ཏུན་ཧོང་ཡིག་རྙིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུན་ཧོང་ཡིག་རྙིང་།
ཏུན་ཧོང་ཡིག་རྙིང་ནི་སྤྱི་ལོ1900ལོའི་ཟླ6པའི་ཚེས22ཉིན། བཙུན་པ་ཝང་ཡོན་ལུའུ(王圆箓)ཡིས་ཏུན་ཧོང་ཕུག་པ་ཨང16པའི་ནང་བྱེ་མ་འཕྱག་སྐབས་སུ་གྱང་གི་ཧྲག་བར་ཞིག་ནས་རྙེད་པ་ཡིན་ལ། གཞུག་ནས་ཡིག་རྙིང་རྙེད་སའི་ཕུག་པ་ཆུང་བ་དེའི་མིང་ལ་བྲག་ཕུག་ཨང17པ་ཞེས་བཏགས། དེའི་ནང་དུ་ནང་བའི་ཆོས་ལུགས་སྐོར་གྱི་དཔེ་ཆ་འབོར་ཆེན་དང་། སྤྱི་ཚོགས་ཡིག་ཆ། གོས་ཐང་། ཚེམ་དྲུབ། ཆོས་ལུགས་ཡོ་བྱད་སོགས་མང་བོ་ཡོད་པས། ཀྲུང་གོ་དང་ཡ་གླིང་དཀྱིལ་མའི་གནའ་རབས་ལོ་རྒྱུས་དང་ས་རྒྱུས། ཆོས་ལུགས། དཔལ་འབྱོར། མི་རིགས། སྐད་ཆ། རྩོམ་རིག སྒྱུ་རྩལ། ཚན་རིག་ལག་རྩལ་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། དུས་རབས་ཉི་ཤུ་བའི་ཀྲུང་གོའི་གནའ་རྫས་གསར་རྙེད་ཆེན་པོ་བཞིའི་གྲས་སུ་བགྲངས་ཡོད་ལ། འཛམ་གླིང་རིག་གཞུང་གྲགས་ཅན་ཏུན་ཧོང་རིག་གནས་ཀྱང་སྐབས་འདི་ནས་བཟུང་མགོ་བརྩམས་བྱུང་། གནའ་རྫས་འདི་རིགས་རྙེད་ཐོན་བྱུང་རྗེས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་དོ་སྣང་ཆེན་པོ་བྱས། སྐབས་དེར་མན་ཇུ་སྲིད་གཞུང་གི་རུལ་སུང་ནུས་མེད་དང་། ནུབ་ཕྱོགས་རྒྱལ་ཁབ་སྟོབས་ལྡན་གྱིས་ཀྲུང་གོར་བཙན་འཛུལ་བྱེད་པའི་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་ཞིག་གི་ཁྲོད། དབྱིན་ཇིའི་སི་ཐན་དབྱིན (Aurel stein ) དང་ཧྥ་རན་སུའི་པའོ་ཞི་ཧི(P.Pelliot)། འཇར་པན་པ་ཅིས་རོས་ཁྲོ(桔瑞超)དང་ཅིས་ཁྲན་ཞའོ་ཡི་ལང(吉川小一郎)རྣམ་གཉིས། ཨུ་རུ་སུའི་ཨའོ་ཏུན་པའོ(S.F.Oldenburg)སོགས་ནུབ་གླིང་གི་མྱུལ་དཔྱད་པ་མང་བོ་རིམ་བཞིན་ཏུན་ཧོང་གི་གནས་དེར་འབྱོར་བ་ནས་བྲག་ཕུག་ནང་གི་དངོས་རྫས་མང་བོ་ཁྱེར་བས། མིག་སྔར་འཛམ་གླིང་སྟེང་རྒྱལ་ཁབ་དང་ས་གནས13གྱིས་ཏུན་ཧོང་ཡིག་རྙིང་ཉར་ཚགས་བྱས་ཡོད་དེ། ཀྲུང་གོ་དང་། དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། འཇར་པན། ཨ་མེ་རི་ཀ འཇར་མན། ཏན་མེ། རྒྱ་གར། ཧྥིན་ལན། ཧན་གོ ཨའོ་ཏ་ལིས་ཡ། རོས་ཏན་བཅས་ཡིན་ནོ༎
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
Dunhuang Documents
རྒྱ་ཡིག་གི་མིང་།
敦煌遗书,敦煌文献、敦煌文书、敦煌写本
མིང་གི་རྣམ་གྲགས།
ཏུན་ཧོང་ཡིག་ཚགས། ཏུན་ཧོང་གཙུག་ལག ཏུན་ཧོང་གཏེར་ཡིག། ཏུན་ཧོང་ཡིག་ཚང་།
རྙེད་ལོ།
སྤྱི་ལོ1900
རྙེད་མཁན།
བཙུན་པ་ཝང་ཡོན་ལུའུ།
རྙེད་ཡུལ།
ཀན་སུའུ་ཞིང་ཆེན་ཏུན་ཧོང་རྫོང་གི་ཏུན་ཧོང་བྲག་ཕུག་ཨང17པ།
ནང་དོན།
གྲངས་རིག་དང་ས་ཁམས། ཆོས་ལུགས། ལོ་རྒྱུས། ཆབ་སྲིད། ཉོ་ཚོང་། མཚན་ཉིད་རིག་པ། དམག་དོན། མི་རིགས། དམངས་སྲོལ། གསོ་རིག
ཉར་ཚགས་བྱས་ཡོད་པའི་གནས།
ཀྲུང་གོ་དང་། དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། འཇར་པན། ཨ་མེ་རི་ཀ འཇར་མན། ཏན་མེ། རྒྱ་གར། ཧྥིན་ལན། ཧན་གོ ཨའོ་ཏ་ལིས་ཡ། རོས་ཏན།
ཡིག་རིགས།
རྒྱ་ཡིག བོད་ཡིག མན་ཇུའི་ཡི་གེ  མི་ཉག་གི་ཡི་གེ སྃ་སྐྲི་ཏའི་ཡི་གེ ལི་ཡུལ་གྱི་ཡི་གེ གྲུ་གུའི་ཡི་གེ
དཀར་ཆག
1   ཏུན་ཧོང་ཡིག་རྙིང་གསར་རྙེད་བྱུང་ཚུལ། 
2   ཡིག་རྙིང་ཉར་ཚགས་བྱས་ཡོད་པའི་གནས་ཚུལ། 
2.1 དབྱིན་ཇུར་ཉར་ཡོད་པའི་ཏུན་ཧོང་ཡིག་རྙིང་། 
2.2 ཧྥ་རན་སིར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 
2.3 ཨུ་རུ་སིར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 
2.4 འཇར་པན་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 
2.5 ཨ་མེ་རུ་ཀ་རུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 
2.6 ཏན་མེ་རུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 
2.7 རྒྱལ་ནང་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་གི་ལྷག་འཕྲོ། 
3   ཏུན་ཧོང་ཡིག་རྙིང་གི་རིན་ཐང་། 
3.1 བརྗོད་བྱ་དོན་གྱི་རིན་ཐང་། 
3.2 རིག་གཞུང་ཞིབ་འཇུག་གི་རིན་ཐང་། 
4   ཏུན་ཧོང་ཡིག་རྙིང་གི་ལས་གཞི་གལ་ཆེན་གྱི་སྐོར། 
1 ཏུན་ཧོང་ཡིག་རྙིང་གསར་རྙེད་བྱུང་ཚུལ། 

