དགོན་སྡེ་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགོན་སྡེ་སློབ་གསོ།
བོད་ཀྱི་དགོན་སྡེའི་སློབ་གསོ་དེ་ཡང་སྔར་སྲོལ་ལྟར་རང་བབས་སུ་བཞག་ན་ཉམས་དམས་སུ་འགྲོ་བ་ལས་འོས་མེད་པས། དུས་རབས་དང་མཐུན་པའི་བཅོས་བསྒྱུར་གྱིས་དཔེ་ཁྲིད་བྱེད་ཐབས་གསར་བ་བེད་སྤྱད་ནས་རྒྱུ་སྤུས་ཇེ་ལེགས་དང་ཆ་ལག་ཇེ་འཛོམས། སྤྱི་ཚོགས་སྟེང་ལག་ལེན་ཐུབ་པ་དང་བཀོལ་བདེའི་རིན་ཐང་ཡོད་པ། སྤྱི་ཚོགས་དང་བར་ཐག་ཇེ་ཉེར་གཏོང་རྒྱུ་ནི་དུས་རབས་གསར་བའི་བླ་མ་དང་དགེ་བཤེས། མཁན་པོ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་རླབས་ཆེན་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
寺院教育
ངོ་བོ།
སློབ་གསོ།
1 བསམ་བློ་བཅོས་སྒྱུར།

དགེ་ལྡན་པའི་གྲྭ་ས་ཆེན་པོ་དག་ཏུ་གཞུང་བཀའ་པོད་ལྔ་སྦྱོང་བ་དང་། རྙིང་མ་བས་གཞུང་ཆེན་བཅུ་གསུམ་ལ་སྦྱོང་བ། ས་སྐྱ་བས་ཆོས་གྲྭ་དག་ཏུ་གཞུང་ཆེན་རྣམ་དྲུག་སྦྱོང་བ་སོགས་མཛོད་འདུལ་དབུ་མངོན་ལས། སྒྲ་སྙན་སྨན་རྩིས་དང་བཟོ་རིག་ལག་རྩལ་སོགས་སྦྱང་བྱའི་སྲོལ་མ་མཆིས་པ། གུང་ཐང་བསྟན་པའི་སྒྲོན་མེས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ།། གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས།། རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་།།ཞེས་པ་ལྟར་རྩ་བ་བཟུང་ནས་ཡལ་ག་མི་འཛིན་ན། རྩ་བ་ལྗོན་ཤིང་གཅེར་བུ་ལ།། ཡལ་ག་མེད་ན་ག་ལ་མཛེས།། ཞེས་སྔོན་གྱི་དགོན་པའི་དགེ་བཤེས་ཁ་ཤས་ནས་རང་གི་མིང་འབྲི་མི་ཤེས་ཞེས་པ་བསྟོད་པ་མ་རེད་སྨད་པ་རེད། མི་ཚེ་གང་བོར་ཐོས་བསམ་ལ་བསྐྱལ་ནས་རང་གི་མིང་ཙམ་ཡང་འབྲི་མ་ཤེས་པ་ཡ་མཚན་མ་རེད་དམ། དེ་མིན་འཇིག་རྟེན་རྙིང་བའི་བླ་ཐོབ་མཁན་ཐོབ་ཉོ་རུང་བའི་སྲོལ་ངན་འབུལ་སྡུད་བླ་མ་དང་མང་ཇའི་མཁན་པོ་སོགས་རྩ་བ་ནས་བསྒྱུར་དགོས།

ཡི་གེ་འབྲི་ཀློག་ཙམ་ཤེས་ནས་འདོན་པ་གཅིག་པོ་འདོན་ཐུབ་པ་ཡིས་ནང་བའི་གཞུང་གི་གོ་བ་ལེན་མི་ཐུབ་པས། སུམ་རྟགས་དག་གསུམ་ནི་སྐད་ཡིག་གི་རྨང་གཞི་ལྟ་བུ་ཡིན་པས་མ་སྦྱངས་ཐབས་མེད་ཡིན། དགོན་སྡེ་ནི་བོད་ཀྱི་སློབ་གྲྭ་ཡིན་པར་ཁས་ལེན་དགོན་པས་བོད་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས།

