སྒྲིག་ཁྲིམས་དྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒྲིག་ཁྲིམས་དྲུག
ཏང་གི་སྒྲིག་ཁྲིམས་ནི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་སྤེལ་བའི་ལམ་སྲོལ་ཡིན་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་དང་ཏང་གི་ལས་འགན་ལེགས་འགྲུབ་བྱེད་པའི་འགན་ལེན་ཡིན། ཏང་གི་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་ལག་བསྟར་དང་སྲུང་སྐྱོང་ནན་ཏན་བྱ་དགོས་པ་དང་། གུང་ཁྲན་ཏང་ཡོན་གྱིས་ངེས་པར་དུ་རང་རྟོགས་ཀྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་དང་ལེན་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
六大纪律
རིགས་གྲས།
སྒྲིག་སྲོལ།
མིང་གཞན།
ཏང་གི་སྒྲིག་ཁྲིམས།
1 ​ནང་དོན་གྱི་ཁྱད་ཆོས།

དེའི་ཁྱད་ཆོས་གཙོ་བོ་ནི།

1.དངོས་ཡོད་རང་བཞིན། ཏང་གི་སྒྲིག་ཁྲིམས་ནི་རང་སྣང་འདོད་བློའི་མཚོན་ཚུལ་ཞིག་མིན་པར་ལོ་རྒྱུས་འཕེལ་རྒྱས་བྱུང་བ་ལས་བྱུང་བ་ཞིག་རེད། འབྱོར་མེད་གྲལ་རིམ་གྱི་སྒྲིག་ཁྲིམས་ནི་མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་ཆེན་པོའི་དངོས་པོའི་ཆ་རྐྱེན་ནང་འབྱོར་མེད་གྲལ་རིམ་གྱིས་གྲུབ་པ་ཞིག་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ཆེན་པོ་གོང་དུ་འཕེལ་བའི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད། འབྱོར་མེད་གྲལ་རིམ་སྲིད་ཏང་གི་སྒྲིག་ཁྲིམས་ནི་འབྱོར་མེད་གྲལ་རིམ་གྱི་གཅིག་སྡུད་ཀྱི་མཚོན་ཚུལ་ཞིག་རེད།

2 གཟབ་ནན་རང་བཞིན། འབྱོར་མེད་གྲལ་རིམ་དང་དེའི་སྲིད་ཏང་ལ་སྟོབས་ཤུགས་ཡོད་པའི་རྒྱུ་མཚན་ནི་དེ་དམ་པོ་དང་རྩ་འཛུགས་ཡོད་པའི་ཕུང་པོ་ཞིག་ཡིན་པའི་རྐྱེན་གྱིས་རེད། རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་ཐུབ་མིན་ནི་ཏང་ནང་དུ་སྒྲིག་ཁྲིམས་དམ་པོ་ལག་ལེན་བྱེད་རྒྱུར་ཐུག་ཡོད། གྲོས་གཞི་དང་བསམ་འཆར་གང་ཞིག་ཏང་གི་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་ན། ཏང་གི་རྩ་འཛུགས་དང་ཏང་ཡོན་ཡོངས་རྫོགས་ལ་སྤྱོད་གོ་ཆོད་པ་དང་། ཚང་མར་ཚོད་འཛིན་གྱི་ནུས་པ་འདྲ་མཚུངས་ཡོད་པས། ཏང་གི་རྩ་འཛུགས་དང་ཏང་ཡོན་ཚང་མས་ངེས་པར་དུ་ལག་ལེན་བསྟར་དགོས། ཏང་གི་གྲོས་ཆོད་ལག་ལེན་མ་བྱས་ན་ཏང་གི་སྒྲིག་ཁྲིམས་དང་འགལ་བ་རེད། སུ་སྒྲིག་ཁྲིམས་དང་འགལ་ན་དེར་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས།

3.རང་རྟོགས་རང་བཞིན། གུང་ཁྲན་ཏང་ཡོན་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་དྲག་ཆས་སྤྲས་པའི་བཟོ་པའི་གྲལ་རིམ་གྱིས་མི་སྒེར་དང་རྩ་འཛུགས་བར་དང་། རང་དབང་དང་སྒྲིག་ཁྲིམས་བར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བར་གོ་བ་ཡང་དག་ལེན་པ་དང་ཐག་གཅོད་ཡང་དག་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་དེ་ཏང་གིས་འཁུར་དགོས་པའི་འོས་འགན་དུ་བརྩི་བ་དང་། ཏང་གི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་བའི་རྩ་བའི་འགན་ལེན་དུ་བརྩི་དགོས།

4.དམངས་གཙོའི་རང་བཞིན། ཏང་གི་སྒྲིག་ཁྲིམས་ནི་ཏང་ནང་དུ་རང་མོས་ཀྱིས་གྲོས་བསྡུར་དང་སྐྱོན་བརྗོད་བྱས་ཆོག་པ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས། ཏང་ནང་དུ་ཏང་ཡོན་ལ་དམངས་གཙོའི་ཁེ་དབང་འདང་ངེས་ཡོད་ཅིང་། ཏང་གི་སྒྲིག་ཁྲིམས་ལག་བསྟར་བྱེད་མཁན་ཡིན་ལ་ཏང་གི་སྒྲིག་ཁྲིམས་གཏན་འབེབས་བྱེད་མཁན་ཡང་ཡིན། ཏང་གི་སྒྲིག་ཁྲིམས་གང་ཞིག་ཡིན་རུང་ཚང་མ་ཏང་ཡོན་ནམ་ཏང་ཡོན་གྱི་འཐུས་མིས་དམངས་གཙོའི་གྲོས་བསྡུར་གང་ལེགས་བྱས་པའི་རྨང་གཞིའི་ཐོག་བཟོས་པ་ཡིན་ཞིང་། དེ་ཏང་གི་རྩ་བའི་ཁེ་ཕན་དང་མཐུན་ལ་ཏང་ཡོན་མང་ཆེ་བའི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་ཡོད།