.jpgཏུན་ཧོང་ཡིག་རྙིང་ནི་སྤྱི་ལོ1900ལོའི་ཟླ6པའི་ཚེས22ཉིན། བཙུན་པ་ཝང་ཡོན་ལུའུ(王圆箓)ཡིས་ཏུན་ཧོང་ཕུག་པ་ཨང16པའི་ནང་བྱེ་མ་འཕྱག་སྐབས་སུ་གྱང་གི་ཧྲག་བར་ཞིག་ནས་རྙེད་པ་ཡིན་ལ། གཞུག་ནས་ཡིག་རྙིང་རྙེད་སའི་ཕུག་པ་ཆུང་བ་དེའི་མིང་ལ་བྲག་ཕུག་ཨང17པ་ཞེས་བཏགས། དེའི་ནང་དུ་ནང་བའི་ཆོས་ལུགས་སྐོར་གྱི་དཔེ་ཆ་མང་བོ་དང་། སྤྱི་ཚོགས་ཡིག་ཆ། གོས་ཐང་། ཚེམ་དྲུབ། ཆོས་ལུགས་ཡོ་བྱད་སོགས་མང་བོ་ཡོད་པ་དང་། ཀྲུང་གོ་དང་ཡ་གླིང་དཀྱིལ་མའི་གནའ་རབས་ལོ་རྒྱུས་དང་ས་རྒྱུས། ཆོས་ལུགས། དཔལ་འབྱོར། མི་རིགས། སྐད་ཆ། རྩོམ་རིག སྒྱུ་རྩལ། ཚན་རིག་ལག་རྩལ་བཅས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པའི་རྐྱེན་གྱིས་དུས་རབས་ཉི་ཤུ་བའི་ཀྲུང་གོའི་གནས་རྫས་རྙེད་ཐོན་ཆེན་པོ་བཞིའི་གྲས་སུ་བགྲངས་ཡོད་ལ། འཛམ་གླིང་རིག་གཞུང་གྲགས་ཅན་ཏུན་ཧོང་རིག་གནས་ཀྱང་སྐབས་འདི་ནས་བཟུང་མགོ་བརྩམས་བྱུང་། 

གནའ་རྫས་འདི་རིགས་རྙེད་ཐོན་བྱུང་རྗེས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་དོ་སྣང་ཆེན་པོ་བྱས། སྐབས་དེར་མན་ཇུ་སྲིད་གཞུང་གི་རུལ་སུང་ནུས་མེད་དང་། ནུབ་ཕྱོགས་རྒྱལ་ཁབ་སྟོབས་ལྡན་གྱིས་ཀྲུང་གོར་བཙན་འཛུལ་བྱེད་པའི་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་ཞིག་གི་ཁྲོད། དབྱིན་ཇིའི་སི་ཐན་དབྱིན (Aurel stein ) དང་ཧྥ་རན་སུའི་པའོ་ཞི་ཧི(P.Pelliot)། འཇར་པན་པ་ཅིས་རོས་ཁྲོ(桔瑞超)དང་ཅིས་ཁྲན་ཞའོ་ཡི་ལང(吉川小一郎)རྣམ་གཉིས།  ཨུ་རུ་སུའི་ཨའོ་ཏུན་པའོ(S.F.Oldenburg)སོགས་ནུབ་གླིང་གི་མྱུལ་དཔྱད་པ་མང་བོ་རིམ་བཞིན་ཏུན་ཧོང་གི་གནས་དེར་འབྱོར་བ་ནས་བྲག་ཕུག་ནང་གི་དངོས་རྫས་མང་བོ་ཁྱེར་བས་ད་ལྟའི་དབྱིན་ཇི་དང་། ཧྥ་རན་སི། ཨུ་རུ་སི། འཇར་པན་སོགས་རྒྱལ་ཁབ་གཞུང་དང་མི་སྒེར་གྱི་ལས་ཁུངས་སོགས་མང་བོ་རུ་ཉར་ཚགས་བྱས་ཡོད་ལ།  ཏུན་ཧོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རྣམས་ཀྱིས་ད་ལྟ་ཞིབ་འཇུག་བྱས་པ་ལྟར་ན། མིག་སྔར་འཛམ་གླིང་སྟེང་རྒྱལ་ཁབ་དང་ས་གནས13གྱིས་ཏུན་ཧོང་ཡིག་རྙིང་ཉར་ཚགས་བྱས་ཡོད་དེ། ཀྲུང་གོ་དང་། དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། འཇར་པན། ཨ་མེ་རི་ཀ འཇར་མན། ཏན་མེ། རྒྱ་གར། ཧྥིན་ལན། ཧན་གོ ཨའོ་ཏ་ལིས་ཡ། རོས་ཏན་བཅས་ཡིན། 

2 ཡིག་རྙིང་ཉར་ཚགས་བྱས་ཡོད་པའི་གནས་ཚུལ། 
2_1 དབྱིན་ཇུར་ཉར་ཡོད་པའི་ཏུན་ཧོང་ཡིག་རྙིང་། 