2 ཇི་ལྟར་བྱེད་པའི་ཐབས།

1.གྲུབ་མཐའ་རང་རང་གི་དགེ་བཤེས་མཁན་པོ་བསྡུ་སྒྲིག་གིས་ཁྲིད་གཞི་གཏན་ཁེལ། ཁྲིད་དེབ་གསར་བཟོ། ཁྲིད་དུས་བཀོད་སྒྲིག སྦྱངས་འབྲས་བསྡུར་ཚད་སོགས་གང་ཅིའི་ཐད་ནས་གཏན་ཁེལ་བྱེད་དགོས།

2.འཛིན་གྲྭའི་སློབ་མ་བསྡུ་སྐབས། སྦྱངས་འབྲས་གཞུང་ལུགས་གཙོ་བོ་དང་། རིག་གནས་སོགས་ཕལ་བས་སྐར་གྲངས་ལྟར་འཛིན་གྲྭ་སྤར་བ་ལས་ལུག་ཁྱུ་འདེད་འདེད་བྱེད་མི་རུང་།

3.མཐར་ཕྱིན་དཔང་ཡིག་སྟེར་རྒྱུ། དེ་ལ་གྲུབ་མཐའ་སོ་སོའི་དགོན་པས་ཕན་ཚུན་ཚོགས་ཞུགས་དང་དགེ་རྒན་བསྡུ་ལེན་སོགས་ཀྱི་གཞི་འཛིན་ས་བྱེད་རྒྱུ། རིམ་བཞིན་རྒྱལ་ཁབ་ནས་ཀྱང་ཁས་ལེན་ཐོབ་ཐུབ་པ་བྱེད་དགོས།

3 སློབ་གསོའི་ནང་དོན།

མ་མཐའ་དགུ་མཐའ་ཙམ་རྒྱུད་ལ་མ་ངེས་ན། དེ་ནི་ཉི་མ་རེ་རེར་ཚོང་ཁང་དང་ཚོང་རྭ་ཟ་ཁང་སོགས་ལ་འགྲིམ་དུས་མེད་མི་རུང་བའི་ལག་ཆ་ཡིན། གཞན་དད་ལྡན་མང་ཚོགས་ནས་ཉི་མ་བཟང་ངན་ལེགས་ཉེས་ཀྱི་གཟའ་སྐར་འཕྲོད་སྦྱོར་དྲི་བར་ལན་ཡག་པོ་ཞིག་ཕོག་དགོས་པར་འདོད། ད་ལྟ་རྒྱལ་སྤྱིའི་སྟེང་ན་བོད་རིགས་པའི་ཞིབ་འཇུག་ཚོགས་འདུ་ཚོགས་པ་དང་། ནང་སྒོས་སུ་ལོ་རེར་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་བཞིན་པ་ནི་དགའ་འོས་པའི་གནས་ཡིན་ལ། ཕྱིའི་གྲྭ་ས་ནའང་ཚན་རིག་གི་དཔེ་ཁྲིད་བཙུགས་ཡོད་པའི་གནས་ཚུལ་ཐོས། དེ་ལྟར་རིག་པའི་དྲག་ཆས་སྤྲས་ན་གྲྭ་བ་ཇེ་མང་དུ་འགྲོ་བ་དང་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཇེ་མང་དུ་འཕེལ་ལ། ཞོར་དུ་ད་ལྟའི་སློབ་གྲྭར་བོད་ཡིག་བོད་སྐད་བཀག་རུང་དགོན་པས་ཕ་སྐད་རྒྱུད་འཛིན་བྱེད་པར་ནུས་པ་འདོན་ཐུབ་པ། གྲྭ་བ་ཉན་ན་རབ་དང་། མ་ཉན་རུང་ལྟ་བ་མ་ལོག་པའི་སྟེང་ནས་སྤྱི་ཚོགས་ལ་ཟབ་འཇུག་བྱེད་ཐུབ་པ་མ་ཟད། སློབ་གྲྭ་ཆེན་མོ་དང་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་ཐུབ་པ། གཞན་གྲྭ་ལོག་ཅེས་སྨད་ར་གཏོང་བ་ལས་ཁེ་ལས་དང་ཚོང་ལས་སོགས་སྤྱི་ཚོགས་ལ་ཞབས་ཞུའི་ལས་རིགས་བསྒྲུབ་ཐུབ་པའི་སྐྱེས་བུ་སྟོབས་ལྡན་མང་བོ་འཕེལ་བར་འགྱུར་སྙམ་པའི་སྨོན་པ་བཏང་བའོ།།