2 ལོ་རྒྱུས་འཕེལ་རྒྱས།

སྤྱི་ལོ1920ལོའི་ཟླ9པའི་ཚེས16ཉིན། ཚའེ་ཧོ་སེན་གྱིས་མའོ་ཙེ་ཏུང་ལ་འཕྲིན་ཡིག་བསྐུར་ཏེ་ཀྲུང་གོ་གུང་ཁྲན་ཏང་འཛུགས་པར་དཔྱད་བསྡུར་བྱས་ཤིང་། ཐེངས་དང་པོར“ཏང་གི་སྒྲིག་ཁྲིམས་ནི་ལྕགས་ལྟ་བུའི་སྒྲིག་ཁྲིམས་ཡིན”ཞེས་པའི་ཚན་རིག་དང་མཐུན་པའི་གོ་དོན་བཏོན་པ་དང་། འཕྲིན་ཡིག་ནང་དུ། “ཏང་གི་རྩ་འཛུགས་ནི་དབང་ཆ་གཅིག་ཏུ་བསྡུས་པའི་རྩ་འཛུགས་དང་། ཏང་གི་སྒྲིག་ཁྲིམས་ནི་ལྕགས་ལྟ་བུའི་སྒྲིག་ཁྲིམས་ཡིན་པས། ངེས་པར་དུ་དེ་འདྲ་བྱས་ན་ད་གཟོད་གོ་རྟོགས་སད་ཅིང་རྩ་འཛུགས་ཡོད་པའི་མི་ཉུང་ཤས་ཤིག་སྐྱེད་སྲིང་བྱེད་ཐུབ་པ་དང་། དམག་འཁྲུག་གི་དུས་རབས་དང་འགན་ཁུར་ཆེ་བའི་བསྒྱུར་བཀོད་ལས་དོན་ལ་འཚམ་ཐུབ”ཅེས་བྲིས་ཡོད།

སྤྱི་ལོ1921ལོར། ཐེངས་དང་པོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་དང་པོ》ཡི་དོན་ཚན་དྲུག་པའི་ནང“ཏང་གསང་བའི་གནས་སུ་སྡོད་སྐབས་ཏང་གི་འདོད་ཚུལ་གལ་ཆེན་དང་ཏང་ཡོན་གྱི་ཐོབ་ཐང་གསང་བ་དམ་སྲུང་བྱ་དགོས”ཞེས་གཏན་འབེབས་བྱས་ཡོད།

སྤྱི་ལོ1922ལོའི་ཟླ7པར། ཚོགས་ཆེན་གཉིས་པས་ཏང་གི་སྒྲིག་ཡིག་གི་ལེའུ་བཞི་བའི་ཁྲོད་ཐེངས་དང་པོར་སྒྲིག་ཁྲིམས་དགུ་བཏོན། ཐོག་མར“རང་རེའི་ཏང་གི་གྲོས་ཚོགས་ཡོད་ཚད་མང་ཆེ་བའི་ཐག་གཅོད་དགོས་པ་དང་། ཉུང་བས་མང་བར་བརྩི་བཀུར་མཐའ་གཅིག་ཏུ་ཞུ་དགོས”ཞེས་བཏོན་ཡོད། ད་དུང་ཏང་ཡོན་གྱི་གཏམ་བརྗོད་དང་བྱ་སྤྱོད་ཏང་གི་སྒྲིག་ཡིག་དང་འགལ་ཞིང་། རྒྱུ་མཚན་མེད་པར་ཚོགས་འདུ་ཐེངས་གཉིས་ལ་མ་ཞུགས་པ། ཟླ་བ་གསུམ་ལ་བསྟུད་མར་ཏང་དངུལ་མ་སྤྲད་པ་དང་། རྒྱུ་མཚན་མེད་པར་བསྟུད་མར་གཟའ་འཁོར་བཞིར་རང་རེའི་ཏང་ལ་ཞབས་འདེགས་མ་ཞུས་པ། ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་དུས་ཡུན་ནང་ཡང་གོ་རྟོག་མ་སེལ་པ། ཏང་གི་གསང་བ་ཕྱིར་བསྒྲགས་པ་སོགས་ཀྱི་གཏན་འབེབས་གཅིག་དང་འགལ་ཚེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་དགོས། ཏང་གི་ཚོགས་ཆེན་ཐེངས་གསུམ་པ་དང་བཞི་པའི་ཏང་གི་སྒྲིག་ཁྲིམས་ཀྱི་གཏན་འབེབས་ནང་ཏང་གི་སྒྲིག་ཡིག་གཉིས་པའི་འདོན་ཚུལ་བཟུང་ཡོད།

སྤྱི་ལོ1927ལོའི་ཟླ6པར། ཀྲུང་དབྱང་གིས་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་འཚོགས། ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བརྒྱབ་པ་དང་། དེའི་ནང་གི་ལེའུ་དགུ་པའི་སྒྲིག་ཁྲིམས་ཀྱི་དོན་ཚན་རེ་ལྔ་པའི་ནང“ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་ནི་ཏང་ཡོན་ཡོངས་དང་ཏང་པུའུ་ཡི་ཐོག་མའི་འོས་འགན་གལ་ཆེ་ཤོས་ཤིག་ཡིན”ཞེས་གཏན་འབེབས་བྱས་པ་དང་། དུས་མཚུངས་སུ་གོང་རིམ་ལས་ཁུངས་ཀྱི་གྲོས་ཆོད་དང་དེ་བཞིན་ཏང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་གཞན་དག་ལག་བསྟར་མི་བྱེད་པའི་ཏང་པུའུ་ཐ་ཚིག་སྒྲོག་རྒྱུ་དང་། བསྐྱར་སྒྲིག་བྱེད་པ། བསྐྱར་དུ་ཐོ་འགོད་བྱེད་པའི་ཆད་པ་གཅོད་རྒྱུ། ཏང་ཡོན་སྒེར་ཡིན་ན་ཐ་ཚིག་སྒྲོག་པ་དང་། ལས་ཀ་མེད་པར་བཟོ་བ། ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པ། ཏང་གི་སྐྱིད་སྡུག་ནས་ཕུད་པ་སོགས་ཀྱི་ཆད་པ་གཅོད་དགོས།

