ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ།
ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དེས་ཏང་ཡོན་ལས་བྱེད་པར་དམིགས་ཡུལ་གྱི་འདུ་ཤེས་དང་མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་བརྟན་པོ་འཛུགས་པ་དང་། བྱ་བའི་སྤྱོད་ཚུལ་ལེགས་བཅོས། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་དང་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的群众路线教育实践活动
བྱེད་སྒོ་སྤེལ་ཡུན།
ལོ་གཅིག་ལྷག
རིམ་པ་དང་པོ།
སྤྱི་ལོ2016ལོའི་ཟླ6པའི་ཚེས18ཉིན་འགོ་བརྩམས།
ཐག་བཅད་དུས་ཚོད།
སྤྱི་ལོ2013ལོའི་ཟླ4བའི་ཚེས19ཉིན།
རིམ་པ་གཉིས་པ།
སྤྱི་ལོ2014ལོའི་ཟླ1པོའི་ཚེས20ཉིན།
1 ​ངོ་སྤྲོད་མདོར་བསྡུས།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་རིམ་པ་དང་པོ་དེ་སྤྱི་ལོ2013ལོའི་ཟླ6པའི་ཚེས18ཉིན་སྤེལ་འགོ་ཚུགས་པ་དང་། སློབ་གསོ་བྱེད་སྒོ་སྤེལ་ཡུན་ལོ་གཅིག་ཡས་མས་ཡིན། བྱེད་སྒོ་དེས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་རྩེ་གཅིག་ཏུ་དམིགས་ཏེ“དམངས་ཆེད་དང་དངོས་གཉེར། སྤྱོད་གཙང”བཅས་བརྗོད་གཞི་བྱས་ཏེ། “མེ་ལོང་ལ་བལྟ་བ་དང་བཟོ་ལྟ་ཡག་པ། ལུས་པོ་བཀྲུ་བ་དང་ནད་གཞི་བཅའ་བ”བཅས་ཀྱི་སྤྱིའི་བླང་བྱ་ལྟར་གོང་ནས་འོག་རིམ་དུ་ཀྲུང་གུང་ཏང་ཡོངས་སུ་གཏིང་ཟབ་ཏུ་སྤེལ་བ་རེད། སློབ་གསོ་བྱེད་སྒོའི་མཛུབ་སྟོན་བསམ་བློ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཛིན་བྱེད་པར་རྩེ་གཅིག་ཏུ་དམིགས་པ་དང་། དམངས་ཀྱི་དོན་དུ་དངོས་དོན་གཉེར་བ་དང་སྤྱོད་གཙང་ཡོང་བ་ནང་དོན་གཙོ་བོར་བྱས་ནས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ཚན་ཁག འགོ་ཁྲིད་ལས་བྱེད་པ་བཅས་གཙོ་གནད་དུ་བཟུང་ཞིང་དོན་དངོས་དང་མཐུན་པའི་སྒོ་ནས། ཏང་ཡོན་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དེ་འཇུག་པའི་སྒོ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཤིང། སློབ་གསོ་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ནི་རྫོང་ཁྲུའུ་ཡན་གྱི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ཚན་ཁག། འགོ་ཁྲིད་ལས་བྱེད་པ་བཅས་ཡིན། 

རིམ་པ་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་སྤྱི་ལོ2014ལོའི་ཟླ1པོ་ནས་སྤེལ་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ2014ལོའི་ཟླ10བར་མཇུག་བསྒྲིལ་ངེས་ལ། ཐེངས་འདིའི་བྱེད་སྒོའི་ནང་དོན་གཞི་རིམ་དང་ལྷག་ཏུ་ཉེ་བར་བཅར་ཐུབ་པ་རེད། ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་སྒྲིག་དང་བསྟུན་ནས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དག་གིས་སློབ་གསོ་ལག་ལེན་བྱེད་སྒོ་རིམ་པ་གཉིས་པའི་ནང་ཁ་གཏད་ཀྱི་རྫོང་རེ་རེ་དང་འབྲེལ་བ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གིས་ལན་ཁའོ་རྫོང་དང་འབྲེལ་གཏུག་གནང་ཡོད།      

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དེས་ཏང་ཡོན་ལས་བྱེད་པར་དམིགས་ཡུལ་གྱི་འདུ་ཤེས་དང་མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་བརྟན་པོ་འཛུགས་པ་དང་བྱ་བའི་སྤྱོད་ཚུལ་ལེགས་བཅོས། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ། ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།      

སྤྱི་ལོ2014ལོའི་ཟླ10བའི་ཚེས8ཉིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུ་ཡི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

2 བྱེད་སྒོའི་ནང་དོན། 

སྤྱི་ལོ2013ལོའི་ཟླ4བའི་ཚེས19ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་སྤྱི་ལོ2013ལོའི་ལོ་སྨད་ནས་བཟུང་ལོ་གཅིག་ཙམ་གྱི་དུས་ཚོད་སྤྱད་དེ། ཏང་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།      

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱ་རྒྱུར་དམིགས་ནས། ཏང་ཡོངས་སུ་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་བྱ་རྒྱུ་ནང་དོན་གཙོ་བོར་བྱེད་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་དགོས་ལ། འདི་ནི་གནས་བབ་གསར་པའི་འོག་ཏང་གིས་ཏང་སྐྱོང་བ་དང་། ནན་གྱིས་ཏང་སྐྱོང་བའི་ཐབས་ཇུས་གལ་ཆེན་ཡིན་པར་མ་ཟད། མང་ཚོགས་ཀྱི་རེ་འདུན་དང་མཐུན་ཞིང་སློབ་སྦྱོང་ཅན་དང་ཞབས་ཞུ་ཅན། གསར་གཏོད་ཅན་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་བཀོད་སྒྲིག་གལ་ཆེན་ཡིན་པ་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་ཡང་ཡིན།      

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་རྩ་བའི་དམིགས་ཡུལ་ཡིན་པ་དང་། མང་ཚོགས་ལམ་ཕྱོགས་ནི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དེས་ཏང་ཡོན་ལས་བྱེད་པར་དམིགས་ཡུལ་གྱི་འདུ་ཤེས་དང་མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་བརྟན་པོ་འཛུགས་པར་སློབ་གསོ་དང་མཛུབ་སྟོན་བྱེད་པ་དང་། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་འཐོབ་པར་བྱེད་པ། ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བར་མ་ཟད། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་བཅས་ལ་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།      

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མིག་སྔར་ཏང་ཡོན་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་པ་སྤྱིའི་ཆ་ནས་བཟང་བ་དང་མི་དམངས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་མོད། འོན་ཀྱང་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་བླང་བྱ་དང་མི་མཐུན་པའི་གནད་དོན་ཡང་གནས་ཡོད། ལྷག་པར་དུ་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ཚན་ཁག འགོ་ཁྲིད་ལས་བྱེད་པ་འགའ་ཞིག་གི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས་བཅས་མངོན་གསལ་དོད་པ་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་ཚབས་ཆེ་བ་རེད། འདི་མཐའ་དག་གཙོ་བོ་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་དང་། བླང་བྱའི་འདུ་ཤེས་ཞན་པ། བསམ་བློ་ལྷོད་གཡེང་གཏོང་བ་བཅས་ཀྱི་ཐོག་ནས་མཚོན་ཐུབ་ལ། གཞན་ད་དུང་འདོད་རྔམ་ཆེ་བ་དང་རྫུན་བཟོ་པ། ཕན་འབྲས་དངོས་མི་གཉེར་བ། མང་ཚོགས་དང་དོན་དངོས་ལ་ཁ་བྲལ་ཞིང་འགན་མི་འཁུར་བ། རྒྱས་སྤྲོས་ཆུད་ཟོས་དང་བག་མེད་ལོངས་སྤྱོད། ཐ་ན་དབང་ཆར་བརྟེན་ནས་སྒེར་གྱི་ཕན་ཁེ་གཉེར་བ་དང་ཁོག་རུལ་ངན་འགྱུར་བཅས་བྱེད་པའི་གནད་དོན་དེ་དག་གིས་མི་དམངས་མང་ཚོགས་སེམས་ཀྱི་ཏང་གི་སྣང་བརྙན་ལ་གནོད་འཚེ་ཚབས་ཆེན་བཏང་བར་མ་ཟད། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ལའང་གནོད་འཚེ་ཚབས་ཆེན་བཏང་བས་ངེས་པར་དུ་ཐག་གཅོད་ནན་མོ་བྱེད་དགོས།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པར་རྩེ་གཅིག་ཏུ་དམིགས་ཏེ་དམངས་དོན་དུ་དངོས་དོན་གཉེར་བ་དང་སྤྱོད་གཙང་བྱ་རྒྱུ་ནང་དོན་གཙོ་བོར་འཛིན་དགོས་ཤིང། རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ཚན་ཁག འགོ་ཁྲིད་ལས་བྱེད་པ་བཅས་གཙོ་གནད་དུ་བཟུང་སྟེ། ཏང་ཡོན་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་མང་ཚོགས་ལྟ་བའི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དེ་མང་ཚོགས་སློབ་གསོར་འཇུག་པའི་སྒོ་རུ་བཟུང་ནས། སྤྱོད་ཚུལ་ལེགས་སྐྱོང་སྔར་ལས་འབུར་ཐོན་ཡོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་བཅས་ཀྱི་སྤྱོད་ངན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་མངོན་གསལ་ཅན་ཐག་གཅོད་པ་དང་། དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། ཏང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར“མེ་ལོང་ལ་བལྟ་བ་དང་བཟོ་ལྟ་ཡག་པ། ལུས་པོ་བཀྲུ་བ་དང་ནད་གཞི་བཅའ་བ”ཞེས་པའི་སྤྱིའི་བླང་བྱ་ཁྱབ་སྤེལ་བྱེད་དགོས། 

རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་ལས་འགན་ཁག་གི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་གནས་བབ་སྟེང་དུ་བཞག་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་བར་བརྟེན་ནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གོང་བུ་འགྲིལ་བ་བྱེད་དགོས། ཏང་ཡོན་ལས་བྱེད་པར་མང་ཚོགས་ཀྱི་ལྟ་བ་འཛུགས་པ་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ། གནད་དོན་མངོན་གསལ་དོད་རིགས་ཐག་གཅོད། སྤྱོད་གཙང་རང་བཞིན་རྒྱུན་འཁྱོངས་བཅས་བྱས་ནས་ལས་བྱེད་པའི་སྤྱོད་ཚུལ་སྔར་བས་འགྱུར་ལྡོག་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་བ། དམངས་ཀྱི་ཆེད་དུ་དངོས་སྒྲུབ་སྤྱོད་གཙང་གི་སྣང་བརྙན་སྔར་བས་གཏོད་པ་བཅས་བྱེད་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་དྲང་ཕྱོགས་ཀྱི་སློབ་གསོ་གཙོ་བོར་འཛིན་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཕན་འབྲས་དངོས་ལ་འབད་འཐབ་བྱེད་པ་དང་རིགས་དབྱེ་མཛུབ་སྟོན་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། སློབ་གསོ་ལག་ལེན་གྱི་བྱེད་སྒོ་ཡང་དག་པའི་བགྲོད་ལམ་ཐོག་སྐྱོན་བྲལ་ངང་བསྐྱོད་པར་འགན་ལེན་བྱེད་པ་དང་། སྤྱོད་ཚུལ་མི་ལེགས་པ་དང་སྤྱོད་པ་མི་དྲང་བ། སྤྱོད་གཙང་མིན་པ་བཅས་ཐག་གཅོད་བྱེད་པའི་ཐད་ཕན་འབྲས་དངོས་ཐོན་པར་འབད་བརྩོན་བྱས་ཏེ། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་ཤུགས་ཆེ་རུ་གཏོང་བ་དང་། ཏང་དང་མང་ཚོགས་ཀྱི་འབྲེལ་བ་དམ་ཟབ་བགྱིས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱ་དགོས། 

3 བྱེད་སྒོའི་བརྗོད་གཞི།      

དམངས་དོན། དངོས་གཉེར། སྤྱོད་གཙང】ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་ལས་བྱེད་པའི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་བླང་བྱ། སྤྱི་ལོ2003ལོའི་ཟླ10བར་ཀྲུང་གུང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པ་དང་། སྤྱི་ལོ2004ལོའི་ཟླ9བར་ཀྲུང་གུང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཡང་བསྐྱར་ནན་གྱིས་ཞུ་དོན། དམངས་ཀྱི་ཆེད་དུ་ཏང་བཙུགས་སྤྱིའི་ཆེད་དང་སྲིད་སྐྱོང་དམངས་དོན་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་གྱི་ཆེད་དུ་འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་ནི་རང་ཉིད་ཀྱིས་གནད་དོན་ལ་བསམ་གཞིགས་དང་ལས་དོན་སྤེལ་བའི་རྩ་བའི་གཞི་འཛིན་ས་དང་དོན་ལ་བབས་སར་བརྩི་དགོས། དངོས་དོན་གཉེར་བ་ཞེས་པ་ནི་བདེན་འཚོལ་དོན་གཉེར་དང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དམིགས་པ། ཏན་ཏན་ཏིག་ཏིག དོན་དངོས་གཙིགས་སུ་འཛིན་པ་དང་ངར་ཤུགས་དངོས་འདོན་པ། ཕན་འབྲས་དངོས་ལ་བརྩོན་གཉེར་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མིང་སྟོང་མི་གཉེར་བ་དང་བྱས་རྗེས་ཟོལ་འཇོག་མི་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་དང་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་རྒྱུན་འཁྱོངས་བྱེད་དགོས། སྤྱོད་གཙང་ཞེས་པ་ནི་རང་གཅུན་ནན་མོ་དང་། སྤྱོད་གཙང་གཞུང་བཀུར། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་བརྩི་སྲུང་ནན་པོ་ཞུ་བ་དང་། ནན་ཏན་གྱིས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་བརྩི་སྲུང་བྱེད་དགོས་ཤིང་། བླ་ན་མེད་པའི་བསམ་པའི་དོན་གཉེར་མཐའ་འཁྱོངས་བྱས་ཏེ། གུང་ཁྲན་ཏང་མིའི་གཞུང་སེམས་རྣམ་དག་བཅས་རྒྱུན་འཁྱོངས་བྱས་ནས་རུལ་བསླད་གཏན་ནས་མི་ཕོག་པ་ཏན་ཏིག་བྱ་དགོས། 

གཙོ་གནད། རྫོང་ཁྲུའུ་ཡན་གྱི་འགོ་ཁྲིད་ལས་ཁུངས། འགོ་ཁྲིད་ཚན་ཁག། འགོ་ཁྲིད་ལས་བྱེད་པ་བཅས།   

འཇུག་པའི་སྒོ ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པ།     

གཏན་འབེབས་དོན་ཚན་བརྒྱད】 སྤྱི་ལོ2012ལོའི་ཟླ12པའི་ཚེས4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས་གྲོས་ཞིབ་བྱས་པ་དང་འབྲེལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བྱ་བའི་སྤྱོད་ཚུལ་ལེགས་བཅོས་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་འཆམ་བྱུང་། ཚོགས་འདུའི་ཐོག་སྤྱོད་ཚུལ་འཛུགས་སྐྱོང་ནན་གྱིས་བཟུང་དགོས་ཚེ། ཐོག་མར་ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་བཙུགས་ཏེ། གཞན་ལ་བསྒྲུབ་དགོས་པའི་བླང་བྱ་མ་བཏོན་སྔོན་ལ་རང་ཉིད་ཀྱིས་སྒྲུབ་དགོས་པ་དང་། གཞན་ལ་བྱེད་དུ་མི་འཇུག་པའི་བླང་བྱ་བཏོན་པའི་རིགས་རང་ཉིད་ཀྱིས་གཏན་ནས་མི་སྒྲུབ་པར། ཏང་སྲོལ་བཟང་པོར་བརྟེན་ནས་སྲིད་སྲོལ་དམངས་སྲོལ་ལ་སྐུལ་འདེད་དང་སྣེ་ཁྲིད་བྱས་ཏེ། མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་དངོས་ཐོབ་པ་བྱེད་དགོས།     

བརྟག་དཔྱད་ཞིབ་འཇུག་ཇེ་ལེགས་སུ་བཏང་ནས་གཞི་རིམ་དུ་བརྟག་ཞིབ་དུ་བསྐྱོད་སྐབས་གནས་ཚུལ་དངོས་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་། ཉམས་མྱོང་ཕྱོགས་སྡོམ་དང་གནད་དོན་ཞིབ་འཇུག དཀའ་ངལ་ཐག་གཅོད་དང་ལས་དོན་ལ་མཛུབ་ཁྲིད། མང་ཚོགས་ལ་སློབ་སྦྱོང་དང་ལག་ལེན་ལ་སློབ་སྦྱོང་། མང་ཚོགས་དང་གླེང་མོལ་མང་ཙམ་བྱེད་པ་དང་ལས་བྱེད་པ་དང་སྙིང་གཏམ་མང་ཙམ་ཤོད་པ། གྲོས་མོལ་དང་དཔྱད་སྡུར་མང་ཙམ་བྱེད་པ་དང་དཔེ་མཚོན་ཅན་གྱི་བྱ་བར་ཞིབ་འཇུག་བྱེད་པ། དཀའ་ངལ་དང་འགལ་བ་གཅིག་སྡུད་བྱེད་པ། མང་ཚོགས་ཀྱི་བསམ་འཆར་མང་བའི་ས་ཆར་མང་ཙམ་སྐྱོད་པ་བཅས་བྱས་ཏེ་ཁྲལ་སེལ་སླ་བཅོས་དང་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་པ། རྙོག་འཛིང་སྟབས་བདེ་དང་ཕེབས་རོགས་ཉུང་འཁྲིད། སྣེ་ལེན་སྟབས་བདེ་བཅས་ཡོང་བ་བཅས་བྱེད་དགོས་པར་མ་ཟད། འཕྲེད་འགེལ་སྦྱར་ཡིག་མི་འགེལ་བ་དང་མང་ཚོགས་ལ་བསུ་སྐྱེལ་བྱེད་དུ་མི་འཇུག་པ། མགྲོན་བསུའི་ས་གདན་མི་གདིང་བ་དང་མེ་ཏོག་སོགས་མི་འཇོག་པ། གསོལ་སྟོན་བཀོད་སྒྲིག་མི་བྱེད་པ་བཅས་བྱེད་དགོས། 

ཚོགས་འདུའི་བྱེད་སྒོ་ཇེ་བདེར་གཏོང་བ་དང་། དོན་དངོས་དང་མཐུན་པར་ཚོགས་སྲོལ་ལེགས་བཅོས་བྱེད་པ། ཀྲུང་དབྱང་གི་མིང་ཐོག་ནས་འཚོགས་པའི་རྒྱལ་ཡོངས་རང་བཞིན་གྱི་ཚོགས་འདུ་སྣ་ཚོགས་དང་བྱེད་སྒོ་གལ་ཆེན་སྣ་ཚོགས་ཚོད་འཛིན་ནན་པོ་བྱེད་པ། ཡོངས་ཁྱབ་བཀོད་སྒྲིག་ལས་དོན་དང་བླང་བྱ་འདོན་པའི་ཚོགས་འདུ་མི་འཚོག་པ་དང། ཀྲུང་དབྱང་གི་ཆོག་མཆན་མ་ཐོབ་པར་དར་ཚོན་འབྲེག་པ་དང་རྨང་གཞི་འདིང་བའི་བྱེད་སྒོ་དང་རྟེན་འབྲེལ་ཚོགས་འདུ། དྲན་གསོའི་ཚོགས་འདུ་དང་གཟེངས་བསྟོད་ཚོགས་འདུ། འགྲེམས་སྟོན་ཚོགས་འདུ་དང་དཔྱད་གླེང་ཚོགས་འདུ། གླེང་སྟེགས་སྣ་ཚོགས་བཅས་སུ་ཞུགས་མི་ཆོག ཚོགས་འདུའི་ཕན་འབྲས་དངོས་ཐོན་པར་འབད་དགོས་པ་དང་ཚོགས་འདུ་ཐུང་ངུ་འཚོག་པ། གཏམ་ཐུང་ངུ་བཤད་པ། སྟོང་གཏམ་དང་གུས་ཚིག་སྤང་གང་ཐུབ་བྱེད་དགོས།    

ཡིག་ཆ་དང་གསར་འགྱུར་གནད་བསྡུས་སྟབས་བདེར་བྱས་ནས་རྩོམ་སྲོལ་ལེགས་བཅོས་བྱེད་དགོས་པ་དང་། དོན་དངོས་ཀྱི་ནང་དོན་མེད་པ་དང་། འགྲེམས་སྤེལ་བྱས་ཆོག་ལ་མ་བྱས་ནའང་ཆོག་པའི་ཡིག་ཆ་དང་བསྡུས་འཕྲིན་བཅས་ཚང་མ་སྤེལ་མི་དགོས།      