.jpgདབྱིན་ཇིར་ཉར་ཡོད་པའི་ཏུན་ཧོང་ཡིག་རྙིང་ནི་གཙོ་བོ་སི་ཐན་དབྱིན(Aurel stein )གྱིས་ཁྱེར་པའི་ཏུན་ཧོང་བྲག་ཕུག་གི་ཡིག་རྙིང་ཁྲོད་ཀྱི་བོད་ཡིག་དང་རྒྱ་ཡིག་གི་དུམ་པ་སྐོར་ཞིག་དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་དང་ཤར་ཕྱོགས་དཔེ་ཆའི་ཁྲོད་ཉར་ཚགས་བྱས་ཡོད་ལ། དེ་ལས་བོད་ཡིག་གི་དུམ་པ་སྐོར་ཞིག་དང་ཡ་གླིང་དཀྱིལ་མའི་གནའ་བོའི་མི་རིགས་ཀྱི་དཔེ་ཆ་སྐོར་ཞིག་ནི་དབྱིན་ཇིའི་རྒྱ་གར་ལས་དོན་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པ་དེ་དག་ཡིན་ལ། སྤྱི་ལོ1973ལོར། ཤར་ཕྱོགས་རྒྱལ་ཁབ་ཀྱི་ཡིག་རིགས་ཁག་གཅིག་དབྱིན་ཇིའི་དཔེ་མཛོད་ཁང་གི་ཤར་ཕྱོགས་ལས་སྣེ་ཁང་དུ་ཉར་ཚགས་བྱས་ཡོད། དེ་མིན་གོས་ཐང་དང་ཚེམ་དྲུབ་སོགས་མཛེས་རྩལ་གྱི་དངོས་རྫས་མང་ཆེ་བ་ནི་དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། 

སྤྱི་ལོ1954ལོར། དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་གིས་ཏུན་ཧོང་གི་རྒྱའི་ཡིག་རྙིང་ཉར་ཚགས་བྱས་ཡོད་པ་དེ་དག་སྦྱིན་ཤོག་པར་རིས་ཆུང་བསྡུས་བྱས་ནས་འགྲེམ་སྤེལ་བྱས་པ་དེར་སྤྱི་བསྡོམས་པས་ཤོག་དྲིལ6980ཡོད། སྤྱི་ལོ1957ལོར། ཀྲའོ་ལིས་སིས་ལེགས་སྒྲིག་བྱས་ནས་དཀར་ཆག་སྒྲིག་པའི《དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་ཏུན་ཧོང་གི་རྒྱའི་ཡིག་རྙིང་འགྲེལ་བའི་དཀར་ཆག》ཅེས་པའི་དེབ་ཀྱི་ཁྲོད་དུ་བསྡོམས་པས་ཤོག་དྲིལ8102བཀོད་ཡོད། འོན་ཀྱང་དབྱིན་ཇིར་ཉར་བའི་ཏུན་ཧོང་ཡིག་རྙིང་གི་གྲངས་ཀ་ནི་གསལ་བོ་མེད་མོད། ལོ་རབས་བརྒྱད་ཅུ་པ་ནས་བཟུང་དབྱིན་ཇིའི་ཤར་ཕྱོགས་ལས་སྣེ་ཁང་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་རྒྱ་ཡིག་ཡིག་རྙིང་ཤོག་དྲིལ་གྱི་ཁ་གྲངས་ནི17102བཀོད་ཡོད་ལ། དེའི་སྟེང་དུ་ད་དུང་ཨང་རྟགས་བཀོད་མེད་པའི་ཤོག་དྲིལ་རེ་འགའ་ཡོད་པ་དེ་དག་བསྣན་ན་ཁྱོན་བསྡོམས་པས་རྒྱའི་ཡིག་རྙིང་ཤོག་དྲིལ12000ལྷག་ཡོད། 

དབྱིན་ཇིའི་རྒྱ་གར་ལས་སྣེ་དཔེ་མཛོད་ཁང་དུ་ཉར་ཡོད་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་དང་གཞན་ཡ་གླིང་དཀྱིལ་མའི་གནའ་བོའི་མི་རིགས་ཀྱི་ཡིག་རྙིང་ཤོག་དྲིལ་མང་བོ་ཉར་ཚགས་བྱས་ཡོད་པ་དང་། དཀར་ཆག་ལྟར་ན། བོད་ཡིག་རྙིང་ཡིག་ཤོག་དྲིལ765ཡོད་པ་དང་། རྒྱའི་ཡིག་རྙིང་ཤོག་དྲིལ136ཡོད་པར་འདོད། ལི་ཡུལ་གྱི་ཡི་གེ་ཤོག་དྲིལ57དང་། གཞན་དབྱིན་ཇིའི་ཨོཀྶ་ཕོར་ངྷི་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུའང་བོད་ཀྱི་ཡིག་རྙིང་ཤོག་དྲིལ་རེ་འགའ་ཉར་ཚགས་བྱས་ཡོད། 

དེ་མིན་ད་དུང་སི་ཐན་དབྱིན(Aurel stein )གྱིས་ཁྱེར་བའི་མཛེས་རྩལ་དང་བཟོ་རྩལ་གྱི་དངོས་པོའི་ཁྲོད་དུ་གོས་ཐང་དང་། རས་ཐང་། ཤོག་ཐང་། དར་གོས་སོགས་བསྡོམས་པས་དུམ་པ536ཡོད་པ་དང་། དུམ་པ536ཡོད་པའི་ཁྲོད་དུ་དུམ་པ282དབྱིན་ཇིའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་། དུམ་པ254ནི་རྒྱ་གར་ངྷི་ལེ་གསར་བའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་དོ༎ 

2_2 ཧྥ་རན་སིར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 

.jpg


པའོ་ཞི་ཧིས(P.Pelliot)ཁྱེར་བའི་ཏུན་ཧོང་ཡིག་རྙིང་དེ་དག་གི་ནི་གཙོ་བོ་ཧྥ་རན་སིའི་རྒྱལ་ས་ཕ་རིའི་རྒྱལ་གཉེར་དཔེ་མཛོད་ཁང་གི་ཤར་ཕྱོགས་ལས་སྣེ་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་། རི་མོ་དང་ཐང་ག་སོགས་དངོས་པོ་དེ་རིགས་ཅིས་མི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། 