སྤྱི་ལོ1928ལོའི་ཟླ7པར། ཏང་གི་ཚོགས་ཆེན་ཐེངས་དྲུག་པའི་ཏང་གི་སྒྲིག་ཡིག་ནང་ཐེངས་དང་པོར་ཏང་གི་རྩ་འཛུགས་ཀྱི་རྩ་དོན་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཡིན་ཞེས་གཏན་འབེབས་གསལ་བོ་བྱས་ཏེ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་བའི་རྩ་དོན་གསུམ་གཏན་འབེབས་ཞིབ་མོ་བྱས་ཡོད། དེ་འདྲ་བྱས་ན་ཏང་ནང་དུ་གནས་ཡོད་པའི་ཁྱིམ་བདག་ལམ་ལུགས་དང་དམངས་གཙོ་ཐལ་ཆེ་བའི་ཕྱོགས་ལྷུང་གཉིས་ཡོ་བསྲང་བྱེད་པ་དང་། ཏང་ནང་དུ་དམངས་གཙོ་དང་གཅིག་སྡུད་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱེད་པ། ཏང་འཛུགས་སྐྱོང་བྱེད་པར་ཤུགས་རྐྱེན་གཏིང་ཟབ་པ་བཅས་ལ་ཕན་ཐོགས་ཡོད། ཏང་གི་ནོར་སྲིད་ཀྱི་ལེའུ་བཅུ་གསུམ་པའི་དོན་ཚན་ཞེ་བདུན་པའི་ནང་དུ་ཏང་ཡོན་ལ་རྒྱུ་མཚན་ཁུངས་བཙན་མེད་པར་བསྟུད་མར་ཟླ་གསུམ་ལ་ཏང་དངུལ་མ་སྤྲད་ན་རང་མོས་ཀྱིས་ཏང་གི་སྐྱིད་སྡུག་དང་བྲལ་བ་ལྟར་ཐག་གཅོད་བྱེད་རྒྱུ་ཞེས་གཏན་འབེབས་བྱས་ཡོད།།

སྤྱི་ལོ1938ལོར། མའོ་ཙེ་ཏུང་གིས་ཏང་གི་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙན་ཞུའི་ནང“སྒྲིག་ཁྲིམས་ནི་ལག་བསྟར་ལམ་ཕྱོགས་ཀྱི་ཁག་ཐེག་ཡིན་པའི”ཚན་རིག་དང་མཐུན་པའི་ཆོད་གཏམ་ཐོག་མར་བཏོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ད་དུང་མའོ་ཙེ་ཏུང་གི་དགོངས་འཆར་ལྟར《ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྒྲིག་སྲོལ་དང་སྒྲིག་ཁྲིམས་སྐོར་གྱི་ཆོད་དོན》དང་། 《ཏང་པུའུ་རིམ་པ་ཁག་གི་ལས་ཀའི་སྒྲིག་སྲོལ་དང་སྒྲིག་ཁྲིམས་སྐོར་གྱི་ཆོད་དོན》གཏན་འབེབས་དང་གྲོས་འཆམ་བྱས་པ་རེད།

སྤྱི་ལོ1945ལོའི་ཟླ6པར། ཏང་གི་ཚོགས་ཆེན་བདུན་པའི་ཏང་གི་སྒྲིག་ཡིག་ཏུ་ཏང་གི་སྒྲིག་ཁྲིམས་ཐེངས་དང་པོར་བཀོད་པ་སྟེ། “ཀྲུང་གོ་གུང་ཁྲན་ཏང་ནི་དམངས་གཙོའི་གཅིག་སྡུད་ལམ་ལུགས་ལྟར་རྩ་འཛུགས་བྱས་པ་དང་། རང་རྟོགས་དང་ཏང་ཡོན་ཚང་མས་ལག་བསྟར་བྱེད་དགོས་པའི་སྒྲིག་ཁྲིམས་གཅིག་ཏུ་སྦྲེལ་བའི་གཅིག་གྱུར་གྱི་འཐབ་འཛིང་རྩ་འཛུགས་ཡིན། ཏང་ནང་དུ་ཏང་གི་རྩ་འཛིན་དང་ཏང་གི་སྒྲིག་ཡིག་དང་ཁ་བྲལ་བའི་སྤྱོད་ཚུལ་ཡོད་མི་ཆོག་པ་དང་། ཏང་གི་སྒྲིག་ཁྲིམས་གཏོར་བཤིག་གཏོང་བ་དང་། ཏང་ལ་རང་ཚུགས་ཧམ་གཉེར་བྱེད་པ། རྩ་འཛུགས་ཆུང་གྲས་ཀྱི་བྱེད་སྒོ་དང་མངོན་བརྩི་ལྐོག་འགལ་གྱི་སྤྱོད་ཚུལ་ཡོད་མི་ཆོག ཀྲུང་གོ་གུང་ཁྲན་ཏང་གིས་ངེས་པར་དུ་རང་ཉིད་ཀྱི་དཔུང་སྡེའི་ནང་ཏང་གི་རྩ་འཛིན་དང་། ཏང་གི་སྒྲིག་ཡིག ཏང་གི་སྒྲིག་ཁྲིམས་བཅས་གཏོར་བཤིག་བཏང་ཡང་ཡོ་བསྲང་བྱེད་མི་ཐུབ་པའི་མི་རྣམས་ཏང་ནང་ནས་ཕྱིར་འབུད་བྱེད་རིགས་གཙང་སེལ་བྱ་རྒྱུར་རྒྱུན་དུ་དོ་སྣང་བྱ་དགོས།

