པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་།
པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་ནི་དེ་སྔ་གོང་མའི་ཁྱིམ་རྒྱུད་ཀྱི་ཐའེ་མིའོ་ལྷ་ཁང་ཡིན་ཞིང་། མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་ཁྲི་ལོ་བཅོ་བརྒྱད(1420ལོ)པར་བཙུགས་པ་དང་། མིང་ཅ་ཅིང་དང་ཝན་ལི། ཆིང་ཧྲུན་ཀྲི། ཆན་ལུང་བཅས་ཀྱི་སྐབས་སུ་ཞིག་གསོ་དང་བསྐྱར་བཟོ་བྱས་མྱོང་། མིང་དང་ཆིང་རྒྱལ་རབས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་གོང་མས་མེས་པོར་མཆོད་འབུལ་བྱེད་ས་ཡིན། བཅིང་འགྲོལ་བྱས་རྗེས་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་སྐུ་དངོས་སུ་ཆོག་མཆན་བཀོད་དེ། ཐའེ་མིའོ་ལྷ་ཁང་དེ་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དུ་བསྒྱུར་ཏེ། པེ་ཅིང་གྲོང་ཁྱེར་སྤྱིའི་བཟོ་ཚོགས་དེ་བཟོ་བའི་རིག་གནས་ཀྱི་ཡུལ་དུ་སྤྲད་པ་དང་། སྤྱི་ལོ1950ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཀྱི་སྐབས་སུ་དངོས་སུ་སྒོ་ཕྱེ་པས། བློ་མཐུན་ཀུའོ་མོ་རུའོ་ཡིས“དེ་སྔ་གོང་མའི་ལྷ་ཁང་དང་། དེང་སང་རིག་གནས་ཕོ་བྲང”ཞེས་པའི་སྙན་ངག་བརྩམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京市劳动人民文化宫
པ་སེའི་རིན་གོང་།
སྒོར་གཉིས།
ས་གནས།
པེ་ཅིང་གྲོང་ཁྱེར།
བཙུགས་ལོ།
སྤྱི་ལོ1420ལོར།
1 ​ངོ་སྤྲོད་མདོར་བསྡུས།

པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་ནི་སྔོན་ཆད་གོང་མ་ཚང་གི་མེས་པོར་མཆོད་འབུལ་བྱེད་སའི་ཐའེ་མིའོ་ཡིན་པ་དང་། མིང་རྒྱལ་རབས་ཀྱི་སྐབས་སུ་ཐའེ་མིའོ་ནི་ཀྲུའུ་ཡོན་ཀྲང་དང་ཀྲུའུ་ཏི་སོགས་ལ་མཆོད་འབུལ་བྱེད་པ་ཡིན། སྤྱི་ལོ1644ལོར་ཆིང་དམག་པེ་ཅིང་དུ་འབྱོར་རྗེས། ཧྥུ་ལིན་རྒྱལ་བོར་བསྐོས་པ་དང་། ཁོ་ཚོའི་མེས་པོ་མཚན་བྱང་རྣམས་ཧྲིན་ཡང་ནས་པེ་ཅིང་དུ་གདན་དྲངས་ཏེ་ཐའེ་མིའོ་ལྷ་ཁང་དུ་མཆོད་འབུལ་བྱས་ཏེ། མིང་རྒྱལ་རབས་ཀྱི་གོང་མའི་མེས་པོའི་མཚན་བྱང་ད་ལྟའི་ཧྥུ་ཁྲེང་མོན་སྲང་ལམ་གྱི་ལམ་བྱང་གི“རྒྱལ་རབས་རིམ་བྱོན་གྱི་མཆོད་འབུལ་ལྷ་ཁང”དུ་སྤོས།

ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ། སྐབས་དེར“ལྷོ་བྱང་དམག་དཔུང་གི་འཐུས་མི”ཡིས་གཏན་འབེབས་བྱས་པའི“མན་ཇུའི་གོང་མ་ཚང་གི་གཟིགས་སྐྱོང་ཆ་རྐྱེན”ལྟར་ན། མཁར་ནང་གི་ཕོ་བྲང་དང་མཆོད་ཁང་སོགས་རྒྱལ་ཁབ་ཀྱིས་དོ་དམ་བྱེད་དགོས་པ་དང་། འོན་ཀྱང་ཕྱིའི་ཐའེ་མིའོ་མཆོད་འབུལ་ལྷ་ཁང་ཡང་ནང་དུ་ཚུད་ཡོད། སྤྱི་ལོ1914ལོར་ད་གཟོད་ལྷ་ཁང་ཆེན་པོ་གསུམ་གྱི་ཁག་དེ་སྐབས་དེའི་པེ་དབྱང་སྲིད་གཞུང་གིས་དོ་དམ་བྱེད་ཀྱིན་ཡོད་ལ། ཧྲེ་ཅིན་ཐེན་སྤྱི་གླིང་ཀྲུང་ཧྲན་སྤྱི་གླིང་དུ་བསྒྱུར་བ་དང་། དེའི་ལྷོ་སྒོ་ཕྱེ་སྐབས་སྤྱི་གླིང་ཕན་ཚུན་ཆ་འགྲིག་ཡོང་ཆེད་ཐའེ་མིའོ་ཡི་གྱང་གི་ལྷོ་ངོས་སུ་སྒོ་ཞིག་ཕྱེ་ཡོད་པ་དེ་ནི། ད་ལྟའི་རིག་གནས་ཕོ་བྲང་གི་མདུན་སྒོ་ཡིན་ནའང་སྐབས་དེ་དུས་སྒོ་ཕྱེ་མེད།      