ཕྱི་རུ་བཅར་འདྲིར་ཕེབས་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་ཀྱི་དགོས་མཁོ་ནས་འགོ་བཙུགས་ཏེ་བྱེད་སྒོ་སྤེལ་བ། མཉམ་འབྲེལ་མི་སྣ་ཚོད་འཛིན་ནན་པོ་བྱེད་པ་དང་གཏན་འབེབས་ལྟར་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་པ། སྤྱིར་བཏང་དུ་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་འཐུས་མི་སོགས་གནམ་གྲུ་ཐང་དུ་ཕེབས་བསུ་ཞུ་རྒྱུར་བཀོད་སྒྲིག་མི་བྱེད་པ་བཅས་རེད།     

ཉེན་སྲུང་ལས་དོན་ལེགས་བཅོས་བྱེད་དགོས། མང་ཚོགས་དང་འབྲེལ་འདྲིས་བྱེད་པར་ཕན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འགྲིམ་འགྲུལ་བཀག་སྡོམ་ཇེ་ཉུང་དུ་བཏང་ནས། སྤྱིར་བཏང་གི་གནས་ཚུལ་འོག་ལམ་འགོག་པ་དང་ར་བ་གཙང་གཉེར་མ་བྱས་པར་སྒོ་རྒྱག་པ་སོགས་བྱས་མི་ཆོག      

གསར་འགྱུར་སྒྲོག་སྤེལ་ཇེ་ལེགས་སུ་གཏོང་དགོས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོགས་འདུར་ཕེབས་པ་དང་བྱེད་སྒོ་སྤེལ་སྐབས་ལས་ཀའི་དགོས་མཁོ་དང་གསར་འགྱུར་གྱི་རིན་ཐང་། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ལ་གཞིགས་ནས་གནས་ཚུལ་སྒྲོག་སྤེལ་བྱེད་མིན་གཏན་འཁེལ་བྱས་ཏེ་འཕྲིན་སྤེལ་གྱི་གྲངས་འབོར་དང་ཡིག་གྲངས། དུས་ཡུན་བཅས་སྔར་བས་ཇེ་ཉུང་དུ་གཏོང་དགོས།

རྩོམ་ཡིག་འགྲེམས་སྤེལ་ནན་པོ་བྱེད་དགོས་ཤིང་། ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་བྱས་པ་ཕུད། མི་སྒེར་གྱིས་ཡོངས་བསྒྲགས་ངང་གསུང་རྩོམ་དང་གསུང་བཤད་ཀྱི་དེབ་རྐྱང་མ་དཔེ་སྐྲུན་མི་བྱེད་པ་དང་། རྟེན་འབྲེལ་འཕྲིན་ཡིག་དང་རྟེན་འབྲེལ་གློག་འཕྲིན། ཕྱག་བྲིས་དང་ཡི་གེ་མི་འབྲི་བ་བཅས་བྱེད་དགོས།  

ཧུར་བརྩོན་གྲོན་ཆུང་དང་སྤྱོད་གཙང་སྲིད་ཞུགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱས་ཏེ། སྒྲིག་སྲོལ་ལྟར་སྡོད་ཁང་དང་འཁོར་རིགས་བཀོད་སྒྲིག་སོགས་ཀྱི་འབྲེལ་ཡོད་ལས་དོན་དང་འཚོ་བའི་ཐོབ་ཐང་ལག་བསྟར་ནན་མོ་བྱེད་དགོས།      

མངོན་གསལ། སྤྱོད་ཚུལ་ལེགས་སྐྱོང་།    

ཏང་གི་ལས་ཀའི་སྤྱོད་ཚུལ】 ཏང་གི་ལས་ཀའི་སྤྱོད་ཚུལ་ཞེས་པ་ནི་ཏང་གི་རྩ་འཛུགས་དང་ཏང་ཡོན་མི་སྒེར་གྱིས་ལས་ཀའི་ཁྲོད་མངོན་པའི་ཐོག་མཐའ་བར་གསུམ་གྱི་སྤྱོད་ཚུལ་དང་བྱ་སྤྱོད་ལ་ཟེར། ཏང་གི་ལས་ཀའི་སྤྱོད་ཚུལ་ནི་ཕྱིའི་མཚོན་ཚུལ་ཞིག་ཡིན་པ་དང་དེའི་ངོ་བོའི་ཐོག་ནས་མཚོན་པ་ནི་ཏང་གཤིས་དང་འཇིག་རྟེན་གྱི་ལྟ་བ་ཡིན།      གསར་བརྗེའི་དམག་འཁྲུག་གི་ལོ་རབས་ཡིན་ནའང་འདྲ། ཡང་ན་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་ཡིན་ནའང་འདྲ། ང་ཚོའི་ཏང་གིས་ཏང་གི་ལས་ཀའི་སྤྱོད་ཚུལ་ལེགས་སྐྱོང་བྱེད་པར་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། མིག་སྔར་ཏང་གི་ལས་ཀའི་སྤྱོད་ཚུལ་ཐད་གནས་པའི་གནད་དོན་མངོན་གསལ་ཆེ་བ་ནི་དོན་དངོས་དང་ཁ་བྲལ་བ་དང་། མང་ཚོགས་དང་ཁ་བྲལ་བའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རེད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་ཏང་གི་ལས་ཀའི་སྤྱོད་ཚུལ་ལེགས་འགྱུར་བྱེད་པའི་འགག་གནད་དུ་གྱུར་པ་དང་། དེའི་འབྱུང་གཞི་ནི་ཕྱོགས་གཅིག་ནས་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་སྤྱོད་ཚུལ་དྲང་བོ་མིན་པའི་རྐྱེན་གྱིས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་གཙོ་བོ་སྲོལ་རྒྱུན་གྱི་འཆར་གཞིའི་དཔལ་འབྱོར་སྒྲིག་སྲོལ་འོག་ཆགས་པའི་སྲིད་འཛིན་བཀའ་འབེབས་གཙོ་བོར་བྱེད་པའི་འགོ་ཁྲིད་བྱེད་སྟངས་དང་ལས་ཀ་བྱེད་སྟངས་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་རེད། བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་རིང་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་འཕེལ་དང་འཚམ་པའི་ལས་ཀའི་སྤྱོད་ཚུལ་གསར་བ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་དེ་རིམ་པ་ཁག་གི་འགོ་ཁྲིད་ཀྱི་ལས་འགན་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྙན་ཞུའི་ནང་བསྟན་དོན། ཏང་གི་སྤྱོད་ཚུལ་ལེགས་སྐྱོང་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར“ཏང་གི་སྤྱོད་ཚུལ་དང་སློབ་སྲོལ། ལས་ཀའི་སྤྱོད་ཚུལ་དང་འགོ་ཁྲིད་ཀྱི་སྤྱོད་ཚུལ། ལས་བྱེད་པའི་འཚོ་བའི་སྤྱོད་ཚུལ་བཅས་ཐད་ཀྱི་གནད་དོན་མངོན་གསལ་ཅན་ཤུགས་ཆེན་པོས་ཐག་གཅོད་བྱེད་དགོས་པ་དང་། ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་དང་སེལ་ཐབས་བྱས་ཏེ། ལས་ཀའི་སྤྱོད་ཚུལ་གྱི་ཕྱིའི་སྣང་བརྙན་གྱི་གནད་དོན་དེ་རིགས་ཐག་གཅོད་བྱེད་པར། ཐོག་མར་ངེས་པར་དུ་ནང་གནས་ཀྱི་རྒྱུ་རྐྱེན་ཐག་གཅོད་བྱེད་པ་ནས་འགོ་འཛུགས་དགོས། དེའང་ཆེས་རྩ་བར་གྱུར་པ་ནི་ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་དང་འཇིག་རྟེན་ལྟ་བ་ལེགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ལ། མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་དང་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མི་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། མི་དམངས་ལ་བརྩེ་སེམས་འཆང་བ། མི་དམངས་ཀྱི་དོན་དུ་ཁེ་ཕན་སྒྲུབ་པ་བཅས་བྱེད་དགོས་ལ། གཞན་ད་དུང་ངེས་པར་དུ་ལས་ཀའི་སྤྱོད་ཚུལ་འཛུགས་སྐྱོང་དང་དེ་དང་མཐུན་པའི་སྒྲིག་སྲོལ་བསྒྱུར་བཅོས་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ནང་རྐྱེན་གསར་པ་འཛུགས་པ། ལས་བྱེད་པའི་ལམ་ལུགས་སྤྱི་དང་ལྷག་པར་དུ་ལས་བྱེད་པ་བསྐོ་གཞག་ལམ་ལུགས་དང་དཔྱད་ཞིབ་ལམ་ལུགས་བཅས་བསྒྱུར་བཅོས་མཛད་ནས་ལས་བྱེད་པའི་ལྟ་སྐུལ་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་དགོས།      