དུས་མཚུངས་སུ“བརྩི་སྲུང་ཞུ་དགོས་པ་བཞི”ཐོག་མར་ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་གཞི་རྩའི་རྩ་དོན་བཞིའི་གྲས་ཤིག་ཏུ་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་བཀོད་པ་སྟེ། “ཏང་ཡོན་སྒེར་གྱིས་རང་ཁོངས་ཏང་གི་རྩ་འཛུགས་ལ་བརྩི་སྲུང་དང་། ཉུང་བས་མང་བར་བརྩི་སྲུང་། གོང་རིམ་རྩ་འཛུགས་ལ་སྲུང་། རྩ་འཛུགས་ཁ་ཤས་ཀྱིས་གཅིག་གྱུར་གྱིས་ཀྲུང་དབྱང་ལ་བརྩི་སྲུང་བཅས་བྱེད་དགོས། སྤྱི་ལོ1956ལོའི་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་ཏང་གི་སྒྲིག་ཡིག་གཞི་རྩའི་ཆ་ནས་ཏང་གི་ཚོགས་ཆེན་ཐེངས་བདུན་པའི་ཏང་གི་སྒྲིག་ཡིག་གི་གྲུབ་ཚུལ་མ་ལག་རྒྱུན་འཁྱོངས་བྱས་ཏེ། “ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་བཞི” ཞེས་པར་བསྒྱུར་ཡོད། སྤྱི་ལོ1982ལོར་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཏང་གི་སྒྲིག་ཡིག་ནང་ཏང་ནང་གི་ཆབ་སྲིད་འཚོ་བའི་ལོ་རྒྱུས་ཉམས་མྱོང་སྤྱི་དང་ལྷག་པར་དུ“རིག་གནས་གསར་བརྗེ་ཆེན་པོའི”ཁྲོད་ཀྱི་བསླབ་བྱ་ཚབས་ཆེན་ཕྱོགས་བསྡོམས་བྱས་པ་དང་། དེ་བས་གནད་ལ་འཁེལ་བའི་སྐད་ཆའི་ཐོག་ནས་ཏང་གི་སྒྲིག་ཡིག་ཆེན་པོ་བརྒྱད་ཀྱིས“བརྩི་སྲུང་ཞུ་དགོས་པ་བཞི”ཞེས་པ་དེ“ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་སྲུང་དང་། ཉུང་བས་མང་བར་བརྩི་སྲུང་། གོང་རིམ་རྩ་འཛུགས་ལ་བརྩི་སྲུང་། ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་སྲུང་ཞུ་དགོས”ཞེས་ཡང་བསྐྱར་བསྐྱར་བཤད་བྱས་པ་རེད། དེས་གཟབ་ནན་དང་ཚན་རིག སྤྱི་ཡོངས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྒྲིག་ལམ་ནན་པོ་གཏན་འཁེལ་བྱས་ཡོད། དེར་བརྟེན་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་། བཅོ་ལྔ་པ། བཅུ་དྲུག་པ་བཅས་ཀྱི་ཏང་གི་སྒྲིག་ཡིག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཏང་གི་སྒྲིག་ཡིག་གི་གཏན་འབེབས་རྒྱུན་འཛིན་བྱས་ཡོད།

ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི《ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ཅེས་པ་ནི་གུང་ཁྲན་ཏང་ཡོན་ཡོངས་དང་ཏང་རྩ་འཛུགས་ལ་བཏོན་པའི་ཆེས་གཞི་རྩའི་སྒྲིག་ཁྲིམས་ཀྱི་བླང་བྱ་སྟེ། ཏང་གི་ཆབ་སྲིད་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བརྒྱ་ཁ་གཅིག་གཅོད་བྱེད་པར་ངོ་རྒོལ་བྱ་དགོས། ཏང་གི་གཅིག་བསྡུས་གཅིག་གྱུར་སྲུང་སྐྱོང་དང་། ཏང་གི་སྒྲིག་ཁྲིམས་བརྩི་སྲུང་ནན་པོ་བྱ་དགོས། ཏང་གཤིས་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་གཤིས་གཏན་འགོག་བྱེད་པ། ཁ་ཞེ་གཉིས་མེད་བྱེད་པ། ཏང་ནང་གི་དམངས་གཙོ་དར་སྤེལ་གཏོང་བར་བསམ་འཆར་མི་འདྲ་བ་འདོན་པ། ཏང་ཡོན་གྱི་ཁེ་དབང་ལ་བཙན་གནོད་མི་ཕོག་པའི་འགན་སྲུང་བྱ་རྒྱུ། འདེམས་བསྐོ་བྱེད་སྐབས་འདེམས་བསྐོ་བྱེད་མཁན་གྱི་འདོད་བློ་གང་ལེགས་མཚོན་དགོས། ནོར་འཁྲུལ་གྱི་ཕྱོགས་ལྷུང་དང་མི་ངན་སྤྱོད་ངན་ལ་འཐབ་རྩོད་བྱེད་པ། ནོར་འཁྲུལ་ཤོར་བའི་བློ་མཐུན་རྣམས་ཀྱིས་ཏང་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཁྱད་དབང་སྤྱོད་མི་ཆོག་པ། སློབ་སྦྱོང་ཧུར་ཐག་བྱས་ནས་དམར་ཞིང་མཁས་པ་བྱེད་དགོས།

