ཡིད་ཀྱི་ཀུན་སྤྱོད་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིད་ཀྱི་ཀུན་སྤྱོད་ནི་བསམ་པའི་ཀུན་སྤྱོད་ཡིན་ལ། བསམ་པའི་ཀུན་སྤྱོད་ཀྱིས་ཐད་ཀར་ལུས་ཀྱི་ཀུན་སྤྱོད་དང་ངག་གི་ཀུན་སྤྱོད་གཉིས་ལ་ཁ་ལོ་སྒྱུར་ཞིང་། དེ་གཉིས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་པས་ཧ་ཅང་གལ་ཆེ། དེར་མ་ཟད་བསམ་པའི་ཀུན་སྤྱོད་ནི་རང་གི་མི་ཚེ་མདུན་ལམ་དང་འབྲེལ་བ་ཆེན་པོ་ཡོད་དེ། རྗེ་ཙོང་ཁ་བ་ཆེན་པོའི་ཞལ་ནས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་༎ བསམ་པ་ངན་ན་ས་དང་ལམ་ཡང་ངན༎ ཐམས་ཅད་བསམ་པ་དག་ལ་རག་ལས་པས༎ རྟག་པར་བསམ་པ་བཟང་ལ་འབད་པར་བྱ༎ ཞེས་གསུངས་པ་ལྟར། གལ་ཏེ་བསམ་པ་བཟང་བོ་ཞིག་ཡོད་ན་དེ་ལ་མི་ཚེའི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་ལ། གལ་ཏེ་བསམ་པ་ངན་པ་ཞིག་ཡིན་ན། དེའི་མི་ཚེའི་མདུན་ལམ་ཡང་ཀྱག་ཀྱོག་དང་ཉེན་ཁ་ཆེ་ལ། འཇིགས་སྐྲག་གིས་ཁེངས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

དམིགས་ཡུལ།
ཀུན་སྤྱོད་ཚད་ལྡན།
རིགས།
སློབ་གསོ་རིག་པ།
1 ​དགག་པའི་ཀུན་སྤྱོད།

མི་དང་གཅན་གཟན་གྱི་ཁྱད་པར་ནི་བསམ་པའི་སྒོ་ནས་འབྱེད་དགོས་ལ། མཐར་གཏུགས་ནས་བཤད་ན་བསམ་པའི་ཀུན་སྤྱོད་ལེགས་ཉེས་ཀྱི་སྒོ་ནས་འབྱེད་དགོས་པ་རེད། མི་ཞིག་ལ་བསམ་པའི་ཀུན་སྤྱོད་ལེགས་པོ་ཞིག་མེད་ཚེ། དེ་ནི་མིའི་རྣམ་པ་ཅན་གྱི་གཅན་གཟན་ཞིག་དང་མཚུངས།

བརྣབ་སེམས་ནི། གཞན་གྱི་རྒྱ་ནོར་དང་ཡོ་བྱད་སོགས་བདག་གིར་འཛིན་འདོད་ཀྱི་ཧམ་སེམས་རིགས་ཤིག་ཡིན་པས་ངེས་པར་དུ་འདོར་དགོས་ལ། བརྣམ་སེམས་ཡིད་ལ་རེ་བ་འཇོམས༎ ཞེས་གསུངས་པ་ལྟར། རང་གི་ཚེ་འདི་ཕྱིའི་བསམ་དོན་ཐམས་ཅད་གཅིག་ཀྱང་མི་འགྲུབ་པས་ངེས་པར་དུ་སྤང་དགོས་ཤིང་། བརྣམ་སེམས་ལ་བརྟེན་ནས་རྐུ་བྱེད་པ་དང་འཕྲོག་བཅོམ་སོགས་ཀྱང་བྱེད་པས། བརྣམ་སེམས་ནི་ཉེ་སྐྱོན་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་ཡིན་པས་སློབ་མ་རྣམས་ཀྱིས་ནན་ཏན་སྒོས་སྔོན་འགོག་བྱ་དགོས།

གནོད་སེམས་ནི། གཞན་ལ་རྡེག་པར་འདོད་པ་དང་གཞན་ཕུང་བར་འདོད་པའི་སེམས་བྱུང་ངན་པ་ཞིག་སྟེ། གནོད་སེམས་ལ་བརྟེན་ནས་གཞན་གྱི་སྲོག་གཅོད་པ་དང་རྨས་སྐྱོན་བཟོ་བ། རྒྱུ་ནོར་དང་འཕྲོག་བཅོམ་བྱེད་པ་སོགས་འབྱུང་ཞིང་། དེ་ལ་བརྟེན་ནས་རང་ཉིད་བཙོན་དུ་ཚུད་པ་དང་ཚེ་སྲོག་ཤོར་བ། ཡང་ན་སྦྲང་བོར་འགྱུར་བ་སོགས་མཇུག་འབྲས་ངན་པ་མང་པོ་ཞིག་འབྱུང་བས་ངེས་པར་དུ་སྤོང་ཐབས་བྱ་དགོས།