པའོ་ཞི་ཧིས(P.Pelliot)ཁྱེར་བ་ནི་རྒྱ་ཡིག་དང་གཞན་ཡ་གླིང་དཀྱིལ་མའི་གནའ་བོའི་མི་རིགས་ཀྱི་ཡིག་རྙིང་སྟེ། ཁྱོན་བསྡོམས་ཤོག་དྲིལ2800ལྷག་ཁྱེར་ཡོད་པ་དང་། དེའི་ནང་བོད་ཡིག་ཡིག་རྙིང་ཤོག་དྲིལ2700ལྷག་ཡོད་ལ། གྲུ་གུའི་ཡི་གེ་ཡི་ཤོག་དྲིལ33དང་། སཾ་སྐྲི་ཏའི་ཡི་གེ་ཤོག་དྲིལ13། རྒྱ་ཡིག་གི་ཤོག་དྲིལ་དང་ལི་ཡུལ་གྱི་ཤོག་དྲིལ་ཡང་རེ་འགའ་ཡོད་དོ༎

གཞན་ཡང《ཏུན་ཧོང་གོས་ཐང་དཀར་ཆག》ཁྲོད་བཀོད་པ་ལྟར་ན། ཅིས་མེ་དངོས་མང་བཤམས་སྟོན་ཁང་དུ་མཛེས་རྩལ་དངོས་པོ་དུམ་པ220ཉར་ཚགས་བྱས་ཡོད་ལ། ཤིང་བརྐོས་མཛེས་རྩལ་དངོས་པོ21ཉར་ཚགས་བྱས་ཡོད། མདོར་ན་པའོ་ཞི་ཧི་ནི་གནའ་རྫས་རྟོག་དཔྱོད་པ་ཞིག་ཡིན་ལ། རྒྱའི་གནའ་ཡིག་དང་བོད་ཡིག་སོགས་ཡིག་རིགས་མང་བོ་ཞིག་ཤེས་པར་མ་ཟད། ཁོ་རང་དངོས་སུ་ཏུན་ཧོང་ལ་ཡོང་ནས་གདམས་གསེས་བྱས་པའི་རིག་དངོས་དག་ནི་ཁ་ཚང་ཞིང་རིན་ཐང་ལྡན་པ་དག་ཡིན་ནོ༎ 


2_3 ཨུ་རུ་སིར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 

.jpgཨུ་རུ་སིར་ཉར་ཡོད་པའི་ཏུན་ཧོང་ཡིག་རྙིང་དེ་དག་ནི་གཙོ་བོ་ཨའོ་ཏིན་པའོ(S.F.Oldenburg)མྱུལ་དཔྱད་བྱས་ཏེ་ལག་ཏུ་སོན་པ་དག་ཡིན་ལ། ཏུན་ཧོང་ཡིག་རྙིང་དེ་དག་ནི་ད་ལྟ་ཨུ་རུ་སུའི་ཚན་རིག་ཁང་ཤར་ཕྱོགས་ཞིབ་འཇུག་ཁང་ཧྲིན་པིས་ཏི་པོའི་ཕོ་བྲག་གི་ནང་དུ་ཉར་ཚགས་བྱས་ཡོད་པ་དང་། སུའུ་ལེན་སྔོན་མས་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་དེ་དག་ཆེད་མཁས་པའི་ཁྲོད་དུ་ཤེས་རྟོགས་བྱུང་བ་ཅུང་འཕྱི། ཡིན་ནའང་ལོ་རབས་སུམ་ཅུའི་ནང་། སུའུ་ལེན་ཤར་ཕྱོགས་ཀྱི་རིག་གཞུང་ཞིབ་འཇུག་བྱེད་མཁན་ཧྥའོ་ལུའུ་གུ(K.K.Flug)ཡིས་ཤོག་དྲིལ་རེ་འགའི་དཀར་ཆག་ལེགས་བསྒྲིགས་བྱས་ནས《ཤར་ཕྱོགས་རིག་པའི་དཀར་ཆག》ཅེས་པའི་རྩོམ་ཡིག་ཅིག་དུས་དེབ་ཁྲོད་དུ་སྤེལ་མྱོང་། ཕྱིས་སུ་ལོ་རབས་དྲུག་ཅུ་པ་ནས་བཟུང་། སུའུ་ལེན་གྱིས་ཏུན་ཧོང་ཡིག་རྙིང་ལེགས་སྒྲིག་བྱེད་མགོ་ཚུགས་པར་མ་ཟད། མུན་ལེ་ཧྥུའུ(L.N.Men'Sikov)ཡིས་རྩོམ་སྒྲིག་གནང་བའི《ཡ་གླིང་མི་རིགས་ཞིབ་འཇུག་ཁང་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་གི་རྒྱའི་ཡིག་རྙིང་གི་དཀར་ཆག》ཅེས་པའི་དེབ་དང་པོ་དང་གཉིས་པ་པར་བསྐྲུན་བྱས་པའི་ནང་། བསྡོམས་པས་ཏུན་ཧོང་ཡིག་རྙིང་ཤོག་དྲིལ2954བཀོད་ཡོད། བུའུ་ཆི་ཡུའུ་ཡིས་བརྩམས་པའི《ལེ་ཉིན་གུ་ལེ་ན་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་གནས་ཚུལ་མདོར་བསྡུས》ཞེས་པའི་ནང་སུའུ་ལེན་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་ཤོག་དྲིལ་བསྡོམས་པས11375བཀོད་ཡོད་ལ། ཨུ་རུ་སི་ན་ཉར་ཚགས་བྱས་ཡོད་པའི་ཡིག་རྙིང་དེ་དག་ལ་ཏུན་ཧོང་ཡིག་རྙིང་ཞེས་འབོད་བཞིན་ཡོད་མོད། དོན་གྱིས་དེ་དག་ནི་ཏུན་ཧོང་བྲག་ཕུག་ཁོ་ན་ལས་བྱུང་བ་མ་ཡིན་པར། ཏུན་ཧོང་ས་ཁུལ་དང་མི་ཉག་མཁར་རྙིང་སོགས་ནས་རྙེད་པ་ཡིན་ནོ༎ 