སྤྱི་ལོ1982ལོའི་ཟླ9པར། ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཏང་གི་སྒྲིག་ཡིག་ནང་ཐེངས་དང་པོར་ཏང་ཡོངས་ལ་རྩ་བའི་བླང་བྱ་གསུམ་བཏོན་པ་སྟེ། “བསམ་བློ་དང་ཆབ་སྲིད་ཐད་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ”བཅས་ཡིན། ཐེངས་དང་པོར“སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས། ཏང་གི་འགོ་ཁྲིད་མཐའ་འཁྱོངས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་མཐའ་འཁྱོངས”བཅས་ཀྱི་གཞི་རྩའི་རྩ་དོན་བཞི་པོ་སྤྱིའི་རྩ་འཛིན་ནང་བཀོད་པ་མ་ཟད། དེ་ནི“ཏང་ཡོངས་མཐུན་སྒྲིལ་དང་གཅིག་གྱུར་གྱི་ཆབ་སྲིད་རྨང་གཞི”ཡིན་ཞེས་གསལ་པོར་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཏང་གི་སྒྲིག་ཡིག་ནང་ཏང་གི་སྒྲིག་ཁྲིམས་ཀྱི་ལེའུ་དམིགས་སུ་བཀར་ནས་བསྐྱར་གསོ་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་གནས་སུ་བཞག། ཏང་ཡོན་ལ་སྒྲིག་ཁྲིམས་ནན་པོ་ཞིག་གཏན་འབེབས་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་རྩ་དོན་ལག་ལེན་བསྟར་བ་བཅས་བྱས་ཡོད། ཏང་ཡོན་ཚང་མས་ངེས་པར་དུ་རང་རྟོགས་ཀྱིས་ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་དང་ལེན་བྱེད་དགོས་པ་མ་ཟད། ད་དུང་ཏང་ཡོན་ལ་ཚད་མི་འདྲ་བ་སྣ་ཚོགས་ཀྱི་ཆད་གཅོད་བྱེད་ཐབས་ཀྱང་གཏན་འབེབས་བྱས་ཡོད་པ་དང་། སྒྲིག་ཁྲིམས་ལ་བརྩི་སྲུང་མི་བྱེད་པའི་ཏང་ཡོན་ལ་སྐྱོན་བརྗོད་དང་ཆད་པ་གཅོད་འོས་པ་དང་། ཏང་ལ་ངོ་རྒོལ་དང་ཏང་ལ་གནོད་འཚེ་གཏོང་བ་རྒྱུན་འཁྱོངས་བྱེད་མཁན་ཏང་ནང་ནས་ཕྱིར་འབུད་བྱེད་དགོས་པ་མ་ཟད། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ལེའུ་བརྒྱད་པར་ཁ་སྣོན་བྱས་ཡོད།

སྤྱི་ལོ1995ལོའི་ཟླ9པར། ཅང་ཙེ་མེན་གྱིས《འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ལ་དང་དོད་བྱ་དགོས》ཞེས་པའི་དེབ་ནང་བསྟན་དོན། “ང་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་དགོས་ན། ཆེས་གཞི་རྩ་ནི་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་དགོས་པ་དང་། ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་བསྒྲུབ་དགོས། “ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་དང་དོད་བྱེད་པའི་གལ་ཆེ་ཤོས་ཤིག་ནི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་དང་།  ཆབ་སྲིད་ཐད་ཏང་ཀྲུང་དབྱང་དང་གཅིག་གྱུར་སྲུང་འཛིན་བྱས་ཏེ།  ཀྲུང་དབྱང་གི་བཀའ་བཀོད་ཐོགས་མེད་ཡོང་བའི་འགན་ལེན་བྱེད་དགོས”ཞེས་བསྟན།

ཚོགས་ཆེན་བཅུ་བཞིའི་ཏང་གི་སྒྲིག་ཡིག་དེ་ཚོགས་ཆེན་བཅུ་གསུམ་གྱི་ཏང་གི་སྒྲིག་ཡིག་གི་གཞི་རྩའི་བླང་བྱ་གསུམ་ནས་གཞི་རྩའི་བླང་བྱ་བཞི་ལ་བསྒྱུར་བ་སྟེ། “ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱེད་པ” “བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ” “བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ” “དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ”བཅས་ཡིན།  ཆབ་སྲིད་དང་། བསམ་བློ། སྤྱོད་ཚུལ། རྩ་འཛུགས་བཅས་ཕྱོགས་བཞི་ནས་བླང་བྱ་ནན་པོ་བཏོན་ཏེ་ཏང་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྒྲིག་ཁྲིམས་ཤིག་ཏུ་གྱུར་པ་རེད། ཚོགས་ཆེན་ཐེངས་བཅོ་ལྔ་པ་དང་ཐེངས་བཅུ་དྲུག་པའི་ཏང་གི་སྒྲིག་ཡིག་ནང་ཏང་གི་སྒྲིག་ཡིག་གི་གཞི་རྩའི་བླང་བྱ་བཞིའི་ཞིབ་གླེང་རྒྱུན་འཛིན་བྱས་ཡོད། ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཏང་གི་སྒྲིག་ཡིག་གི་དོན་ཚན་སོ་བདུན་པའི་ནང་གུང་ཁྲན་ཏང་ཡོན་གྱིས་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་རང་རྟོགས་ཀྱིས་དང་ལེན་བྱ་དགོས་ཞེས་གཏན་འབེབས་བྱས་ཡོད། ཏང་གི་སྒྲིག་ཁྲིམས་སྲུང་བའི་ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ་མ་ཟད། ཐ་ཚིག་སྒྲོག་པ་དང་། ཐ་ཚིག་དྲག་པོ་སྒྲོག་པ། ཏང་ནང་གི་གོ་གནས་མེད་པར་བཟོ་བ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། ཏང་གི་སྐྱིད་སྡུག་ལས་ཕྱིར་ཕུད་པ་བཅས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་རིགས་ལྔ་གཏན་འབེབས་བྱས་ཡོད།