ངོ་རྒོལ། ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་རིང་ལུགས།     

ཕྱི་ཚུལ་རིང་ལུགས】 གཙོ་བོ་ཤེས་སྤྱོད་མི་གཅིག་པ་དང་ཕན་འབྲས་དངོས་མི་གཉེར་བ། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ། ཕྱི་མཛེས་ནང་སྟོང་དང་མིང་སྟོང་ལ་རྔམ་པ། མི་བདེན་རྫུན་སྒྲིག་བཅས་ཡིན་ཞིང་། ལ་ལས་ཏང་གི་རིགས་པའི་གཞུང་ལུགས་དང་ལས་ཀ་ཡག་པོར་སྒྲུབ་པར་མཁོ་བའི་ཤེས་བྱ་ནན་ཏན་གྱིས་སློབ་སྦྱོང་མ་བྱས་པ་དང་། སློབ་སྦྱོང་བྱས་ཀྱང་ཕྱི་ཚུལ་ཙམ་ལས་ཟབ་འཇུག་མི་བྱེད་པ་དང་རྟོག་ཞིབ་གཏིང་ཟབ་མི་བྱེད་པ། འགྲེལ་བཤད་གཏིང་ཟབ་མི་བྱེད་པ་དང་ལག་ལེན་ཁྲོད་ནན་ཏན་གྱིས་བཀོད་སྤྱོད་བྱེད་པའི་བསམ་པ་དང་སེམས་ཤུགས་མེད་པ་བཅས་རེད། ལ་ལས་ཚོགས་འདུར་བརྟེན་ནས་ཚོགས་འདུའི་ནང་དོན་དོན་འཁྱོལ་དང་། ཡིག་ཆར་བརྟེན་ནས་ཡིག་ཆའི་བརྗོད་བྱ་དོན་འཁྱོལ་བྱེད་པར་གོམས་པར་མ་ཟད། གྲགས་ཉམས་སྟོན་པ་དང་རང་ངོམ་བྱེད་པར་མོས་པ་དང་འགོ་ཁྲིད་གར་སྟེགས་སུ་ཕེབས་ནས་གསུང་བཤད་གནང་བ་དང་། གསར་འགྱུར་འགྲེམས་སྤེལ་སྒྲིག་འཛུགས་བྱེད་པ། བརྙན་འཕྲིན་དུ་ཞུགས་པ་སོགས་དོན་ཆེན་ཨང་དང་པོར་བརྩི་བར་གོམས་པས། མཇུག་མཐར་ལས་ཀ་ཐག་མ་ཆོད་པར་ལུས་ཡོད། ལ་ལས་ལས་ཀ་དམ་འཛིན་བྱེད་དུས་ཕན་འབྲས་དངོས་ལ་དོ་སྣང་མི་བྱེད་པ་དང་། འགལ་བ་དང་གནད་དོན་ཡོད་པའི་རིགས་ཐག་གཅོད་བྱེད་པར་འབད་བརྩོན་མི་བྱེད་ལ། འགོ་ཁྲིད་ལ་བག་ཆགས་འཇོག་དཀའ་བའི་བྱ་བ་མི་སྒྲུབ་པ་དང་ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་པའི་བྱ་བ་མི་སྒྲུབ་པ། ལོ་མཇུག་ཕྱོགས་བསྡོམས་བྱེད་སྐབས་རང་ལ་མི་ཕན་པའི་བྱ་བ་མི་སྒྲུབ་པར་མཛད་སྒོའི་རྗེས་སུ་མཛད་སྒོ་དང་། ཕྱོགས་བསྡོམས་ཀྱི་རྗེས་སུ་ཕྱོགས་བསྡོམས། བྱ་དགའི་དཔྱད་བསྡུར་ཡང་གཅིག་རྗེས་གཉིས་མཐུད་དུ་ཚོགས་ནའང་། མཇུག་མཐར་ཚང་མ“སྟོང་བ”རེད། འགའ་ཞིག་གཞི་རིམ་ལ་འགྲོ་བ་ནི་བརྙན་མིག་སྟོན་པ་དང་ངོ་གདོང་སྟོན་པའི་ཆེད་དུ་ཡིན་པ་དང་། རླངས་འཁོར་ལ་བསྡད་ནས་སྐོར་བ་རྒྱག་པ་དང་། ཤེལ་སྒོ་དང་སྒེའུ་ཁུང་ནས་ཕྱིར་བལྟ་བ། མང་ཚོགས་ཀྱིས“བརྟག་དཔྱད་ཞིབ་འཇུག་གི་ཤོག་བུས་བཅད་པ་དང་། སྲིད་ཇུས་ལག་བསྟར་རི་བོས་ཆོད”ཅེས་བཤད་པ་རེད། འགའ་ཞིག་གིས་གོང་ཞུ་བྱས་པ་ནི་གནས་ཚུལ་རྫུན་མ་དང་གྲངས་ཀ་རྫུན་མ། དཔེ་མཚོན་རྫུན་མ་བཅས་ཡིན་པ་ཤེས་བཞིན་དུ་སྣང་མེད་ཟོལ་འཇོག་བྱེད་པ་དང་། ཐ་ན་ཐབས་ངན་ཡོད་དགུ་རྩལ་སྤྲུགས་ཀྱིས་རྫུན་བཟོ་བྱེད་ཀྱི་ཡོད། 

དཔོན་ཉམས་རིང་ལུགས】 དཔོན་ཉམས་རིང་ལུགས་ཀྱི་གནད་འགག་ནི་དོན་དངོས་དང་ཁ་བྲལ་བ་དང་མང་ཚོགས་དང་ཁ་བྲལ་བ། མཐོ་སར་བསྡད་ནས་དོན་དངོས་སྣང་མེད་དུ་བཞག་པ། རང་ཆེ་རང་རློམ་བཅས་ཡིན་ལ། དེའི་མཚོན་བྱེད་གཙོ་བོ་ནི་མཐོ་སར་སྡོད་པ་དང་མང་ཚོགས་དང་ཁ་བྲལ་བ། སྤྱི་ཞབས་པའི་འདུ་ཤེས་འཛིན་པ། མང་ཚོགས་ལ་བཅངས་པའི་བརྩེ་དུང་ཉམས་པ་དང་དཔོན་གནས་སློང་བ་དང་གཉེན་ཉེ་ཁོ་ནར་གཅེས་པ། འཕྲལ་ཕན་འཕྲལ་གཉེར་དང་དོན་ཆེན་དང་བྱས་རྗེས་ཆེན་པོ་འཇོག་རྒྱུར་དགའ་བ། ཁྱོན་ཡོངས་ལ་དོ་སྣང་མི་བྱེད་པ་དང་མིག་རྒྱང་མི་རིང་བ། རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་མཐོང་ཆེན་མི་བྱེད་པ་དང་སྲིད་འབྲས་ཐོན་རྒྱུར་བྲེལ་ཞིང་། དམངས་དུབ་རྒྱུ་ཟད་ཀྱི“སྣང་བརྙན་བཟོ་བཀོད”དང་དོན་དངོས་དང་ཁ་བྲལ་བའི“སྲིད་འབྲས་བཟོ་བཀོད”གཉེར་རྒྱུར་ཤིན་ཏུ་དགའ་བར་མ་ཟད། འགན་མི་འཁུར་བ་དང་འགན་འཁུར་མི་ཕོད་པ། གོང་རིམ་གྱི་བཀོད་སྒྲིག་ལ་དབྱེ་བ་མི་འབྱེད་པ་དང་ལུང་ཚིག་ལོག་འདྲེན། གོང་རིམ་གྱི་ཆོད་དོན་ལག་ལེན་བསྟར་སྐབས་ཡིག་ཆ་སྒྲོག་སྦྱང་ཙམ་དང་ཞྭ་དཔེ་ལྷམ་འགེབས་བྱེད་ཅིང། བཟའ་འཁྱེར་བཀག་ལེན་དང་། མི་དམངས་དང་ཁེ་ཕན་རྩོད་རེས་བྱེད་པ། སྤྱི་པའི་ཁེ་ཕན་རག་ཐབས་བཅས་བྱས་ཏེ་སྡེ་ཁག་གི་དབང་ཆ་སྒེར་ལ་སྒྱུར་བ་དང་། ཁ་ཞེ་མི་གཅིག་པ། སྒྲིག་ཁྲིམས་ལྷོད་གཡེང་དང་བཀའ་བསྒོས་ཀྱང་མི་སྒྲུབ་པ། སྒྲིག་སྲོལ་དང་ལམ་ལུགས་ཕྱི་ཚུལ་ཙམ་དུ་བསྒྱུར་བ་སོགས་ཀྱི་བྱ་བ་སྒྲུབ་པ་རེད།

སྐྱིད་འདོད་རིང་ལུགས】རྣམ་གཡེང་ལེ་ལོའི་དབང་དུ་ཚུད་དེ། ཡར་རྒྱས་བརྩོན་ལེན་བྱེད་འདོད་མེད་པ་དང་། ཁེ་གྲགས་དོན་གཉེར་དང་ལོངས་སྤྱོད་ལ་ཞེན་ཆགས་པ། རྒྱས་གཤོམ་ལ་དང་དོད་བྱེད་པ་དང་རྩེད་སྲོལ་དར་ཆེ་བ་བཅས་ཡིན། ལ་ལའི་བློ་སྟོབས་ཉམས་པ་དང་དད་སེམས་ལ་གཡོ་འགུལ་ཐེབས་ཏེ་སྐབས་འཕྲལ་སྐྱིད་འདོད་ཀྱི་མི་ཚེའི་མཚན་ཉིད་རིག་པ་ལག་བསྟར་བྱེད་པ་དང་། འགའ་ཞིག་གིས་དངོས་པོའི་ལོངས་སྤྱོད་དོན་དུ་གཉེར་བ་དང་། མ་རབས་ཐ་ཤལ་གྱི་རྩེད་མོ་རྩེད་ནས་བློ་སྟོབས་ཉམས་པ། ཆང་དང་རྩེད་འཇོར་རོལ་བ་དང་ཟ་འཐུང་སྤྱོད་གསུམ་ཅི་དགར་རོལ་བ་བཅས་བྱེད་ཀྱི་ཡོད། ལ་ལས་བྱ་བ་ཡང་མོར་དགའ་ཞིང་ལྗིད་པར་སྐྲག་པ་དང་ད་ལྟའི་གནས་ཚུལ་ལ་ཡིད་ཚིམས་པ། བརྩོན་སེམས་མེད་པ་དང་ད་ཡོད་ཀྱི་ཤེས་བྱ་དང་ལྟ་བར་ཡིད་ཚིམས་པ། ཐོབ་ཟིན་པའི་གྲུབ་འབྲས་ལ་ཡིད་ཚིམས་ཏེ་དམིགས་འབེན་གསར་པ་མི་འཛུགས་པ་དང་སྒུལ་ཤུགས་གསར་བ་མེད་པར་ཉི་མ་འཁྱོལ་ཐབས་བྱས་འདུག།   