4 སློབ་གསོའི་བཀོད་སྒྲིག་བྱེད་ཕྱོགས།

སྔོན་ཆད་ཁ་དོག་དཀར་དམར་སོགས་ལོ་གཉིས་ནས་གསུམ། བསྡུས་རྭ་ལོ་བཞི་ནས་ལྔ། བློ་རྟགས་ལ་ལོ་གཉིས། ཕར་ཕྱིན་ལ་ལོ་ལྔ་ནས་དྲུག དབུ་མ་གསར་རྙིང་ལ་ལོ་གཉིས། མཛོད་ལ་ལོ་གཉིས། དེ་ནས་འདུལ་བ་ལོ་ཁ་ཤས། ཕལ་ཆེར་མི་ལོ་ཉི་ཤུ་ལྷག་གི་དཀའ་བ་སྤྱད་ན་ད་གཟོད་མདོ་ཕྱོགས་ནས་དགེ་བཤེས་དམ་བཅའ་འཇོག་ཐུབ་ལ། རྒྱལ་བའི་བསྟན་པ་མདོ་སྔགས་ཡ་མ་བྲལ་བ་ཡིན་ན་ད་རུང་སྔགས་ཕྱོགས་ནས་སློབ་སྦྱོང་གི་དུས་ཚོད་མཁོ་བས། དཔེར་ན། ཁ་དོག་དཀར་དམར་གཅིག་པོ་རྩད་ནས་ལོ་གཉིས་གསུམ་འཕྲོ་བརླག་ཏུ་མ་བཏང་བར་སྔགས་སྦྱངས་ཁོམ་ཡོད་པ་དང་། ཞོར་དུ་སུམ་རྟགས་སྙན་གསུམ་རྒྱ་ཡིག་རྒྱ་སྐད་རྩིས་དངོས་རྫས་གསུམ་སོགས་ཀྱི་སློབ་སྦྱོང་གི་དུས་ཚོད་དང་དགེ་རྒན་བཀོད་སྒྲིག་བྱས་ན། མདོ་སྔགས་ཆ་ཚང་བ་དང་ཆོས་སྲིད་ཡ་མ་བྲལ་བར་བོད་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་སྐྱེད་སྲིང་བྱེད་ཐུབ།

5 བསམ་བློ་བློ་སྦྱོང་དང་ཡ་རབས་ཀུན་སྤྱོད་ཀྱི་བཀོད་སྒྲིག

བསམ་བློ་བློ་སྦྱོང་ཐད་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་། གླང་རི་ཐང་བའི་བློ་སྦྱོང་ཚིགས་བརྒྱད་མ། ཁ་རེག་སྒོམ་ཆེན་གྱི་ཨང་ཡིག་བདུན་ཅུ་མ། བློ་སྦྱོང་དོན་བདུན་མ་སོགས་དམ་པ་གོང་མ་རྣམས་ཀྱིས་བསམ་བློ་འདུལ་ཐབས་ཀྱི་གཞུང་ལུགས་ལ་བསླབ། དེའི་སྟེང་ནས་གཞན་རིགས་ཀྱི་ལག་ཆ་བསྡུ་ལེན་དང་ཐབས་བཀོད་ལེགས་པར་བཟོ་བཅོས་ལག་བསྟར་བྱེད་དགོས་ཤིང་། རྒྱ་ཡིག་དང་རྩིས་དངོས་རྫས་འགྱུར་སུམ་རྟགས་དག་གསུམ། སྙན་ངག རྩོམ་རིག གཞུང་ལུགས། བརྡ་སྤྲོད་རིག་པ། ལོ་རྒྱུས་སོགས། ཕ་མེས་ཀྱི་ལོ་རྒྱུས་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ་ཞེས་པ་ལྟར་མ་མཐར་བོད་པ་རང་གི་ལོ་རྒྱུས་ཤེས་དགོས། དེ་ཡང་ཁྲིད་ཚན་རེ་རེར་ལས་བྱ་འབྲི་བ་དང་དཔེ་བརྗོད་འཇོག་དགོས། མ་མཐའ་དགུ་མཐའ་ལུགས་འབྱུང་ལུགས་ལྡོག་ཏུ་ཤར་ཤར་བརྩི་ཐུབ་པའི་སྟེང་དངོས་ལུགས་དང་། རྫས་འགྱུར་སོགས་སློབ་ཁྲིད་ཀྱི་བཀོད་སྒྲིག་འཆར་གཞི་ཡང་དག་གཏན་འབེབས་བྱས་པ་ལག་ལེན་དུ་ཁེལ་ཐུབ་པ་བྱེད་དགོས།

