པར་དུ་སློབ་ཁྲིད་གསོ་སྐྱོང་དང་བདག་གཉེར་དོ་དམ། དགེ་སློབ་ཀྱི་འབྲེལ་བ། རིག་ཚན་འཛུགས་སྐྲུན་སོགས་ཀྱི་ཐད་ནས་མངོན་གསལ་དུ་ཐོན་དགོས། དཔེར་ན། དགེ་སློབ་གཉིས་ནི་ཤེས་བྱའི་མདུན་ནས་འདྲ་མཉམ་ཡིན་པས། སློབ་ཁྲིད་གྱི་རྣམ་པ་དེ་ལྷོད་ཤ་ཅན་ཞིག་དང་རང་དབང་གིས་ཁེངས་པ་ཡིན་དགོས་པ་དེའང་མི་གཞུང་བསམ་བློས་བཏོན་པའི་རེ་བ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-12

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།