2_4 འཇར་པན་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 

.jpgའཇར་པན་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་དེ་ལ་འབྱུང་ཁུངས་གཙོ་བོ་རིགས་གཉིས་སུ་བགར་ཆོག་སྟེ། གཅིག་ནི་ཏ་ཀུའུ་ཀོང་རོས་ཀྱི་མྱུལ་ཞིབ་རུ་ཁག་པ་ཅིས་རོས་ཁྲོ(桔瑞超)དང་ཅིས་ཁྲན་ཞའོ་ཡི་ལང(吉川小一郎)གཉིས་ཀྱིས་ཏུན་ཧོང་ནས་ཁྱེར་ཡོང་བ་ཡིན་ལ། གཞན་ཞིག་ནི་ཏུན་ཧོང་ནས་གཏེར་ཡིག་ཁ་ཐོར་དུ་སོང་བ་ཁག་ཅིག་ཉོས་ཡོང་བ་དེ་དག་ཡིན། ཅིས་རོས་ཁྲོ(桔瑞超)ཡིས་ཁྱེར་བའི་ཤོག་དྲིལ་དེ་དག་ལ་ཁྱོན་བསྡོམས་པས་ཤོག་དྲིལ660ཡོད་པ་དང་། རྗེས་སུ་ཏ་ཀུའུ་གོང་རུས་ཀྱིས་ལོས་ཧྲིན་ས་ཆའི་ཏུན་ཀན་ཐིན་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས། ད་ལྟ་དེ་དག་ནི་ལོས་ཧྲིན་དང་པེ་ཅིན་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། ཅིས་ཁྲན་ཞའོ་ཡི་ལང(吉川小一郎)གིས་ཁྱེར་བའི་ཡིག་རྙིང་ལ་གོ་ཐོས་ལྟར་ན་ཤོག་དྲིལ100ལྷག་ཡོད་ཟེར་ལ། ད་ལྟ་གནས་གང་དུ་ཉར་ཚགས་བྱས་ཡོད་པའི་གནས་ཚུལ་མི་ཤེས་མོད། སྤྱིར་འཇར་པན་དུ་ཏུན་ཧོང་ཡིག་རྙིང་ཉར་ཚགས་བྱས་ཡོད་པའི་གནས་གཙོ་བོ་ནི་ལུང་ཀུའུ་སློབ་གྲྭ་ཆེན་མོ་དང་། ཏ་ཀུའུ་སློབ་གྲྭ་ཆེན་མོ། ཅིན་ཏུའུ་ཡིག་ལིན་ཁང་། ཞིས་པིན་ཡན་དགོན་པ། ཀྲུང་ཚོན་ཧྲུའུ་དངོས་མང་བཤམས་སྟོན་ཁང་། རྒྱལ་གཉེར་དཔེ་མཛོད་ཁང་། ཅིན་ཅ་ཐང་ཡིག་དཔེ་མཛོད་ཁང་། ཐན་ལིན་དཔེ་མཛོད་ཁང་། ཏ་ཏུའུ་ཅིས་དྲན་གསོ་ཁང་། ཏུང་ཅིན་དངོས་མང་བཤམས་སྟོན་ཁང་། སན་ཅིན་ཡིག་མཛོད་ཁང་། ཉིན་ལམ་མཛེས་རྩལ་ཁང་ལ་སོགས་པའི་ས་གནས་དང་གཞན་མི་སྒེར་གྱི་ལག་ཏུ་ཉར་ཚགས་བྱས་ཡོད་པ་དང་། དེ་དག་སྡོམ་རྩིས་བྱས་པ་ལྟར་ན། ཏ་ཀུའུ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཤོག་དྲིལ44ཡོད་པ་དང་། ལུང་ཀུའུ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཤོག་དྲིལ7ཡོད། ཀྲུང་ཚོན་ཧྲུའུ་དོ་དངོས་མང་བཤམས་སྟོན་ཁང་དུ་ཤོག་དྲིལ143ཡོད་པ་དང་། ཅིན་ཏུའུ་ཡིག་ལན་ཁང་དུ་ཤོག་དྲིལ58ཡོད། སན་ཅིན་ཡིག་མཛོད་ཁང་དུ་ཤོག་དྲིལ100ལྷག་བཅས་ཡོད། དེ་ལས་གཞན་ད་དུང་འཇར་པན་དུ་མི་སྒེར་གྱིས་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ285ལྷག་ཡོད་པས། སྤྱིར་བསྡོམས་པས་འཇར་པན་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་ཤོག་དྲིལ600ལྷག་ཡོད་དོ༎ 

2_5 ཨ་མེ་རུ་ཀ་རུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 

.jpgཨ་མེ་རུ་ཀར་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་གི་ཤོག་དྲིལ་ཁ་གྲངས་ནི་ཅུང་ཉུང་ལ། ཕལ་ཆེར་ཤོག་དྲིལ20ལྷག་མ་གཏོགས་མེད། དེ་ནི་ཨ་མེ་རུ་ཀའི་གནའ་རྫས་མྱུལ་དཔྱད་པ་ལན་ཏུན·ཝར་ནའ(Landon·Warner)ཡིས་ཁྱེར་བ་དག་ཡིན་ལ། དེ་དག་ཝ་ཧྲིན་ཏོན་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཤོག་དྲིལ8ལྷག་ཡོད་པ་དང་། ཉིག་ཡོ་ཏ་ཏུའུ་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཤོག་དྲིལ3ལྷག་དང་། ཁྱི་ཁ་རྒོད་སློབ་གྲྭ་ཆེན་མོའི་ཡན་ཏུང་དཔེ་མཛོད་ཁང་དུ་ཤོག་དྲིལ3དང་། ཁྱི་ཁ་རྒོད་རང་བྱུང་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་ཤོག་དྲིལ1དང་། ཧྥུའུ་གུ་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་དུམ2དང་། ཕུའུ་ལིན་སི་ཏོན་སློབ་གྲྭ་ཆེན་མོའི་དཔེར་མཛོད་ཁང་དུ་ཤོག་དྲིལ3བཅས་ཡོད་དོ༎ 

2_6 ཏན་མེ་རུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་། 

.jpgཏན་མེ་པིན་ཧ་གིན་ཧང་ཅ་དཔེ་མཛོད་ཁང་དུ་ཏུན་ཧོང་ཡིག་རྙིང་དུམ་པ14ཉར་ཚགས་བྱས་ཡོད་པ་དང་། འདི་ནི་སྤྱི་ལོ1915ལོའི་ལོ་སྟོད་དུ་ཏན་མེའི་ཚོང་བ་སོའོ་ལེ་སི་ན་ཏུན་ཧོང་ཕྱོགས་སུ་ལྗོངས་རྒྱུ་བྱེད་སྐབས་ཉོས་པ་ཡིན་ལ། རྗེས་སུ་ཧུང་ཅ་དཔེ་མཛོད་ཁང་ལ་ཕུལ་བ་དེའོ༎ 