6 སློབ་ཁྲིད་བྱེད་སྟངས།

སྲོལ་རྒྱུན་གྱི་ཁྲིད་ལུང་དབང་གསུམ་ལས་གཞན་གཤར་སྦྱང་དང་བློ་རྒྱུགས་སྤྲོད་པ་སོགས་སྲོལ་རྒྱུན་དཔེ་ཁྲིད་ཀྱི་ལག་ཆ་བཟང་བོ་རྒྱུད་འཛིན་དང་། ད་ལྟའི་འཆད་ཁྲིད་བྱེད་སྟངས་གོ་བདེ་བ། འཛིན་སླ་བ། བློ་སྒོ་འབྱེད་པའི་ཕྱོགས་ལ་ཉམས་མྱོང་བསྡུ་ལེན་བྱེད་དགོས།

7 ཁོར་ཡུག་ཆ་རྐྱེན་བསྐྲུན་དགོས།

1.དཔེ་མཛོད་ཁང་འཛུགས་དགོས། བོད་ཀྱི་དགོན་སྡེ་ནི་བོད་ཀྱི་སློབ་གྲྭ་ཡིན་ན་སློབ་གྲྭའི་ནང་དུ་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་ཆོས་ཐམས་ཅད་སྦྱང་དགོས་ལ། རྒྱ་གར་གནའ་སྲོལ་ལྟར་ཕྱི་རོལ་བའི་གྲུབ་མཐའ་ཡང་སྦྱང་དགོས་པ། ནང་སྒོས་སུ་ཆོས་ལུགས་གཅིག་ལས་མཆེད་པའི་བོད་ཀྱི་ས་དགེ་བཀའ་རྙིང་སོགས་ཀྱི་ཆོས་གཞུང་ལའང་སྦྱངས་དགོས། དེ་ཡང་གྲུབ་མཐའ་རང་གཞུང་མཁས་པ་གཞན་གཞུང་ཤེས་པ་ཞིག་བྱེད་དགོས། དེ་མིན་འཇིག་རྟེན་ཁྱིམ་པ་བས་ཆོས་ཀྱི་སྐྱབས་གནས་དང་འཇིག་རྟེན་པའི་བློ་འདྲི་སའི་ཨ་མཆོད་དུ་བཀུར་ནས་ཕྱག་འཚལ་བ་ཡིན་ན། ཕྱག་འཚལ་མཁན་ལས་ཁྱད་དུ་འཕགས་པའི་ཡོན་ཏན་ཞིག་ལྡན་དགོས། ཁྱིམ་པ་ཕོ་མོས་ཤེས་པའི་ཤེས་བྱ་དེ་ཁྱེད་ཚོས་ཤེས་དགོས་ལ། ཁྱིམ་པ་ཕོ་མོས་མི་ཤེས་པའི་ཤེས་བྱ་ཐམས་ཅད་ཀྱང་ཁྱེད་ཚོས་མཁྱེན་དགོས། དེང་སང་གི་དུས་འདིར་ང་རང་ཨ་མཆོད་ཚོ་ལས་སྐྱིད་པོ་ཞིག་སུ་ཡོད། ཅེས་ཟ་འདོད་གྲོང་ཆོག་ཏུ་རྒྱུགས་ནས་ཁ་ལག་ཉི་མར་བསྲོས་ནས་འདུག་ས་གང་ན་ཡོད།