སྤྱི་ལོ1997ལོའི་ཟླ2པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཐོག་མར་གཏན་འབེབས་དང་དཔར་འགྲེམས་བྱས། སྲོལ་ཡིག་ལ་ལེའུ་བཅུ་གསུམ་དང་དོན་ཚན172ཡོད། ནང་དོན་དུ་སྲོལ་ཡིག་གི་མཛུབ་ཁྲིད་བསམ་བློ་དང་། ལས་འགན། ལག་བསྟར་ཁྱབ་ཁོངས་བཅས་ཚུད་པ་དང་། ཏང་གི་སྒྲིག་ཁྲིམས་ཆད་གཅོད་ཀྱི་རྩ་དོན་ལག་བསྟར་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པའི་རིགས་དང་། སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་སྟངས་ཀྱི་སྒྲིག་སྲོལ། ཁྲིམས་འགལ་ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པ་སོགས་ཚུད་ཡོད་པ་དང་དུས་མཚུངས་སུ་སྒྲིག་འགལ་ནོར་འཁྲུལ་སྣ་ཚོགས་ཀྱི་ངེས་གཤིས་ཐག་གཅོད་ཐད་ཞིབ་ཕྲའི་གཏན་འབེབས་བྱས་ཡོད།

སྤྱི་ལོ2003ལོའི་ཟླ12པའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཅེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དེ་ནི་སྤྱི་ལོ1997ལོའི་ཟླ2པའི་ཀྲུང་གུང་ཀྲུང་དབྱང་གིས་ཁྱབ་བསྒྲགས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》གི་རྨང་གཞིའི་ཐོག་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པ་ཞིག་རེད། 《ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་མངོན་གསལ་དོད་པའི་ཁྱད་ཆོས་ནི་དུས་བསྟུན་མདུན་སྐྱོད་དང་ལམ་ལུགས་གསར་གཏོད་མཐའ་འཁྱོངས་བྱ་རྒྱུ་དེ་རེད། དེས་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དེ《ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་སྲོལ་ཡིག》གི་སློབ་སྟོན་བསམ་བློར་བཟུང་སྟེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱང་ཐག་གཅོད་མི་བྱེད་པའི་གནས་ཚུལ་ལ་གཞིགས་ནས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ་དང་། ང་ཚོའི་ཏང་གིས་འབད་བརྩོན་གྱིས་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་ཐུབ་པ་དང་། དེས་ཏང་གི་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ཐག་གཅོད་བྱེད་སྐབས་ཆད་གཅོད་བསླབ་འདོམས་དང་སློབ་གསོ་ཟུང་འབྲེལ་བྱས་ཏེ། དམ་ལྷོད་ཟུང་འབྲེལ་ཡོང་བ་བྱེད་དགོས།  “སྔ་བསླབ་ཕྱི་འདོམས་དང་། ནད་བཅོས་སྲོག་སྐྱོབ”དང་སློབ་གསོ་གཙིགས་ཆེན། སྐྱོབ་ཐབས་གཙིགས་སུ་འཛིན་པ་བཅས་ཀྱི་རྩ་དོན་མཚོན་པར་བྱེད་དགོས་པ་དང་། དེས“ཏང་གིས་ཏང་སྐྱོང་བ་དང་། ཏང་ནན་པོར་སྐྱོང་བའི”བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། ཆོད་ཡིག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ནང་གཏན་འབེབས་བྱས་པའི་ཉེས་ཆད་གཙོ་བོའི(ཁྲིམས་ཆད་ཕྱིར་འགྱངས་ཁྱབ་བསྒྲགས་བྱས་པ་ཚུད་པ) ཏང་ཡོན་ལ་ཆད་པ་ནན་པོ་བཅད་དེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 《ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའི་སྲོལ་ཡིག》གིས་ཏང་གིས་ཏང་སྐྱོང་བ་དང་ཏང་ནན་སྐྱོང་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཏང་ལེགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུས་བབ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྲོལ་ཡིག་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་གྱི་དགོས་མཁོ་གསར་པ་དང་རྦད་དེ་འཚམ་མི་ཐུབ་པས་ཏང་ཀྲུང་དབྱང་གིས་བཟོ་བཅོས་རྒྱག་རྒྱུའི་ཐག་བཅད་པ་རེད།

སྤྱི་ལོ2015ལོའི་ཟླ10པའི་ཚེས12ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 2016ལོའི་ཟླ1ཚེས1ཉིན་ནས་ལག་ལེན་བསྟར་བྱས།

3 ནང་དོན་རིགས་དབྱེ།

ཀྲུང་གོ་གུང་ཁྲན་ཏང་ནི་སྔར་ནས་བཟུང་རླབས་ཆེན་གྱི་ཕུགས་བསམ་དང་སྒྲིག་ཁྲིམས་ནན་པོ་ལྡན་པའི་ཏང་ཞིག་ཡིན། དུས་ཡུན་རིང་པོའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་ལག་ལེན་ནང་ཏང་གི་སྒྲིག་ཁྲིམས་རིམ་བཞིན་ཆགས་པ་དང་། འཕེལ་རྒྱས། འཐུས་ཚང་བཅས་ཡོང་བ་བྱ་རྒྱུ་ནི་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་མངོན་འགྱུར་བྱེད་པའི་འགན་ལེན་དང་། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ནུས་ལྡན་གྱི་མཚོན་ཆ་ཡིན་ལ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཆ་རྐྱེན་གལ་ཆེན་ཡིན། སྤྱི་ལོ2018ལོའི་ལོ་མཇུག་བར་ཏང་ཡོན་བསྡོམས་འབོར་ཁྲི9000ལས་བརྒལ་ནས་མི་འབོར་དུང་ཕྱུར་བཅུ་གྲངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་བཞིན་ཡོད་པས་བྱ་གཞག་འདི་ལ་སྔར་བྱུང་མྱོང་མེད་པའི་རླབས་ཆེན་དང་དཀའ་ཚེགས་ཆེན་པོ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྙན་ཞུའི་ནང་ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚང་མས་ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་བྱ་དགོས་པ་དང་། བཀའ་ལ་མི་ཉན་པ་དང་། བཀག་ཀྱང་མི་ཉན་པ། རང་འདོད་རང་སྒྲུབ་བྱེད་པ་བཅས་གཏན་ནས་མི་བྱེད་རུང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པ་དེ་འདྲའི་འོག་ཏང་ཀྲུང་དབྱང་གིས་ཏང་ཡོངས་ལ་ཏང་གི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་གཏོང་རྒྱུའི་གནད་དོན་ཐེངས་མང་བཏོན་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་ཆེན་བཅུ་དགུ་པའི་ཏང་གི་སྒྲིག་ཡིག་ནང་ཏང་ཡོན་གྱི་སྒྲིག་ཁྲིམས་ཆད་གཅོད་ལ་རིགས་ལྔ་ཡོད་པ་སྟེ། ཐ་ཚིག་སྒྲོག་པ་དང་། ཐ་ཚིག་དྲག་པོ་སྒྲོག་པ། ཏང་ནང་གི་གོ་གནས་མེད་པར་བཟོ་བ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། ཏང་གི་སྐྱིད་སྡུག་ནས་ཕུད་པ་བཅས་ཡིན།