སྤྱི་ལོ1924ལོར་གོང་མ་ཕུའུ་དབྱི་ཕྱིར་བསྐྲད་རྗེས། ཐའེ་མིའོ་ལྷ་ཁང་དེ“ཞི་བདེའི་སྤྱི་གླིང”དུ་གསར་འབྱེད་བྱས་པ་དང་། ཡུན་རིང་མ་སོང་བར“གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང”ཞེས་པར་བསྒྱུར་ནས་ཡུལ་སྐོར་བ་རྣམས་ལ་པ་སེ་བཙོངས་ནས་སྒོ་འབྱེད་པ་དང་། སྐབས་དེའི་མི་ཧ་ཅང་ཉུང་ཞིང་ནང་དུ་གནའ་བོའི་ཤུག་པ་དང་ཁྲུང་ཁྲུང་སྐྱ་བོ་མ་གཏོགས་གཅིག་ཀྱང་མེད་པས་ཤིན་ཏུ་ལྷིང་འཇགས་ཡིན། 

2 སྤྱི་གླིང་འཛུགས་སྐྲུན། 

ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དེ་གྲོང་ཁྱེར་ཡོངས་ཀྱི་ལས་བཟོའི་རིག་གནས་དགའ་ཚལ་དུ་གྱུར་ནས་རིམ་བཞིན་ཉམས་གསོ་བྱས་པ་བརྒྱུད་དེ། འདི་གར་རིག་གནས་བྱེད་སྒོ་ཐིང་དང་ལས་བཟོའི་སློབ་ཆེན། འགྲམས་སྟོན་ཐིང་། གློག་བརྙན་ཁང་དང་དཔེ་མཛོད་ཁང་། མིག་མངས་སྒྱུ་རྩལ་ཁང་། ལུས་རྩལ་ཐང་དང་ཟློས་གར་ཁང་སོགས་བཙུགས་ནས་ལག་རྩལ་སློབ་སྦྱོང་འཛིན་གྲྭ་དང་འཆད་ཁྲིད་སྣ་ཚོགས་སྤེལ། མཛེས་རྩལ་ཚོགས་ཆུང་དང་པར་བརྙན་ཕབ་ཚོགས་ཆུང་། རྩོམ་རིག་གསར་རྩོམ་དཔྱད་གཏམ་ཚོགས་ཆུང་། སྙན་ངག་གསར་རྩོམ་ཚོགས་ཆུང་། དེ་བཞིན་བཟོ་པའི་ལས་ཞོར་སྒྱུ་རྩལ་ཚོགས་པ་སོགས་རིག་གནས་ཚོགས་པ་སྣ་ཚོགས་བཙུགས་པ་དང་། ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་གིས་ད་དུང་དུས་ཚིགས་ཀྱི་འགྱུར་ལྡོག་གཞིར་བཟུང་སྔར་བྱུང་མྱོང་མེད་པའི་གཞི་ཁྱོན་ལྡན་པའི་དཔེ་དེབ་ཁྲོམ་ར་དང་གློག་སྒྲོན་གྲོང་ཁྱེར། རིག་རྩལ་འགྲན་བསྡུར་སོགས་རོལ་རྩེད་བྱེད་སྒོ་ཐེངས་མང་སྤེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་ལས་བཟོ་པ་རྣམས་ཀྱི་ཡིད་དབང་བཀུགས་ནས་རྒྱལ་སའི་དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། 

3 ལོ་རྒྱུས་དོན་རྐྱེན་ཆེན་པོ།     

སྤྱི་ལོ1988ལོའི་ཟླ1པོར་ཐའེ་མིའོ་ལྷ་ཁང་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཁག་གཙོ་གནད་དུ་བཅུག་པ་རེད།      

སྤྱི་ལོ1998ལོར་པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དེ་རྒྱལ་ཡོངས་ཀྱི་དཔེ་སྟོན་བཟོ་བའི་རིག་གནས་ཕོ་བྲང་དུ་བདམས། 

སྤྱི་ལོ2002ལོའི་ཟླ3པར་པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དེ་པེ་ཅིང་གྲོང་ཁྱེར་གྱི་ཚད་རིམ་དང་པོའི་སྤྱི་གླིང་དུ་བདམས་པ་དང་། སྤྱི་ལོ2007ལོའི་ཟླ12བའི་ཚེས17ཉིན་རྒྱལ་ཁབ་ཀྱིས་གནང་བའི་སྤྱི་ལོ2007ལོའི་རིག་གནས་ཤུལ་བཞག་ཉིན་མོའི་རྩ་འཛུགས་བྱ་དགའ་ཐོབ།      

པེ་ཅིང་གྲོང་ཁྱེར་གྱི་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་བཙུགས་པ་ནས་བཟུང་། རྒྱལ་ས་དང་ཐ་ན་རྒྱལ་ཡོངས་ཀྱི་ལས་བཟོའི་རིག་གནས་བྱེད་སྒོའི་ལྟེ་གནས་སུ་གྱུར་ནས། སྣ་སྒོ་མོའི་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་ཏེ་ཕྱོགས་སོ་སོའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད་པ་དང་ཆབས་ཅིག ཏང་དང་རྒྱལ་ཁབ་ཀྱི་བྱེད་སྒོ་གལ་ཆེན་སྤེལ་ཡུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་མང་པོ་བརྒྱུད་ཡོད། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་རིག་གནས་ཕོ་བྲང་གིས་གོང་མའི་ཕོ་བྲང་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་སྒྱུ་རྩལ་ཟུང་འབྲེལ་དམ་ཟབ་བྱས་ནས། རིམ་བཞིན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་རིག་གནས་ཀྱི་རིན་ཐང་མངའ་བའི་སློབ་གྲྭ་དང་དགའ་ཚལ་ཞིག་ཏུ་ཆགས་པ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། གནས་སྐོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-06

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།