རྒྱས་སྤྲོས་རིང་ལུགས】རྒྱས་སྤྲོས་ཆུད་ཟོས་དང་བག་མེད་ཆུད་ཟོས་བྱེད་པ་དང་། ས་ཤིང་རྒྱས་སྐྲུན་དང་དུས་སྟོན་རྒྱས་གཤོམ་བྱེད་པ། འཚོ་བ་རྒྱས་སྤྲོས་དང་བག་མེད་ལོངས་སྤྱོད་བྱེད་པ། ཐ་ན་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་དང་ཁོག་རུལ་ངན་འགྱུར་བཅས་བྱེད་པ་དང། འགའ་ཞིག་གིས་རྒྱས་སྤྲོས་ཉམས་ལྡན་གྱི་གཞུང་ལས་ཐོག་ཁང་བསྐྲུན་པ་དང་། ཐ་ན་མུའུ་བརྒྱ་ལྷག་ཙམ་དང་མ་དངུལ་སྒོར་དུང་ཕྱུར་ཁ་ཤས་བཏང་ནས་མཛེས་ཤིང་བརྗིད་ཆགས་པ་དང་། ཟ་འཐུང་རྩེད་གསུམ་ཡོད་ཚད་འཛོམས་པའི་གཞུང་སྒྲུབ་ཁང་བསྐྲུན་ཡོད། ལ་ལས་དུས་ཆེན་བཀོད་སྒྲིག་དང་དུས་ཆེན་རོལ་བར་དགའ་བ་དང་། དུས་སྟོན་གང་བྱུང་དུ་སྤེལ་ནས་རྟག་ཏུ་སྒོར་ཁྲི་བརྒྱ་དང་དུང་ཕྱུར་གྱི་འགྲོ་སོང་བཀོལ་ཏེ་དམངས་དུབ་རྒྱུ་ཟད་དུ་བཏང་བ་རེད། ལ་ལས་སྒེར་གྱི་ལོངས་སྤྱོད་ལ་དགའ་བ་དང་། སྡོད་ཁང་མང་ཞིང་རླངས་འཁོར་ཆེ་བ། ཟས་དང་གྱོན་གོས་སྤུས་དག་ཅིང་ལྟ་ན་སྡུག་ལ། འགའ་ཞིག་གིས་ཚད་གཞི་ལས་བརྒལ་བའི་སྣེ་ལེན་ཞུས་ནས་རིན་གོང་ཤིན་ཏུ་མཐོ་བའི་མགྲོན་ཁང་དུ་སྡོད་དགོས་པ་དང་། རི་ཆུའི་ཟས་མཆོག་ཞིམ་པོ་ཟ་བ། ཆང་བདུད་རྩི་ཞིམ་པོ་འཐུང་བ་སོགས་ཀྱི་རེ་བ་འདོན་པ་རེད། འགའ་ཞིག་གིས་ཁུག་མའི་ནང་རིན་ཐང་ཆེ་བའི་ཚོགས་མིའི་བྱང་བུ་དང་འཛད་སྤྱོད་བྱང་བུ་འཁྱེར་ནས་གནས་གོང་ཆེ་བའི་ཚོགས་ཁང་ནང་དགའ་སྐྱིད་ལ་རོལ་ནས་ཕ་ཡུལ་མི་དྲན་པ་དང་། མཐོ་རིམ་ལུས་རྩལ་ཁང་ལ་ཞེན་ཆགས་ནས་ཕྱིར་ལོག་རྒྱུ་བརྗེད་པ། རི་བོ་གྲགས་ཅན་དང་ཆུ་མོ་མཛེས་སར་གླུ་ལེན་གར་འཁྲབ་བྱེད་དུ་འགྲོ་བར་མ་ཟད། རྒྱལ་ཁབ་གཞན་གྱི་ཡུལ་སྲོལ་གོམས་གཤིས་ཁྲོད་མྱོས་ནས་འཆི་ཐབས་བྱེད་པ་དང་། ཐ་ན་འགའ་ཞིག་གིས་ཕྱི་རྒྱལ་གྱི་རྒྱན་འགྱེད་བྱ་ཡུལ་དུ་གསེར་བག་མེད་ལོངས་སྤྱོད་བྱས་ཏེ། རང་གི་སྤྱོད་ཚུལ་མི་ལེགས་པར་སྣང་འཇོག་མི་བྱེད་པར་བག་མེད་དུ་འཚོ་བ་རོལ་བཞིན་མཆིས།

སྤྱིའི་བླང་བྱ། མེ་ལོང་ལ་བལྟ་བ་དང་བཟོ་ལྟ་ཡག་པ། ལུས་པོ་བཀྲུ་བ་དང་ནད་གཞི་བཅའ་བ།

མེ་ལོང་ལ་བལྟ་བ】 གཙོ་བོ་ཏང་གི་སྒྲིག་ཡིག་མེ་ལོང་དུ་བཟུང་སྟེ། ཏང་གི་སྒྲིག་ཁྲིམས་དང་མང་ཚོགས་ཀྱི་རེ་འདུན། སྔོན་ཐོན་མིག་དཔེ་བཅས་དང་བསྡུར་ཞིང་། སྤྱོད་ཚུལ་ལེགས་འགྱུར་གྱི་བླང་བྱ་དང་བསྡུར་ཏེ། དམིགས་ཡུལ་གྱི་འདུ་ཤེས་དང་ལས་ཀའི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་བཅས་ཀྱི་ཐད་གནད་དོན་འདོན་པ་དང་ཧེ་བག་འཚོལ་བ། ཁ་ཕྱོགས་གསལ་སྟོན་བཅས་བྱེད་དགོས། མེ་ལོང་ལས་རང་ཉིད་ལ་བལྟས་ཆོག་ལ་མི་གཞན་ལའང་བལྟས་ཆོག་མོད། དེ་ལས་ཀྱང་གཙོ་བོ་རང་ཉིད་ལ་བལྟ་དགོས། དངོས་ཡོད་འཚོ་བའི་ཁྲོད། བློ་མཐུན་ལ་ལས་རང་ཉིད་ཀྱི་ཚོར་སྣང་ལེགས་པར་སྙམ་ནས་རང་ཉིད་ལ་བལྟ་བར་ལེ་ལོ་བྱེད་པ་དང་། བློ་མཐུན་ལ་ལས་རང་ཉིད་ལ་གནད་དོན་ཡོད་པ་ཤེས་བཞིན་དུ་མེ་ལོང་ལ་བལྟ་བར་སྐྲག་སྣང་སྐྱེས་པ་དང་། བློ་མཐུན་ལ་ལས་རང་ཉིད་ཀྱི་བཀྲག་མདངས་འཚེར་བའི་ཕྱོགས་དེ་མཐོང་འདོད་པས་མཛེས་ཆས་སྤྲས་རྗེས་མེ་ལོང་ལ་བལྟ་བར་གོམས་ཡོད། ད་དུང་བློ་མཐུན་ཁ་ཤས་ཀྱིས་མེ་ལོང་བཟུང་ནས་མི་གཞན་ལ་བལྟ་རྒྱུར་དགའ་ཞིང་། རང་ཉིད་ཧ་ཅང་མཛེས་པོ་འདུག་སྙམ་པ་ཤ་སྟག་རེད། སྣང་ཚུལ་འདི་དག་ཚང་མ་གུང་ཁྲན་ཏང་མིའི་བློ་སྦྱོང་དང་མི་མཐུན་ལ། ཏང་ཡོན་དང་ལས་བྱེད་པས་བློ་སྤོབས་བསྐྱེད་དེ་བརྩོན་འགྲུས་བྱེད་དགོས་པ་དང་། ལྷག་པར་དུ་རང་ཉིད་ཀྱི་སྐྱོན་ཆ་དང་ནོར་འཁྲུལ་དག་ལ་ཞིབ་ཏུ་མང་ཙམ་བལྟས་ཚེ་གཞི་ནས་ཧེ་བག་འཚོལ་ཐུབ་པ་དང་རང་ཚུལ་དྲང་པོར་སྲོང་ཐུབ།    

བཟོ་ལྟ་ཡག་པ】 གཙོ་བོ་མེ་ལོང་ལ་བལྟ་བའི་རྨང་གཞིའི་སྟེང་། དངོས་གཉེར་སྤྱོད་གཙང་གི་བླང་བྱ་གཞིར་བཟུང་ནས་རང་ཉིད་ཀྱི་སྐྱོན་ཆ་དང་མི་འདང་སར་ཡང་དག་པའི་སྒོ་ནས་ངོས་འཛིན་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་དང་ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་གྱིས་སྲུང་སྟེ། བསམ་བློའི་འགལ་བ་དང་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང། རང་ཉིད་ནས་སྤྱོད་ཚུལ་བཅོས་སྒྱུར་བྱེད་པ། རང་རྟོགས་ངང་ཏང་གཤིས་བློ་སྦྱོང་དང་ཏང་ཡོན་གྱི་འོས་འགན་བརྩི་བ། རྒྱལ་ཁྲིམས་དམ་པོར་འཛིན་པ་བཅས་བྱས་ཏེ་གུང་ཁྲན་ཏང་མིའི་འགན་འཁྲི་རྒྱུན་འཁྱོངས་བྱེད་དགོས། བཟོ་ལྟ་ཡག་པོ་བྱེད་པར་ཉིན་རེར་ཐེངས་རེ་ཡིས་མི་འདང་བས“ཉིན་རེར་རང་སྐྱོན་རང་གིས་ཐེངས་གསུམ་ལ་བལྟ་དགོས་པ”ཡིན། རང་ངོས་སུ་གནས་པའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཐག་གཅོད་བྱེད་པར་བློ་སྟོབས་ལྡན་ཆེན་མོ་དགོས་ནའང་། རང་འགུལ་གྱིས་རང་སྐྱོན་འཚོལ་བ་ནི་ལམ་ཁ་དྲང་མོར་སྙེག་པའི་ཐབས་ལམ་བཟང་ཤོས་དེ་ཡིན།

ལུས་པོ་བཀྲུ་བ】དེ་ནི་གཙོ་བོ་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། གནད་དོན་བྱུང་བའི་རྒྱུ་རྐྱེན་དང་བསམ་བློ། བྱ་སྤྱོད་ཐད་ཀྱི་ཐལ་རྡུལ་གཙང་སེལ་བྱེད་པ་མ་ཟད། གནད་དོན་དངོས་ཀྱང་ཐག་གཅོད་བྱེད་དགོས་ལ་བསམ་བློའི་གནད་དོན་དེ་བས་ཀྱང་ཐག་གཅོད་ནན་མོ་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས། མི་རྣམས་ཀྱི་དུས་ནམ་ཡང་ཐལ་རྡུལ་དང་རག་གི་ཡོད་སྟབས་རྟག་ཏུ་གཟུགས་པོ་འཁྲུད་དགོས་ཏེ། འདག་རྫས་ཏོག་ཙམ་བརྒྱབ་ནས་། ཀུབ་ཀྭའི་ཐོམ་བུས་འཕུར་འཕུར་བྱས་ཚར་རྗེས་ཆུས་བཤལ་ནས་གཙང་མར་བཀྲུས་ན་ཁམས་དྭངས་པོ་ཡོང་བ་རེད། དེ་དང་འདྲ་བར། ང་ཚོའི་བསམ་བློ་དང་བྱ་སྤྱོད་ལའང་ཐལ་རྡུལ་འགོས་སྲིད་པ་དང་། ཆབ་སྲིད་ཀྱི་སྐྱེ་དངོས་ཕྲ་རབ་ཀྱིས་ཀྱང་གནོད་པ་ཐེབས་སྲིད་པས་ང་ཚོས་ནམ་རྒྱུན“ལུས་པོ་བཀྲུ”དགོས་ཤིང་། ཐལ་རྡུལ་དོར་ནས་ལུས་སེམས་ལྷོད་དུ་གཏོང་བ་དང་། སྤུ་ཁུང་ལྷོད་པར་བྱས་ནས་རྙིང་ཚབ་གསར་མཐུད་ལ་སྐུལ་འདེད་བཏང་སྟེ། བྱ་བ་གཙང་མར་སྒྲུབ་པ་དང་སྤྱོད་གཙང་གཞུང་དྲང་གི་མི་ཚུལ་ལྡན་ཞིག་བྱེད་དགོས། མི་འགའ་ཞིག་གིས་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་ཐོག་གི་ཐལ་རྡུལ་འགེབས་ཐབས་བྱེད་པ་ལས“ལུས་པོ་བཀྲུ”འདོད་མེད་ཅིང་། མི་དེའི་རིགས་ལ་བློ་མཐུན་རྣམས་དང་རྩ་འཛུགས་ཀྱིས་རོགས་རམ་བྱས་ནས་ཁོ་ཚོར“ལུས་པོ་ཡང་ཡང་བཀྲུ”རུ་འཇུག་དགོས།     