ཏང་གི་སྒྲིག་ཁྲིམས་ལ་གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ཚུད་ཡོད།

ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་དུ་བཏང་ནས་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་གཏམ་བརྗོད། ཆབ་སྲིད་ཀྱི་བྱ་སྤྱོད་བཅས་ཀྱི་ཐད་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྒྲིག་ལམ་ཞིག་དང་། སྣེ་ཁྲིད་དང་སྤྱི་ཡོངས་ལ་དོ་དམ་བྱེད་པའི་སྒྲིག་ཁྲིམས་ཞིག ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་ནི་ཏང་གི་སྒྲིག་ཁྲིམས་ཡོངས་རྫོགས་བརྩི་སྲུང་ཞུ་བའི་རྨང་གཞི་གལ་ཆེན་ཞིག་ཡིན། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་དང་སྲུང་སྐྱོང་བྱེད་པ་དང་། གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཨང་དང་པོར་འཇོག་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོའི་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། ཏང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།

ཏང་གི་རྩ་འཛུགས་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་ཏང་ཡོངས་ཀྱི་རྩ་འཛུགས་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་རྩ་འཛུགས་རིམ་པ་ཁག་གི་བར་དང་། ཏང་རྩ་འཛུགས་དང་ཏང་ཡོན་བར། དེ་བཞིན་ཏང་ཡོན་དང་ཏང་ཡོན་བར་གྱི་འབྲེལ་བ་བཅས་ཚད་ལྡན་དང་ཐག་གཅོད་བྱེད་པའི་བྱ་སྤྱོད་ཀྱི་ལམ་སྲོལ་ཡིན་ལ། ཏང་གི་གཅིག་བསྡུས་གཅིག་གྱུར་སྲུང་སྐྱོང་དང་། ཏང་གི་འཐབ་འཛིང་ནུས་ཤུགས་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡང་ཡིན། “བརྩི་སྲུང་ཞུ་དགོས་པ་བཞི”གཞི་རྩའི་སྒྲིག་ཁྲིམས་སུ་བརྩིས་ནས་ཏང་ཡོན་ལས་བྱེད་པར་རྩ་འཛུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ཀྱི་ལམ་ལུགས་དང་གོ་རིམ་བརྩི་སྲུང་ནན་པོ་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་དང་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། རྩ་འཛུགས་ཀྱི་རྩ་དོན་དང་རྩ་འཛུགས་ཀྱི་གོ་རིམ་ལྟར་བྱ་བ་སྒྲུབ་སྐབས་རང་རྟོགས་ངང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་དང་ལེན་བྱེད་དགོས།

ཏང་གི་སྤྱོད་གཙང་སྒྲིག་ཁྲིམས་ནན་དུ་བཏང་ནས་རུལ་སུངས་མཆེད་པའི་འཕེལ་ཕྱོགས་བཀག་འགོག་བྱེད་དགོས། སྤྱོད་གཙང་གི་སྒྲིག་ཁྲིམས་ནི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་གཞུང་དོན་གྱི་བྱེད་སྒོ་སྤེལ་བའམ་འགན་དབང་སྤྱོད་པ་དང་འབྲེལ་བ་ཡོད་པའི་བྱེད་སྒོ་སྤེལ་རིང་བརྩི་སྲུང་ཞུ་དགོས་པའི་སྤྱོད་གཙང་བྱ་སྤྱོད་ཀྱི་ལམ་སྲོལ་ཞིག་དང་། ལས་བྱེད་པ་གཞུང་དྲང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་ནན་པོ་བཅས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། རུལ་སུངས་ནི་ཏང་གིས་ཡུན་རིང་སྲིད་སྐྱོང་བར་འཕྲད་པའི་ཉེན་ཁ་ཆེ་ཤོས་ཡིན། དབང་ཆ་དང་དབང་ཆ་ཉོ་ཚོང་དང་། དབང་དངུལ་བརྗེ་འཚོང་། དབང་ཆ་དང་འདོད་སྲེད་ཉོ་འཚོང་བཅས་ཀྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་མོ་བྱེད་པ་དང་། དབང་ཆ་དང་ཁྱབ་ཁོངས་ལས་བརྒལ་བའི་སྣེ་ལེན་བྱེད་པ་དང་དེ་བཞིན་འབུལ་རྟེན་དང་། འབུལ་རྟེན་དང་དངུལ། འཛད་སྤྱོད་བྱང་བུ་ལེན་པ་སོགས་ཀྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་མོ་བྱེད་པ་དང་། གུང་ཁྲན་ཏང་མིའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་མདངས་འཛིན་དགོས།