2.རྩལ་སྦྱང་རྭ་བ་འཛུགས་དགོས། མི་ལུས་རིན་པོ་ཆེ་ཡི་ལུས་བདེ་ན་བསླབ་པ་སློབ་གཉེར་དང་ཆོས་ལ་སྒྲུབ་སྦྱོང་བྱེད་ཐུབ། དེའི་གཞི་རྩའི་ཆ་རྐྱེན་ནི་ལུས་ཕུང་སྦྱོང་བརྡར་བྱེད་རྒྱུ་དེའོ།།

3.ཚོམས་ཁང་ཆེན་མོ་ཡོད་དགོས། ཚོམས་ཁང་ཆེན་མོ་ཞིག་ཡོད་ན་སྲིད་གཞུང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་ས་ཉན་པ། དེ་འདྲ་མ་བཙུགས་པར་རྒྱལ་ཁབ་ཀྱི་ལས་བྱེད་པ་འདུ་ཁང་གྲལ་མགོ་འམ་ཡང་ན་ཁྲི་སྟེང་ལ་བསྡད་ནས་མར་སྲིད་ཇུས་བསྒྲགས་ན་འོས་མེད་པ། ངེས་པར་དུ་ཚོམས་ཁང་ཆེན་མོ་མཁོ་བས་ཡར་ཞུ་ཡི་གེ་བརྒྱབ་ན་སྲིད་གཞུང་ནས་དངུལ་རེག་ཐུབ་པ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་ཆེད་མཁས་པ་གདན་དྲངས་ནས་ཆེད་ཁྲིད་ཀྱི་གོ་སྐབས་ཐོབ་སྟེ་བསམ་བློ་བརྗེ་རེས་བྱས་ཆོག་པ། སྐབས་སྐབས་སུ་བགྲོ་གླེང་ཚོགས་འདུ་དང་གཏམ་བཤད་ཚོགས་འདུ། རྩོམ་རིག་གྱེར་འདོན་སོགས་བྱས་ཆོག བརྙན་འཕྲིན་བལྟ་བར་མཐའ་གཅིག་ཏུ་མི་འགོག་པར་ཆོས་ལུགས་དང་རིག་གནས་ཤེས་བྱའི་འཁྲབ་སྟོན་གྱི་གློག་བརྙན་འཕྲིན་ཚོམས་ཁང་ཆེན་མོ་ནས་ལྷན་དུ་སྟོན་པ།

8 སློབ་གྲྭ་ཡོད་དགོས།

སྲོལ་རྒྱུན་གྱི་དགོན་སྡེ་ན་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཡོད་པ་གཞིར་བཞག་སྟེང་དུ་སློབ་གྲྭ་ཞིག་ངེས་པར་དུ་འཛུགས་དགོས། གྲྭ་གསུམ་ཚང་ན་སྲོལ་རྒྱུན་དང་དེང་རབས་གཉིས་ཟུང་འབྲེལ་གྱི་ཕུལ་བྱུང་དགོན་སྡེ་ཞིག་ཏུ་འགྱུར་ཐུབ།