ནད་གཞི་བཅའ་བ】ཞེས་པ་ནི་གཙོ་བོ་སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནས་ཚུལ་ལ་གཞིགས་ནས་ནད་བསྟུན་སྨན་བཅོས་བྱེད་པ། སྤྱོད་ཚུལ་ལ་གནད་དོན་ཡོད་པའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་དྲན་སྐུལ་བྱེད་ཅིང་། གནད་དོན་ཚབས་ཆེན་གྱི་རིགས་རྩད་ཞིབ་ཐག་གཅོད་བྱེད་པ་དང། ཚུལ་མིན་གྱི་སྤྱོད་ཚུལ་དང་མངོན་གསལ་དོད་པའི་གནད་དོན་ལྡན་པ་དག་ཆེད་དམིགས་བཅོས་སྐྱོང་བྱེད་དགོས། མིའི་ལུས་པོར་ན་ཚ་བྱུང་ན་སྨན་པ་བསྟེན་དགོས་པ་དང་སྨན་ཁབ་རྒྱག་དགོས་པ། སྨན་འཐུང་དགོས་པ། ལྕི་ན་ད་དུང་གཤགས་བཅོས་ཀྱང་བྱེད་དགོས་ནང་བཞིན། མིའི་བསམ་བློ་དང་སྤྱོད་ཚུལ་ལ་སྐྱོན་བྱུང་ཚེའང་ངེས་པར་དུ་དུས་ཚོད་དམ་འཛིན་གྱིས་བཅོས་སྐྱོང་བྱ་དགོས། གལ་ཏེ་ནད་གསང་ནས་སྨན་བཅོས་མ་བྱས་ཚེ། ནད་ཆུང་ནད་ཆེན་དུ་འགྱུར་བ་དང་ནད་གཞི་གཏིང་དུ་ཟུག་པར་གྱུར་ཏེ་མཐར་བཅོས་ཐབས་མེད་པས། “ཆུང་དུས་འགོག་སླ་ཡང་། ཆེ་དུས་སྐྱོབ་དཀའ”ཞེས་པ་ལྟར། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་བྱེད་ཐབས་ལེགས་ཤོས་སྤྱད་དེ་གནད་དོན་ཡོད་པའི་ཏང་ཡོན་དང་ལས་བྱེད་པར“ནད་གཞི”འཚོལ་རོགས་བྱས་ཏེ། ནད་བསྟུན་སྨན་བཅོས་དང་ཀྲུང་ལུགས་སྨན་པར་བསྟེན་དགོས་སར་ཀྲུང་ལུགས་སྨན་པར་བསྟེན་པ། ཕྱི་ལུགས་སྨན་ལ་བསྟེན་དགོས་སར་ཕྱི་ལུགས་སྨན་བསྟེན་པའམ། ཡང་ན་ཀྲུང་ཕྱི་ལུགས་ཀྱི་སྨན་ཟུང་འབྲེལ་བྱེད་པ། གཤགས་བཅོས་བྱེད་དགོས་པའི་རིགས་གཤགས་བཅོས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་ནན་སྐྱོང་གི་བླང་བྱ་མཚོན་པར་བྱེད་དགོས། 

འཇུག་པའི་སྒོ ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་དགོས།

4 དམིགས་འབེན་བླང་བྱ། 

ལས་འགན་གཙོ་བོ། ཏང་ཡོན་ལས་བྱེད་པར་མང་ཚོགས་ཀྱི་ལྟ་བ་འཛུགས་པ་དང་སྤྱོད་ཚུལ་བཟང་པོ་དར་སྤེལ། གནད་དོན་མངོན་གསལ་གྱི་རིགས་ཐག་གཅོད་བྱེད་པ་དང་སྤྱོད་གཙང་རང་བཞིན་སྲུང་འཛིན་བྱས་ནས་ལས་བྱེད་པའི་སྤྱོད་ཚུལ་སྔར་ལས་ལེགས་འགྱུར་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཡོང་བ། དམངས་ཀྱི་དོན་དུ་དངོས་གཉེར་སྤྱོད་གཙང་གི་སྣང་བརྙན་སྔར་ལས་ལེགས་པ་བསྐྲུན་པ་བཅས་ཡོང་བར་སློབ་གསོ་དང་མཛུབ་སྟོན་གནང་དགོས།     

སྤྱིའི་བླང་བྱ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་ལས་འགན་དང་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་བར་བརྟེན་ནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གོང་བུ་གཅིག་ཏུ་བསྒྲིལ་ནས། དམངས་ཀྱི་ཆེད་དུ་དངོས་དོན་གཉེར་ཞིང་སྤྱོད་གཙང་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པར་མ་ཟད། གཞི་རྩའི་རྩ་དོན་ཁོང་དུ་བརྟན་པོར་ཆུད་པ་དང་། འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་པར་ཤུགས་རྒྱག་དགོས།  

དམངས་ཀྱི་ཆེད་དུ་དོན་གཉེར་སྤྱོད་གཙང་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱ་དགོས།      

དམངས་ཀྱི་ཆེད་དུ། མི་དམངས་ཀྱིས་ལོ་རྒྱུས་གསར་སྐྲུན་བྱེད་པ་དང་། མི་དམངས་ནི་དཔའ་བོ་ངོ་མ་ཡིན་པ་རྒྱུན་འཁྱོངས། མི་གཞི་གཙོ་བོར་འཛིན་པ་དང་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  

དངོས་དོན་གཉེར་བ། བདེན་འཚོལ་དངོས་སྒྲུབ་དང་དམ་པ་དོན་གཉེར་བྱས་ཏེ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་སྲོལ་དར་སྤེལ་གཏོང་དགོས་པ་རེད།      

སྤྱོད་གཙང་། ཏང་གི་སྒྲིག་ཡིག་དང་། སྲིད་དོན་གཙང་སྐྱོང་གི་ཚད་གཞི་ལག་བསྟར་ནན་མོ་བྱས་ཏེ། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ།

གཞི་རྩའི་རྩ་དོན་ཁོང་དུ་བརྟན་པོར་ཆུད་དགོས། དྲང་ཕྱོགས་ཀྱི་སློབ་གསོ་གཙོ་བོར་འཛིན་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཕན་འབྲས་དངོས་ལ་དང་དོད་བྱེད་པ། རིགས་དབྱེ་མཛུབ་སྟོན་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ།      

འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སྐྱིད་འདོད་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱས་སྤྲོས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

5 ཕྱོགས་སྡོམ་བཀོད་སྒྲིག

ཟླ1པོའི་ཚེས20ཉིན་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་རིམ་པ་དང་པོའི་ཕྱོགས་སྡོམ་དང་རིམ་པ་གཉིས་པའི་བཀོད་སྒྲིག་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུ་ཡི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཏེ། རིམ་པ་དང་པོའི་སློབ་གསོ་ལག་ལེན་བྱེད་སྒོར་ཕྱོགས་སྡོམ་དང་རིམ་པ་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོར་བཀོད་སྒྲིག་བྱས་པ་རེད། ཁོང་གིས་རིམ་པ་དང་པོའི་བྱེད་སྒོ་ཉམས་མྱོང་གང་ལེགས་སྤྱད་དེ“སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པ་དང་། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་དགོས་གནད་དུ་འཁེལ་བའི་ལས་དོན་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་དུ་གནས་པའི་ཚུལ་མིན་གྱི་སྤྱོད་ཚུལ་ཐག་གཅོད་བྱས་ཏེ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཕན་འབྲས་གཞི་རིམ་དུ་དོན་འཁྱོལ་བྱེད་པ་དང། མང་ཚོགས་ལ་ཁེ་ཕན་ཐོབ་དུ་བཅུག་ནས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ཕན་འབྲས་དངོས་ཐོན་གང་ཐུབ་བྱེད་དགོས་ཞེས་ནན་གྱི་བསྟན།      

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་པ་དང་། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོན་ཆུང་གི་ཚན་གཙོ་ལིའུ་ཡུན་ཧྲན་གྱིས་ཚོགས་འདུར་འགོ་འཛིན་བྱས་ཤིང་། ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པས་རྫོང་རིམ་པ་དང་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེའི་ཐོན་རིམ་པ་ཡན་གྱི་སྡེ་ཁག་ལ་ཚོགས་པ་རེད།     

5_1  “རིམ་པ་དང་པོའི”ཕྱོགས་སྡོམ།    

ཞི་ཅིན་ཕིང་གིས་གཏམ་བཤད་ནང་ནན་གྱིས་བསྟན་དོན། རིམ་པ་དང་པོའི་སློབ་གསོ་ལག་ལེན་བྱེད་སྒོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་སྦྱོང་བརྡར་ཐོབ་ཅིང། “སྤྱོད་ཚུལ་བཞི”ཁྱབ་ཚུལ་བཀག་འགོག་བྱས་པ་དང་། སྤྱི་ཚོགས་ཀྱི་དར་སྲོལ་ཁྱོན་ཡོངས་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྣེ་ཁྲིད་བགྱིས་ཏེ། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པའི་ཡུན་ཕན་ལམ་སྲོལ་དང་གཅུན་འདོམས་རགས་ཙམ་ཆགས་ཡོད། སློབ་གསོ་ལག་ལེན་བྱེད་སྒོ་ལས་བྱུང་བའི་འགྱུར་ལྡོག་གསར་བ་དང་རྣམ་པ་གསར་བར་མང་ཚོགས་ཀྱིས་ཁས་ལེན་གང་ལེགས་བྱས་པ་དང་། ཏང་ཕྱི་ནང་གིས་དགེ་མཚན་ལྡན་པའི་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད།      