2_7 རྒྱལ་ནང་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་གི་ལྷག་འཕྲོ། 
2_7_1 སྐམ་སའི་ཁུལ་དུ་ཉར་ཡོད་པའི་ཏུན་ཧོང་ཡིག་རྙིང་། 

.jpgཏུན་ཧོང་བྲག་ཕུག་ཁྲོད་རྒྱལ་ཁབ་གཞན་གྱིས་ཁྱེར་ཤུལ་གྱི་ཡིག་རྙིང་ལྷག་མ་རྣམས་ནི་མན་ཇུས་སྲིད་གཞུང་གིས་སྤྱི་ལོ1909ལོར་པེ་ཅིན་ལ་བསྐྱལ་ནས་ཅིན་ཧྲི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་། སྤྱི་ལོ1922ལོར་ཁྲིན་ཡོན(陈垣)གྱིས་ཐོག་མར་ལེགས་བསྒྲིགས་གནང་ནས《ཏུན་ཧོང་ཡིག་རྙིང་དཀར་ཆག》ཅེས་པའི་དེབ་ཞིག་པར་བསྐྲུན་བྱས་ཤིང་། དེའི་ཁྲོད་དུ་ཤོག་དྲིལ8697བཀོལ་ཡོད། སྤྱི་ལོ1929ལོར་ཧུའུ་མིན་ཧྲིན(胡鸣盛)དང་ཞི་གོ་ལིན(许国霖)རྣམ་གཉིས་ཀྱིས་གོང་གི་དཀར་ཆག་ཁྲོད་བཀོད་མེད་པའི་ཡིག་རྙིང་ཁ་ཐོར་རྣམས་ཡང་བསྐྱར་ལེགས་སྒྲིག་བྱས་ནས་ཤོག་དྲིལ1192ཕྱོགས་བསྒྲིགས་བྱས་ཏེ། 《ཁ་ཐོར་དཀར་ཆག》ཞེས་པའི་དེབ་ཅིག་བཟོས། སྤྱི་ལོ1981ལོར་པེ་ཅིན་དཔེ་མཛོད་ཁང་གིས་འཚོལ་སྡུད་བྱས་པའི་ཁྲོད་དུ་ཏུན་ཧོང་ཡིག་རྙིང་ཤོག་དྲིལ1500ལྷག་སོན་པའི་ནང་དུ་ཡིག་རྙིང་ཤོག་དྲིལ1065ལྷག་གདམས་གསེས་བྱས་ཏེ《ཏུན་ཧོང་ཡིག་རྙིང་ལྷག་མའི་དཀར་ཆག་མུ་འགོད》ཅེས་པ་སྒྲིག་རྩོམ་བྱས་པ་དང་། གནས་ཚུལ་འདི་ལ་གཞིགས་ན་ད་ལྟ་ད་དུང་རྒྱལ་ནང་དུ་ཏུན་ཧོང་ཡིག་ཤོག་དྲིལ་ཁྱོན་བསྡོམས་པས11000ལྷག་ཉར་ཡོད་པར་འདོད། 

འདི་ལས་གཞན་ད་དུང་རྒྱལ་ནང་གྱི་དངོས་མང་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་གཞན་པའི་ལས་ཁུངས་ཁ་ཤས་ཀྱིས་ཡང་ཏུན་ཧོང་ཡིག་རྙིང་ཉར་ཚགས་བྱས་ཡོད་དེ། མིག་སྔར་བསྡོམས་རྩིས་བྱས་ཡོད་པའི་གནས་ཚུལ་ལ་གཞིགས་ན། ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་དུ་ཤོག་དྲིལ100ལྷག་ཡོད་པ་དང་། ཀན་སུའུ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་ཤོག་དྲིལ137ཡོད། ཀན་སུའུ་ཞིང་ཆེན་ཏུན་ཧོང་ཞིབ་འཇུག་ཁང་དུ་ཤོག་དྲིལ700ལྷག་ཡོད། ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དུ་ཤོག་དྲིལ78ཡོད། ནུབ་བྱང་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོའི་ནང་དུ་ཤོག་དྲིལ13ཡོད་པ་དང་། ཧྲང་ཧེའེ་དཔེ་མཛོད་ཁང་དུ་ཤོག་དྲིལ182ཡོད། ཐེན་ཅིན་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཤོག་དྲིལ300ཡོད། པེ་ཅིན་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཤོག་དྲིལ100ཡོད། གཞན་ནན་ཅིན་དང་ཧི་ཧྥེས། ཅིས་ནན། ཧྲིན་དབྱང་། ལོས་ཧྲིན། ཝུའུ་ཝེ། ཟི་ལིང་། ཁྲིན་ཏུའུ་སོགས་སུའང་ཤོག་དྲིལ་རེ་འགའ་ཡོད་པར་གྲགས་སོ༎

2_7_2 མཚོ་ངོགས་ས་ཁུལ་དུ་ཉར་ཡོད་པའི་ཏུན་ཧོང་ཡིག་རྙིང་། 

.jpgདེ་མིན་རང་རྒྱལ་གྱི་ཐེའེ་ཝན་ས་ཁུལ་དུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་ནི་ཐའེ་བྱང་ཀྲུང་དབྱང་དཔེ་མཛོད་ཁང་དུ་ཤོག་དྲིལ147ཡོད་པ་དང་། ཐའེ་ཝན་ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་དུ་ཤོག་དྲིལ200ལྷག་ཡོད། དེ་མིན་ཐེའེ་ཝན་ཀྲུང་དབྱང་ཞིབ་འཇུག་ཁང་གི་ལོ་རྒྱུས་སྐད་བརྡ་ཞིབ་འཇུག་སའོ་དང་། ཐའེ་ཝན་དང་ཞང་ཀང་གི་མི་སྒེར་གྱིས་ཉར་ཚགས་བྱས་ཡོད་པའི་ཤོག་དྲིལ་རེ་འགའ་ཡང་ཡོད་པར་གྲགས་སོ༎ 