9 ལོ་རེར་ཟླ་མཚམས།

སངས་རྒྱས་ཀྱི་བསྟན་པ་ལ་ལུང་རྟོགས་གཉིས་དགོས་པས་བཤད་དང་སྒྲུབ་པའི་སྡེ་གང་ཡིན་རུང་། མ་མཐའ་ལོ་གཅིག་ནང་མཚམས་བསྙེན་སྒྲུབ་ལ་ཟླ་གཅིག་འདུག་ཐུབ་ན། ནང་སེམས་ལ་དྲོད་སྐྱེས། ཆོས་ལ་ཡིད་ཆེས་འཇུག་པའི་ཕན་ཡོན་ཡོད་པར་བསམ། དེ་མིན་ད་ལྟ་ཕྱི་ཚུལ་འདུལ་བ་ཙམ་ལས་རང་གི་ནང་སེམས་འདུལ་ཐུབ་ཀྱི་མེད་པའི་རྟགས་ཤིག་མངོན་ཡོང་གི་འདུག ད་ལྟ་ཐེ་གོ་རྒྱལ་ཁབ་དང་ཐའེ་ཝན་སོགས་སུ་དུས་ཐུང་ཟླ་བ་ཁ་ཤས་སམ་ཡང་ན་ལོ་ཁ་ཤས་སུ་སྡོམ་པ་བཟུང་ནས་དགོན་སྡེ་རུ་གྲྭ་བ་བྱས་ཏེ་ནང་ཆོས་སྦྱངས། དུས་ཡུན་ལོངས་ན་སྡོམ་པ་ཡར་ཕུལ་ནས་སླར་གྲོང་དུ་ཡོང་ནས་རང་གི་བྱ་བ་བསྒྲུབ་ཆོག་པ་ནི་ནང་ཆོས་ལ་ཟབ་སྦྱོང་དང་རྒྱུས་ལོན་བྱེད་པའི་གོ་སྐབས་ཐོབ་པ་ཡིན་པས་ཧ་ཅང་བཟང་། དེ་ཡང་ཁ་དོག་དཀར་དམར་ལོ་མང་བོར་རྩོད་པ་སོགས་ཀྱི་དུས་ཡུན་བརྩོན་བསྲི་བཅོས་ནས། ལོ7ནས30བར་དུ་གཞུང་བཀའ་པོད་སྦྱངས་ཏེ་མུ་མཐུད་སྔགས་ལམ་ཞུགས་ན་མི་ཚེ་འདང་བར་སྙམ། དེ་མིན་མདོ་ལ་མི་ཚེ་ཟད་ནས་སྔགས་ལ་སྦྱངས་པའི་ཆུ་ཚོད་མེད་དུས་ཆོས་རྒྱུད་ལ་ཉམས་སུ་ལེན་མ་ཐུབ་པས་རྟོག་གེ་མགོ་མཁྲེགས་ཟེར་བ་ལྟར་མཚན་ཉིད་པ་སྐམ་པོ་རང་རེད། འདི་ནི་ད་ལྟའི་སྤྱི་ཚོགས་སྟེང་ན་གྲྭ་བ་དང་དགེ་བཤེས་མང་བོ་སྐྱ་སར་བབས་ནས་སླར་ཡང་རང་གིས་སྦྱངས་པའི་ཡོན་ཏན་ངོམ་ཆེད་ཆོས་ལ་རྨ་འབྱིན་པ་མང་བོ་མཐོང་བས། སེང་གེ་རང་སྟེང་གི་འབུས་ཟ་བའི་ལུང་བསྟན་ཡང་ཡིད་ལ་ཝལ་གྱིས་འཆར་ཡོང་། དེ་མིན་གྲོང་དུ་བབས་དུས་གྲྭ་ལོག་སྡོམ་ཤོར་གྱི་ལྟ་བ་དང་མིང་ངན་མི་ལེན་པར་ཁོང་ཚོས་མུ་མཐུད་དུ་ཞིབ་འཇུག་སློབ་མ་དང་། ཡང་ན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པར་བྱ་བ་སྒྲུབ་ཐུབ་པ་མུ་མཐུད་དུ་ལྟ་བ་མ་ལོག་པར་སེམས་ཅན་ལ་ཞབས་ཞུ་སྒྲུབ་གང་ཐུབ་ལག་ཏུ་བླངས་ཆོག དེ་མིན་མི་ལོ་བཅུ་ཕྲག་འགའི་དགོན་སྡེ་ནས་རྩམ་སྐྱ་ཆུ་སྐྱ་བཏང་ནས་སྦྱངས་པའི་ཡོན་ཏན་ཕངས་པའི་བློས་སྙིང་ཁུང་དྲོན་མོའི་གཏམ་དུ་ཟད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-05

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།