ཞི་ཅིན་ཕིང་གིས་སློབ་གསོ་ལག་ལེན་བྱེད་སྒོ་ཁག་དང་པོར་གྲུབ་འབྲས་གལ་ཆེན་ཐོབ་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོའི་ཀྲུང་དབྱང་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དཔེ་སྟོན་བྱེད་པ་རྒྱུན་འཁྱོངས་དང་། སྒོ་ཕྱེ་ནས་བྱེད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་འབུར་དུ་བཏོན་ཏེ། གནད་དོན་དག་ཐེར་བྱེད་པ་ནས་འགོ་བརྩམས་ནས་སྒུལ་ཤུགས་ཁ་སྣོན་དང་། གནད་དོན་དག་ཐེར་ལ་བརྟེན་ནས་རྒྱུགས་ལན་སྤྲོད་པ། ཚད་གཞི་རྒྱུན་འཁྱོངས་དང་འགག་སྒོ་ནན་སྲུང་། རྒྱུན་ཆད་མེད་པར་གཅུས་གཟེར་རྒྱག་པ་བཅས་བྱས་ཏེ། བྱེད་སྒོ་སྤེལ་དུས་ཕྱིའི་རྣམ་པ་ཙམ་མི་སྒྲུབ་པར། ཏན་ཏན་ཏིག་ཏིག་བྱེད་དགོས་པ་ནན་བཤད་གནང་བ་རེད།      

ཞིས་ཅིན་ཕིང་གིས་ཏང་གིས་ཏང་ལ་དོ་དམ་དང་། ཏང་ནན་གྱིས་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་མི་འབོར་བར་ཏང་གི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ནི་ང་ཚོའི་མིག་མདུན་དུ་ལྷགས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དེས་ཏང་ལེགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་ཉམས་མྱོང་ཆེན་པོ་བསགས་ཡོད་ཅིང། མང་ཚོགས་ལམ་ཕྱོགས་ནི་ཏང་གི་ལང་ཚོའི་གསོན་ཤུགས་དང་འཐབ་ནུས་ནམ་ཡང་མི་ཉམས་པའི་ཁྱིམ་རྒྱུད་ནོར་བུ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སློབ་གསོ་དང་ལག་ལེན་གཉིས་ཀ་དམ་འཛིན་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་དེ་བསམ་བློའི་ནང་གཏིང་ཟབ་ཟུག་པ་དང་བྱ་སྤྱོད་ཐོག་དངོས་འབྲེལ་དོན་འཁྱོལ་ཐུབ་པ་བྱེད་དགོས། ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་འཚོ་བཅུད་རྫས“ཀལ”ཡིན་པས། ངེས་པར་དུ་བསམ་བློ་དང་ཆབ་སྲིད་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ། འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས“སྤྱིའི་བསད་སྤར”གྱི་གནད་དོན་འདི་ཐག་གཅོད་ཡག་པོ་བྱ་དགོས་ལ། སྤྱོད་ཚུལ་འཛུགས་སྐྱོང་ཐད་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་རྒྱུ་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཐབས་ལམ་གཙོ་བོ་དེ་ཡིན་པས། ངེས་པར་དུ་མང་ཚོགས་ཀྱིས་གླེང་མོལ་མང་དུ་བྱེད་བཞིན་པའི་མངོན་གསལ་འབུར་ཐོན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་བར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དྲང་ཕྱོགས་ཀྱི་ནུས་ཤུགས་གཅིག་སྡུད་བྱེད་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་ཐལ་རྡུལ་དང་ཆབ་སྲིད་ཀྱི་སྐྱེ་དངོས་ཕྲ་རབ་གཙང་སེལ་བྱེད་པའི་མཚོན་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ནང་ཁུལ་གྱི་འཚོ་བར་གཟབ་ནན་བྱེད་པ་དང་། འགོ་ཁྲིད་ཚན་ཁག་གིས་རང་ངོས་ཀྱི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱ་དགོས། ནན་ཏན་བྱ་རྒྱུ་ནི་རང་རེའི་ཏང་གི་རྩ་བའི་ལས་ཀའི་རྣམ་འགྱུར་ཡིན་པས། ངེས་པར་དུ་སྒེར་སེམས་མེད་པ་དང་འགན་འཁུར་ཕོད་པ་བྱས་ཏེ། ནན་ཏན་གྱི་སྙིང་སྟོབས་དེ་ཏང་ནང་ཁུལ་གྱི་འཚོ་བ་དང་ལས་སྒྲུབ་ལས་སྐྲུན་གྱི་ཕྱོགས་ཡོངས་ལ་མཚོན་པར་བྱེད་དགོས།      

5_2  “རིམ་པ་གཉིས་པའི”བཀོད་སྒྲིག      

ཞི་ཅིན་ཕིང་གིས་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་གལ་ཆེན་རང་བཞིན་དང་མྱུར་མཁོའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་ཤིང། རིམ་པ་གཉིས་པའི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་ནི་རིམ་པ་དང་པོའི་རྒྱུན་མཐུད་དང་ཟབ་སྤེལ་ཡིན། རྨང་གཞི་བརྟན་པོ་མེད་ཚེ་ས་གཞི་གཡོ་ཞིང་རི་བོ་འགུལ། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ལས་ཁུངས། འགོ་ཁྲིད་ལས་བྱེད་པ་སོགས་མི་དམངས་མང་ཚོགས་དང་ཐད་ཀར་གྱི་འབྲེལ་བ་དམ་ཟབ་བྱེད་ཐུབ་པས། ཁོ་ཚོའི་ཚུལ་མིན་སྤྱོད་ཚུལ་གྱིས་ཐད་ཀར་མང་ཚོགས་ཀྱི་ཁེ་ཕན་དང་མང་ཚོགས་ཀྱི་བརྩེ་དུང་ལ་གནོད་འཚེ་གཏོང་སྲིད་ལ། མང་ཚོགས་ཀྱི་གམ་དུ་བྱུང་བའི་རུལ་སུངས་ཀྱི་གནད་དོན་ངེས་པར་དུ་ཤུགས་ཆེན་པོས་ཐག་གཅོད་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་སྣ་ཚོགས་ནན་ཏན་གྱིས་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནན་མོ་བྱེད་དགོས་ལ། རིམ་པ་གཉིས་པའི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྤེལ་སྐབས་ཕྱོགས་འདིའི་ཐད་ཀྱི་ལས་ཀ་དམིགས་སུ་བཀར་ནས་ལེགས་པར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།      

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོ་ལེགས་པོར་སྤེལ་རྒྱུ་དེ་རིམ་པ་དང་པོའི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་གལ་འགངས་ཆེན་པོ་ཡོད། རིམ་པ་དང་པོའི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་མཇུག་སྒྲིལ་ཟིན་ནའང། མཇུག་བསྡུ་བ་ནི་གཏན་ནས་མཇུག་རྫོགས་པ་མ་ཡིན་པར་ད་དུང་རྗེས་མཐུད་ཀྱི་ལས་དོན་མང་པོ་ཞིག་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། སྤྱོད་ཚུལ་གྱི་གནད་དོན་ལ་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་པས། སྤྱོད་ཚུལ་བཟང་པོ་ཆགས་པ་ནི་དཀའ་བ་ཐེངས་གཅིག་ལ་སྤྱད་ཚེ་རྟག་བརྟན་གྱི་བདེ་བ་ཐོབ་པ་ཞིག་མིན་པ་དང། སྤྱོད་ཚུལ་ངན་པ་སེལ་བའང་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་ཡེ་ནས་མིན། དེ་སྔའི་ཉམས་མྱོང་ལས་ང་ཚོར་བསྟན་དོན། སྤྱོད་ངན་ཡོ་བསྲང་གི་དཀའ་ངལ་ནི་བསྐྱར་ལོག་མི་ཡོང་བ་བྱ་རྒྱུ་དེ་ཡིན་ལ། “གྲོན་ཆུང་ནས་རྒྱས་སྤྲོས་སུ་འགྱུར་སླ་དང། རྒྱས་སྤྲོས་ནས་གྲོན་ཆུང་དུ་འགྱུར་དཀའ” སློབ་གསོ་ལག་ལེན་བྱ་འགུལ་ལ་དུས་ཚད་ཡོད་ནའང་། མི་དམངས་མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་གནང་རྒྱུར་ནམ་ཡང་མཇུག་བསྒྲིལ་བ་མེད་ལ། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ལམ་ན་ཡོད།     

ཞི་ཅིན་ཕིང་གིས་ནན་གྱི་བསྟན་དོན། རིམ་པ་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་སྐབས་བརྗོད་དོན་གཙོ་བོ་མི་འགྱུར་བ་དང་། བརྙན་མིག་མི་བརྗེ་བ་མཐའ་འཁྱོངས་བྱས་ཏེ“མེ་ལོང་ལ་བལྟ་བ་དང་བཟོ་ལྟ་ཡག་པ། ལུས་པོ་བཀྲུ་བ་དང་ནད་གཞི་བཅའ་བ”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱེད་པ་དང་། ཚད་གཞི་ནན་མོ་དང་བྱེད་ཐབས་ནན་མོ། སྒྲིག་ཁྲིམས་ནན་མོ་བཅས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་ཤིང་། བསམ་བློའི་འདུ་ཤེས་སྔར་བས་མཐོར་འདེགས་སུ་གཏོང་བ་དང་སྤྱོད་ཚུལ་གོམ་གང་མདུན་སྤོས་ཀྱིས་ཇེ་ལེགས་སུ་གཏོང་བ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་སྣང་བརྙན་སྔར་བས་གསར་དུ་བཏོད་པ། གཞི་རིམ་གྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས།      