3 ཏུན་ཧོང་ཡིག་རྙིང་གི་རིན་ཐང་། 
3_1 བརྗོད་བྱ་དོན་གྱི་རིན་ཐང་། 

གཅིག ཆོས་ལུགས་ཀྱི་ཆ་ནས་གཞུང་སྡེ་སྣོད་གསུམ་སྟེ། མདོའི་སྡེ་སྣོད་དང་འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད་གསུམ་གཙོར་བྱས་ཏེ་ནང་བསྟན་གྱི་དཀར་ཆག་སྐོར་ཡོད་ལ། དེའི་ཁྲོད་དུ་སངས་རྒྱས་ཀྱི་སྐྱེ་རབས་དང་སྐྱེས་བུས་དམ་པའི་རྣམ་ཐར། རྟོགས་བརྗོད་སོགས་ཆོས་ལུགས་ཀྱིས80%ཟིན་གྱི་ཡོད།  

གཉིས། དགོན་པའི་ཡིག་རྙིང་ཁྲོད་དུ་དགོན་པའི་ཡོང་སྒོ་དང་འཚོ་བ། ལམ་ལུགས་སོགས་གཙོར་བྱས་ཏེ། གནའ་བོའི་སྤྱི་ཚོགས་ཁྲོད་ཀྱི་དམངས་ཁྲོད་ཚོགས་པ་དང་ཆོས་ཚོགས་རྩ་འཛུགས་ཀྱི་བྱེད་སྒོ་སྣ་ཚོགས་མངོན་ཡོད། 

གསུམ། གསོ་རིག་ཡིག་རྙིང་ཁྲོད་དུ་སྨན་གཞུང་དང་གསོ་བཅོས་སྐོར་གཙོ་བོ་ཡིན་ལ། དེ་ནི་མིའི་ལུས་པོ་ཁོ་ན་གསོ་བའི་གསོ་རིག་མ་ཡིན་པར། སྐབས་དེར་གསོ་སྐྱོང་བྱེད་བཞིན་ཡོད་པའི་རྟ་དང་ནོར། བ་གླང་སོགས་མཚོན་པའི་ཕྱུགས་སྨན་ཡང་གྱ་ནོམ་པ་ཡོད། 

བཞི། གཞུང་ཡིག་རྙིང་གི་ཁྲོད་དུ་གནའ་བོའི་ཆབ་སྲིད་ལམ་ལུགས་དང་དམག་དོན་ལམ་ལུགས་གཙོར་བྱས་ཏེ། སྐབས་དེའི་སྤྱི་ཚོགས་དང་རྒྱལ་ཁབ་དག་གི་འབྲེལ་བ་མངོན་ཡོད། 

ལྔ། དེ་བཞིན་དུ་གནའ་བོའི་སྐད་གྲགས་ཅན་གྱི་བོད་བཙན་པོའི་རྒྱལ་རབས་དང་མི་ཉག དྲུ་གུ འ་ཞ། ལི་ཡུལ་སོགས་ཀྱིས་མི་རིགས་རང་གི་སྐད་ཡིག་གི་ལམ་ནས་བྲིས་པའི་ལོ་རྒྱུས་དང་ཆོས་ལུགས་ཀྱི་ཡིག་རྙིང་འབོར་ཆེན་ཡོད། འདི་ལས་ཏུན་ཧོང་གི་ལས་དབང་དང་དར་རྒུད་མཐོབ་ཐུབ་བོ༎ 

3_2 རིག་གཞུང་ཞིབ་འཇུག་གི་རིན་ཐང་། 

སྤྱིར་ཏུན་ཧོང་ཡིག་རྙིང་ཁྲོད་དུ་འཇིག་རྟེན་མི་ཆོས་ཀྱི་ཆ་ནས20%མ་གཏོགས་མི་ཟིན་ནའང་། རིག་གཞུང་ཞིབ་འཇུག་གི་རིན་ཐང་ནི་ནང་བསྟན་ཡིག་རྙིང་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་དེ། ཟིན་ཚད་ཧ་ཅང་དམའ་བའི་འཇིག་རྟེན་མི་ཆོས་ཀྱི་ཡིག་རྙིང་དེ་དག་གི་ཁྲོད་དུ་སྐབས་དེའི་གྲངས་རིག་དང་ས་ཁམས། ལོ་རྒྱུས། ཆབ་སྲིད། ཉོ་ཚོང་། མཚན་ཉིད་རིག་པ། དམག་དོན། མི་རིགས། དམངས་སྲོལ་སོགས་ལ་ཞིབ་འཇུག་བྱེད་པའི་མེ་ལོང་ལྟ་བུ་ཡིན་པར་མ་ཟད། བྱེ་བྲག་རོལ་མོ་དང་བྲོ་གར། རྩོམ་རིག སྐད་བརྡ། སྒྲ་རིག་པ། དཔེ་རྙིང་། མཚན་ཐོ། རྩིས་ཐོ། རེའུ་མིག  བསྟན་བཅོས་སྣ་ཚོགས། ཆུ་བེད། ཡིག་གཟུགས། གསོ་རིག ཕྱུགས་སྨན། ལག་རྩལ། ལུས་རྩལ། མོ་ཡིག་སོགས་གནའ་བོའི་སྤྱི་ཚོགས་ཀྱི་ཟུར་མང་བོར་ཞིབ་འཇུག་བྱེད་པའི་དཔྱད་གཞི་ཆ་གལ་ཆེན་ཞིག་ཡིན་ལ། ཁྱད་པར་དུ་ཡ་གླིང་ཤར་མའི་དབུས་རྒྱུད་ཀྱི་གནའ་བོའི་ཧོར་རིགས་དང་སོག་དག  བོད་བཙན་པོའི་རྒྱལ་རབས། ལི་ཡུལ། དྲུ་གུ  རྒྱ་གར་སོགས་ཀྱི་ཡིག་རྙིང་ཡོད་པས། ཡིག་རྙིང་འདི་དག་གིས་གནའ་བོའི་ཡ་གླིང་དཀྱིལ་བའི་སྟོབས་ལྡན་རྒྱལ་ཁབ་དག་གི་ལོ་རྒྱུས་དང་ས་མཚམས། འཚོ་བ། དམག་འཁྲུག རིག་གནས་སོགས་ལ་ཞིབ་འཇུག་བྱེད་པའི་གལ་ཆེའི་དོན་སྙིང་ལྡན་ཏེ། མདོར་ན། ཏུན་ཧོང་ཡིག་རྙིང་གི་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པའི་མི་ཚད། ལོ་རྒྱུས་རིག་པ་དང་སྐད་བརྡ་རིག་པ། རྩོམ་རིག མི་རིགས་རིག་པ། ཆོས་ལུགས་རིག་པ། ཡིག་ཚང་རིག་པ། ལོ་རྒྱུས་ས་ཁམས་རིག་པ་སོགས་རིག་ཚན་སྣ་མང་གི་ལམ་ནས་ཡ་གླིང་དཀྱིལ་མའི་གནའ་བོའི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱས་ཆོག་པར་མ་ཟད། དུས་རབས20པའི་ནང་དུ་རྒྱལ་སྤྱིའི་ཏུན་ཧོང་རིག་པ་ཞེས་པའི་རིག་ཚན་གསར་བ་ཞིག་དངོས་སུ་དབུ་བརྙེས་དེ་ཡང་དོན་དང་ལྡན་ནོ༎ 