ཏང་གི་མང་ཚོགས་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད། མང་ཚོགས་ཀྱི་སྒྲིག་ཁྲིམས་ནི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་ཏང་དང་མང་ཚོགས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་སྤེལ་བའི་ལམ་སྲོལ་ཞིག་ཡིན་ལ། ཏང་གི་སྔོན་ཐོན་རང་བཞིན་མཚོན་བྱེད་གལ་ཆེན་ཞིག་ཀྱང་ཡིན། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་། མང་ཚོགས་ཀྱི་བརྩེ་དུང་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ས་ནས་འགྲོ་གྲོན་བསྡུ་བ་དང་དེ་བཞིན་མང་ཚོགས་ཀྱི་རྒྱུ་ནོར་ལེན་པ་དང་། མང་ཚོགས་ཀྱི་དངུལ་འགྱངས་ཆད་བྱེད་པ་སོགས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྤྱི་ཚོགས་འགན་སྲུང་དང་གེགས་སེལ་གྱི་དངུལ་དང་དངོས་པོ་བགོ་བཤའ་སོགས་ཀྱི་ལས་དོན་ཁྲོད་གཉེན་ཉེ་དང་གྲོགས་པོར་གཟིགས་སྐྱོང་དང་འདྲ་མཉམ་ཤོར་བའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། མང་ཚོགས་ལ་སྒྱིད་ལུག་གིས་ཁ་གཏད་གཅོག་པ་དང་། ཁག་འགན་ཕར་དཀྲི་ཚུར་དཀྲི་བྱེད་པ། རྣམ་འགྱུར་ངན་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་དགོས།

ཏང་གི་ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་དུ་གཏོང་དགོས། ལས་ཀའི་སྒྲིག་ཁྲིམས་ནི་ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་ཞིབ་ཕྲའི་ལས་དོན་ཁག་ནང་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ཀྱི་ལམ་སྲོལ་ཞིག་དང་ཏང་གི་ལས་དོན་ཁག་རྒྱུན་གཏན་བཞིན་སྤེལ་བའི་འགན་ལེན་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་ཞེས་པའི“འགག་རྩ”འདི་དམ་པོར་བཟུང་ནས་བྱེད་པོའི་འགན་འཁྲི་ངོས་འཛིན་གསལ་པོ་མེད་པ་དང་དོན་འཁྱོལ་བྱེད་ཤུགས་མི་འདང་བའམ་ཡང་ན་འགན་འཁུར་མི་ཕོད་པ་དང་འགན་འཁུར་མི་འདོད་པའི་བྱ་སྤྱོད་ལ་རྩད་གཅོད་ནན་པོ་བྱེད་པ་དང་། ཏང་རྩ་འཛུགས་ཀྱི་འགན་འཁུར་བས་འགན་མི་འཁུར་བའམ་ཡང་ན་དོ་དམ་ལ་ལྷོད་གཡེང་བྱེད་རིགས་རྩད་གཅོད་ནན་པོ་བྱེད་པ། གནད་དོན་ཡོད་རིགས་འོན་རྫུ་བྱེད་པ་དང་ལྗིད་གཡོལ་ཡང་ལེན་སོགས་ཀྱི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་ཏང་དང་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

ཏང་གི་འཚོ་བའི་སྒྲིག་ཁྲིམས་ནན་དུ་བཏང་ནས་རང་རྟོགས་ངང་བླ་ན་མེད་པའི་ཀུན་སྤྱོད་དང་བསམ་ཚུལ་གསོ་སྐྱོང་བྱེད་དགོས། འཚོ་བའི་སྒྲིག་ཁྲིམས་ནི་ཏང་ཡོན་གྱིས་དུས་རྒྱུན་གྱི་འཚོ་བ་དང་སྤྱི་ཚོགས་ཀྱི་འགྲོ་འོང་ཁྲོད་བརྩི་སྲུང་ཞུ་དགོས་པའི་བྱ་སྤྱོད་ཀྱི་སྒྲིག་སྲོལ་ཞིག་ཡིན་པ་དང་། མི་སྒེར་གྱི་ཀུན་སྤྱོད་དང་། ཁྱིམ་ཚང་གི་སྤྱོད་བཟང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་སོགས་ཕྱོགས་སོ་སོ་དང་འབྲེལ་བ་ཡོད་ལ། ཏང་གི་སྣང་བརྙན་དང་ཐད་ཀར་འབྲེལ་བ་ཡོད། སྐྱིད་འདོད་རིང་ལུགས་དང་། བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ། མ་རབས་ཐ་ཤལ་དོན་གཉེར་སོགས་ཀྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་མོ་དང་། ཁྱིམ་ཚང་གི་མི་ཆོས་དང་སྤྱི་ཚོགས་ཀྱི་སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་མོ་བྱས་ཏེ། ཏང་ཡོན་ལས་བྱེད་པས་འཚོ་བའི་ཐད་མིག་དཔེ་སྟོན་པར་སྐུལ་འདེད་གཏོང་དགོས།

སྒྲིག་ཁྲིམས་དྲུག་ནི་ཕན་ཚན་འབྲེལ་བ་དང་། ཕན་ཚུན་གཅིག་གྱུར། ཏང་གི་སྒྲིག་ཁྲིམས་ཀྱི་ཕྱོགས་གང་ཅིའི་ཐད་ལ་ཁྱབ་ཡོད་ཅིང་། ཏང་ཡོན་ལ་བཏོན་པའི་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཚོན་ཡོད་པས། ཏང་གི་གཟུགས་གཞི་བདེ་ཐང་སྲུང་འཛིན་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་པར་མཚོན་ཆ་ནུས་ལྡན་འདོན་སྤྲོད་བྱས་ཡོད་པ་དང་།ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་དང་།ཏང་གི་ལས་འགན་ཁག་ལེགས་འགྲུབ་ཡོང་བར་འགན་ལེན་གལ་ཆེན་འདོན་སྤྲོད་བྱས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-09

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།