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱ་རྒྱུར་དེ་བས་དོ་སྣང་ཆེན་པོ་བྱེད་པ་དང་། རིམ་པ་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོ་མང་ཚོགས་ཀྱི་སྒོ་འགྲམ་དུ་སྤེལ་དགོས་ལ། ངེས་པར་དུ་སྒོ་ཕྱེ་ནས་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་གོ་རིམ་རེ་རེ་དང་ལས་དོན་ཁག་ཚང་མའི་ནང་མང་ཚོགས་ཞུགས་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མང་ཚོགས་གདན་ཞུ་བྱས་ཏེ་གདེང་འཇོག་བྱེད་དུ་འཇུག་པ་དང་། རྣམ་འགྱུར་ཟོལ་མེད་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། བྱེད་ཐབས་ལ་ཡིད་འཇོག་བཅས་བྱས་ཏེ་ཏང་གི་ཡང་དག་པའི་དགོངས་དོན་དེ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་བསྒྱུར་དགོས། གནད་དོན་གྱི་ཁྲིད་ཕྱོགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྤྱོད་ཚུལ་གྱི་གནད་དོན་ལ་དམིགས་ཏེ་མི་གློད་པ་དང་། བྱ་བ་ཕྲན་ཙམ་ནས་དམ་འཛིན་བྱེད་པ། མང་ཚོགས་ལ་དངོས་ཡོད་ཀྱི་ཕན་འབྲས་མཐོང་དུ་འཇུག་པ་དང་མི་སེར་ལ་ཕན་པའི་བྱ་བ་ཇི་འདྲ་ཆུང་ཡང་བསྒྲུབ་པ། མི་སེར་ལ་གནོད་འཚེ་གཏོང་བའི་བྱ་བ་ཇི་འདྲ་ཆུང་ཡང་སེལ་ཏེ། དུས་ཚོད་འགོར་འགྱངས་མི་བྱེད་པར་འཕྲལ་དུ་བཅོས་སྒྲིག་བྱེད་ཅིང་། མང་ཚོགས་ཀྱི་གླ་དངུལ་སྤྲོད་འགྱངས་མི་བྱེད་པ་དང་མང་ཚོགས་ཀྱི་རྒྱུ་ནོར་ཧམ་བཟའ་མི་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་བཙན་བཟུང་མི་བྱེད་པ་སོགས་ཀྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ནས། དོན་དངོས་དང་མཐུན་པ་ཡིན་ཕྱིན་འཕྲལ་དུ་ཐག་གཅོད་བྱེད་དགོས། བླང་བྱ་ནན་པོར་སྔར་བས་མཐོང་ཆེན་དང་བསམ་བློའི་ཐད་ནན་མོ་བྱེད་པ། དག་ཐེར་ཡོ་བསྲང་ཐད་ནན་པོ་བྱེད་པར་མ་ཟད། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ལམ་ཇེ་དམ་དུ་གཏོང་བ་བཅས་ཀྱི་ཐད་ནན་པོ་བྱེད་དགོས།      

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འབྲེལ་མཐུད་སྐུལ་ཁྲིད་ལ་སྔར་ལས་སྣང་ཆེན་བྱེད་དགོས་ཤིང་། རིམ་པ་གཉིས་པོའི་སློབ་གསོ་ལག་ལེན་བྱེད་སྒོ་ནི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཡིན་ཞིང་། གནད་དོན་འགའ་ཞིག་ལ་རིམ་པ་དང་པོའི་སློབ་གསོ་ལག་ལེན་བྱེད་སྒོ་སྡེ་ཁག་གིས་འབྱུང་རྩ་ནས་ཐག་གཅོད་བྱེད་པའམ་ཡང་ན་མཛུབ་ཁྲིད་རོགས་རམ་བྱས་ཏེ་ཐག་གཅོད་ནན་ཏན་བྱེད་དགོས་པ་དང་། རིམ་པ་དང་པོའི་སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་པའི་སྡེ་ཁག་གིས་དག་ཐེར་ལས་འགན་དོན་འཁྱོལ་བྱེད་དགོས་ལ། གོང་འོག་མཉམ་འགུལ་དང་སྔ་རྗེས་སྦྲེལ་མཐུད། ཕན་ཚུན་གཞོགས་འདེགས་དང་ཐུན་མོང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིགས་དབྱེ་མཛུབ་ཁྲིད་ལ་དེ་བས་སྣང་ཆེན་བྱེད་པ་དང་། རིམ་པ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བ། བྱ་ཡུལ་མི་འདྲ་བ་བཅས་ལ་དམིགས་ནས་བླང་བྱ་བཏོན་ཏེ་མངོན་གསལ་དོད་པའི་གནད་དོན་འཚོལ་བ་དང་། བྱེ་བྲག་གི་ལས་འགན་དང་སྐུལ་འདེད་བྱེད་ཐབས་ཁ་གསལ་བཟོ་བ་ལས་གཅིག་དཔེ་བརྒྱ་འགེབས་བྱེད་མི་རུང་ལ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ཚན་ཁག འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་སྔོན་ལ་མིག་དཔེ་སྟོན་དགོས་པ་དང་། ལས་རིགས་ཁོངས་གཏོགས་ཀྱིས་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁྲིམས་བསྟར་ལྟ་སྐུལ་དོ་དམ་སྡེ་ཁག་དང་དམངས་འབྲེལ་སྡེ་ཁག ཞབས་ཞུ་ལས་རིགས་བཅས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གནད་འདི་འབུར་དུ་བཏོན་ནས། འགལ་བ་དང་གནད་དོན་བྱེ་བྲག་པར་དམིགས་ཏེ་དག་ཐེར་ཡོ་བསྲང་དམ་འཛིན་ལེགས་པོ་བྱེད་དགོས།     

ཞི་ཅིན་ཕིང་གིས་ནན་གྱི་བསྟན་དོན། རིམ་པ་ཁག་གི་ཏང་ཨུ་ཡིས་སློབ་གསོ་ལག་ལེན་བྱེད་སྒོ་ལེགས་པོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། རིམ་པ་གཉིས་པའི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྤེལ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་བློ་མཐུན་སོ་སོས་རྫོང་རེ་བདམས་ནས་འབྲེལ་གཏུག་བྱེད་གནས་སུ་བཟུང་སྟེ། འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་རིམ་པ་གཅིག་གིས་གཅིག་འཛིན་པ་དང་། རིམ་པ་གཅིག་གིས་གཅིག་ཁྲིད་དེ། རིམ་པ་རེ་རེ་བཞིན་དོན་འཁྱོལ་ཡོང་བ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་ཆད་ལུས་མེད་པ་དང་ཁུག་ཀྱོག་མེད་པར་འགན་ལེན་བྱེད་དགོས་ཤིང་། དྲིལ་བསྒྲགས་དང་ཁྲིད་སྟོན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱས་ནས་སློབ་གསོ་ལག་ལེན་གྱི་བྱེད་སྒོ་ལེགས་པོ་སྤེལ་ཆེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བྱེད་སྒོ་སྤེལ་རྒྱུ་དང་མིག་སྔའི་ལས་དོན་ཁག་ལེགས་པོར་སྒྲུབ་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། ཕྱོགས་གཉིས་འཐུས་ཤོར་མི་འགྲོ་བ་དང་ཕན་ཚུན་སྐུལ་འདེད་བཏང་བ་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་འགན་ལེན་བྱེད་དགོས། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གྱིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། རིམ་པ་དང་པོའི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་བླངས་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་བྱས་པ་དང་། རིམ་པ་དང་པོའི་བྱེད་སྒོའི་ལེགས་གྲུབ་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་ཏེ། རིམ་པ་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་རྒྱས་བཤད་གཏིང་ཟབ་བྱས་པ་དང་། བྱེད་སྒོའི་མཛད་ཕྱོགས་རྩ་དོན་དང་དམིགས་འབེན་བླང་བྱ་ཁ་གསལ་བཏོན་ཡོད། གསུང་བཤད་ལ་བསམ་བློའི་རང་བཞིན་དང་དམིགས་སའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན་པས། སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བར་འགན་ལེན་བྱེད་པ། ཏང་ལེགས་སྐྱོང་གི་ལས་གཞི་སྟེ། རླབས་ཆེན་གྱི་བཟོ་སྐྲུན་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། རིམ་ཁག་ཏང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། གསུང་བཤད་ཀྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། རིམ་པ་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོར་བཀོད་སྒྲིག་ཞིབ་ཕྲ་དང་། རིམ་པ་དང་པོའི་བྱེད་སྒོར་དག་ཐེར་ཡོ་བསྲང་བྱེད་པ་དང། མི་དམངས་མང་ཚོགས་ལ་བྱེད་སྒོ་ལས་བྱུང་བའི་སྤྱོད་ཚུལ་གྱི་རྣམ་པ་གསར་བ་དངོས་སུ་ཚོར་དུ་འཇུག་དགོས།      

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ་བཅས་ཚོགས་འདུར་ཕེབས།      

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་དང་ཏང་ཨུའི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ་ཁག དེ་བཞིན་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་། དངུལ་རྩའི་ལས་ཁུངས། མཐོ་རིམ་སློབ་གླིང་བཅས་ཀྱི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོན་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།      

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཞིང་ཆེན་རིམ་པ་གཞོན་པ་བཅས་ཀྱི་གྲོང་ཁྱེར་དང་། དེ་བཞིན་གྲོང་ཁྱེར(ས་ཁུལ། མེང)རྫོང(གྲོང་ཁྱེར། ཁུལ། ཆི)གི་ཚན་པའི་ཁོངས་མི་དང་ཐད་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དག་ས་གནས་དེའི་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས། 

6 སྤྱིའི་བཀོད་སྒྲིག     

གོ་རིམ་དང་པོ། སློབ་གསོ་སློབ་སྦྱོང་དང་བསམ་འཆར་བསྡུ་ལེན།      

1.དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་སློབ་གསོ་དམ་འཛིན་བྱེད་དགོས། 

2.ཐད་ཀར་མང་ཚོགས་ཀྱི་ཁྲོད་དུ་ཕྱིན་ནས་བསམ་འཆར་ལ་ཉན་པ།      

3.རང་ངོས་ཀྱི་ལས་ཀ་དང་འཚོ་བའི་གནས་ཚུལ་ཏང་ལ་སྙན་སེང་ཞུ་གང་ཐུབ་བྱེད་པ།      

གོ་རིམ་གཉིས་པ། གནད་དོན་འཚོལ་ཞིབ་དང་སྐྱོན་བརྗོད་སྤེལ་བ།     

1.གནད་དོན་མངོན་གསལ་ཅན་གནད་དུ་འཁེལ་བར་འཚོལ་དགོས།      

2.ནན་ཏན་གྱིས་ཤན་སྦྱར་ཞིབ་བཤེར་གྱི་ཡིག་ཆ་འབྲི་བ།      

3.ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་དགོས།      

གོ་རིམ་གསུམ་པ། དག་ཐེར་ཡོ་བསྲང་དོན་འཁྱོལ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་དགོས།      

1.གོང་འོག་མཉམ་འགུལ་གྱིས་དག་ཐེར་ཡོ་བསྲང་དམ་འཛིན་བྱེད་པ།     

2.དག་ཐེར་ལས་དོན་ནམ་ཡང་སྤེལ་བའི་དུས་ལས་རྫོགས་པའི་དུས་མེད།      

3.ཆེད་དམིགས་དག་ཐེར་བཅོས་སྐྱོང་དམ་འཛིན་བྱས་ཏེ་ལྷོད་གཡེང་མི་གཏོང་བ།      

4.སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ལམ་ནན་སྲུང་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས།      

5.ལམ་ལུགས་ཀྱི་གཏན་འབེབས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-05

གསར་སྤེལ་མཁན། :གདོང་བསོད་ནམས

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།