4 ཏུན་ཧོང་ཡིག་རྙིང་གི་ལས་གཞི་གལ་ཆེན་གྱི་སྐོར། 

.jpgཏུན་ཧོང་ཡིག་རྙིང་ནི་ཀྲུང་གོའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད་པའི་གལ་ཆེའི་ཆེད་གཉེར་ཡིག་ཚང་བཞི་ཡི་ཁྲོད་ཀྱི་གཅིག་ཡིན་ལ། སྤྱི་ལོ1912ལོར། ཀྲུང་གོའི་རྒྱལ་གཉེར་དཔེ་མཛོད་ཁང་གིས་ཆེད་དུ་འགན་འཁུར་ནས་ཡིག་རྙིང་དག་སྒྲིག་བྱས་ཏེ། 《ཏུན་ཧོང་བྲག་ཕུག་གི་གསུང་རབ་དཀར་ཆག》ཟེར་བ་ཞིག་པར་བསྐྲུན་བྱས། དེའི་ནང་དུ་ཁྱོན་ཤོག་དྲིལ8679བཀོད་ཡོད། སྤྱི་ལོ1922ལོར་ཁྲིན་ཡོན(陈垣)གྱིས་ཐོག་མར་ལེགས་བསྒྲིགས་གནང་ནས《ཏུན་ཧོང་ཡིག་རྙིང་དཀར་ཆག》ཅེས་པའི་དེབ་ཞིག་པར་བསྐྲུན་བྱས་ཤིང་། དེའི་ཁྲོད་དུ་ཤོག་དྲིལ8697བཀོལ་ཡོད། སྤྱི་ལོ1929ལོར་ཧུའུ་མིན་ཧྲིན(胡鸣盛)དང་ཞི་གོ་ལིན(许国霖)རྣམ་གཉིས་ཀྱིས་གོང་གི་དཀར་ཆག་ཁྲོད་བཀོད་མེད་པའི་ཡིག་རྙིང་ཁ་ཐོར་རྣམས་ཡང་བསྐྱར་ལེགས་སྒྲིག་བྱས་ནས་ཤོག་དྲིལ1192ཕྱོགས་བསྒྲིགས་བྱས་ནས《ཁ་ཐོར་དཀར་ཆག》ཞེས་པ་ཞིག་བཟོས། སྤྱི་ལོ1931ལོའི་ཟླ3པར་ཀྲུང་དབྱང་ཞིབ་འཇུག་ཁང་ལོ་རྒྱུས་སྐད་བརྡ་རིག་པ་ཞིབ་འཇུག་སའོ་ཡིས་དཔེ་ཆ་མི་འདྲ་བ་རིགས་བཞི་པར་བསྐྲུན་བྱས་པ་དང་། དེའི་ཁྲོད་དུ་ཤོག་དྲིལ8653བཀོད་ཡོད།  སྤྱི་ལོ1981ལོར་པེ་ཅིན་དཔེ་མཛོད་ཁང་གིས་འཚོལ་སྡུད་བྱས་པའི་ཁྲོད་དུ་ཏུན་ཧོང་ཡིག་རྙིང་ཤོག་དྲིལ1500ལྷག་སོན་པའི་ནང་དུ་ཡིག་རྙིང་ཤོག་དྲིལ1065ལྷག་གདམས་གསེས་བྱས་ཏེ《ཏུན་ཧོང་ཡིག་རྙིང་ལྷག་མའི་དཀར་ཆག་མུ་འགོད》ཅེས་པ་སྒྲིག་རྩོམ་བྱས་ཏེ། སྤྱི་ལོ2005ལོར་པེ་ཅིན་དཔེ་མཛོད་ཁང་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་ཏེ་བཀྲམས། 1993ལོར་ཕྱི་ཕྱོགས་རྒྱལ་ཁབ་ཀྱི་མ་དངུལ་མཐུན་རྐྱེན་འོག་རྒྱལ་སྤྱིའི་ཏུན་ཧོང་ལས་གཞི(IDP)འི་གྲོས་འགོ་བཏོན་ཞིང་། 1994ལོར་ལས་གཞི་དངོས་སུ་འགོ་ཚུགས། 1998ལོར། རྒྱལ་སྤྱིའི་ཏུན་ཧོང་ལས་གཞི(IDP)གྲངས་མཛོད་ཆེན་མོའི་དྲ་བ་ཤར་གཏོང་བྱས་པ་དང་། དེའི་ནང་དུ་ཡིག་རྙིང་གི་མ་ཕྱི་དང་དཀར་ཆག པར་རིས་སོགས་དངོས་སུ་འཚོལ་གཤེར་བྱས་ཆོག་པ་དང་།  དེ་མིན་གཞན་ད་དུང་སྤྱི་ལོ2006ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒྱལ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་དང་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་། ཧྲང་ཧེ་ཡིག་རྙིང་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་འབྲེལ་བྱས་ནས། སྦྱིན་ཤོག་གི་རྣམ་པའི་དེབ་སྤུས་ལེགས་ཅན《དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》(1-15)དང《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》(1-22)གཉིས་པར་བསྐྲུན་བྱེད་བཞིན་ཡོད་ལ། ཀན་སུའུ་ཏུན་ཧོང་ཞིབ་འཇུག་ཁང་དང་ཀན་སུའུ་རིག་དངོས་ཅུའུ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་སོགས་ཀྱིས་མཉམ་འབྲེལ་བྱས་ནས། སྦྱིན་ཤོག་གི་རྣམ་པའི་དེབ་སྤུས་ལེགས་ཅན《ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང》(1-8)སོགས་པར་བསྐྲུན་དང་ཞིབ་འཇུག་བྱེད་བཞིན་ཡོད་དོ༎ 



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-11

གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང

རིགས་འགྲེ་བརྡ་འགྲེལ།