ལོག་ལྟ་ནི། ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་སྟེ། དཔེར་ན། གང་ཟག་གི་བདག་ཡོད་པར་འཛིན་པ། སྒྲ་རྟག་པར་འཛིན་པ། ལས་རྒྱུ་འབྲས་མེད་པར་འཛིན་པ་ལྟ་བུ་སྟེ། མི་དགེ་བའི་ལས་ཧ་ཅང་ཚབས་ཆེན་ཞིག་ཡིན་ཏེ། བཀའ་གདམས་པ་རྣམས་ཀྱིས་ཞལ་ནས། མི་དགེ་བཅུ་ལས་ལོག་ལྟ་ལྕི༎ ཞེས་གསུངས་པ་ལྟར་རོ༎

ང་རྒྱལ་ནི། རང་ཉིད་མཆོག་ཏུ་འཛིན་ཅིང་གཞན་ཁྱད་དུ་གསོད་པའི་སེམས་བྱུང་ཞིག་ཡིན་ལ། དེས་ཐད་ཀར་གཞན་ལ་ཕོག་ཐུག་གཏོང་སླ་ཞིང་། རང་ཉིད་ལ་ཡིད་ཚིམས་ནས་རང་གི་ཡོན་ཏན་མུ་མཐུད་དུ་གོང་འཕེལ་འགྲོ་བ་ལ་གེགས་བྱེད་པས། ངེས་པར་དུ་དགག་དགོས་ཏེ། དམ་པ་གོང་མ་རྣམས་ཀྱིས། ང་རྒྱལ་གྱི་ལྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས༎ ཞེས་གསུངས་སོ༎

ཕྲག་དོག་ནི། གཞན་གྱི་ཡོན་ཏན་སོགས་ལ་མི་དགའ་ཞིང་ལྐོག་ཏུ་གཞན་ལ་སྐྱོན་འདོགས་སོགས་བྱེད་པའི་ཀུན་སློང་ངན་པ་ཞིག་ཡིན་པས། ངེས་པར་དུ་བཅོས་སྒྱུར་བྱས་ཏེ་གཞན་གྱི་གྲུབ་འབྲས་ཁས་ལེན་པ་དང་རྗེས་སུ་ཡི་རང་བྱ་དགོས།

ཕྱོགས་རིས་ནི། ས་ཕྱོགས་དང་རོང་འབྲོག་སོགས་བཀར་ཏེ་དོན་མེད་ཀྱི་འཁྲུག་རྩོད་སོགས་སློང་པ་དང་ཕན་ཚུན་གྱི་མཐུན་སྒྲིལ་ལ་གནོད་པའི་ཐ་ཤལ་གྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པས་ད་ལྟ་ཉིད་དུ་གཏན་འགོག་བྱ་འོས་སོ༎

ཁོན་འཛིན་ནི། གཞན་གྱིས་རང་ལ་གནོད་པ་ཆུང་ངུ་ཞིག་བྱས་པའང་བཟོད་སྒོམ་བྱེད་མི་ཐུབ་པར་ཡིད་ལ་དམ་པོར་བཅངས་པའི་སེམས་བྱུང་ཞིག་ཡིན་ལ། དེའི་མཇུག་འབྲས་ནི་ཕན་ཚུན་དམར་འཛིང་དང་ཐ་ན་ཚེ་སྲོག་འཆོར་བ་སོགས་ཀྱང་འབྱུང་སྲིད་པས་ངེས་པར་དུ་འདོར་བར་བརྩོན་དགོས་སོ༎

2 སྒྲུབ་པའི་ཀུན་སྤྱོད།

སྒྲུབ་པའི་ཀུན་སྤྱོད་ནི་གོང་དུ་བཤད་པའི་དགག་པའི་ཀུན་སྤྱོད་དེ་དག་གི་གཉེན་པོ་བསྟེན་པ་སྟེ། དཔེར་ན། བརྣབ་སེམས་ཀྱི་གཉེན་པོར་ཆོག་ཤེས་བསྟེན་པ་དང་གནོད་སེམས་སོགས་ཀྱི་གཉེན་པོར་རིམ་པ་བཞིན་ཕན་ཚུན་མཛའ་བརྩེ་དང་བྱམས་སེམས་འཛིན་པ། བདེན་དོན་དང་གནས་ལུགས་ཁས་ལེན་པ། ཁེངས་སྐྱུངས་དང་ཞི་དུལ་བྱེད་པ། གཞན་གྱི་ཡོན་ཏན་དང་གྲུབ་འབྲས་ལ་ཁས་ལེན་བསྔགས་བརྗོད་བྱེད་པ། མི་རིགས་དང་མི་རིགས་བར་དང་ས་གནས་དང་ས་གནས་བར། འཛིན་གྲྭ་དང་འཛིན་གྲྭའི་བར་སོགས་ལ་མཐུན་སྒྲིལ་དང་རོགས་རམ་བྱེད་པ། ཕན་ཚུན་ལ་བཟོད་སྒོམ་དང་ཀུ་ཡངས་བྱེད་པ་སོགས་མདོར་ན་ཡིད་ཀྱི་ཀུན་སྤྱོད་བཟང་བོ་རྣམས་གང་ནུས་ཀྱིས་སྐྱེད་སྲིང་དང་དར་སྤེལ་བྱ་བའོ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-12

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།