ཀྲུའུ་ཨེན་ལེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུའུ་ཨེན་ལེ།
ཀྲོའུ་ཨེན་ལེ(སྤྱི་ལོ1898ལོའི་ཟླ3པའི་ཚེས5ནས་སྤྱི་ལོ1976ལོའི་ཟླ1པོའི་ཚེས8བར)ཕ་ཡུལ་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་ཡིན། སྤྱི་ལོ1898ལོའི་ཟླ3པའི་ཚེས5ཉིན་ཅང་སུའུ་ཧོའེ་ཨན་ནས་སྐྱེས། སྤྱི་ལོ1921ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གཙོ་བོ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གསར་འཛུགས་བྱེད་མཁན་གཙོ་བོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་དབུ་བརྙེས་པའི་བྱས་རྗེས་གཟེངས་སུ་ཐོན་པ། བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མི་རབས་དང་པོའི་ཁོངས་མི་གལ་ཆེན་བཅས་རེད། སྤྱི་ལོ1976ལོའི་ཟླ1པོའི་ཚེས8ཉིན་པེ་ཅིན་དུ་སྐུ་གཤེགས། ཁོང་གི་གསུང་རྩོམ་གཙོ་བོ《ཀྲོའུ་ཨེན་ལེ་ཡི་གསུང་རྩོམ་གཅེས་བསྡུས》སུ་བསྡུས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
周恩来
དད་མོས།
གུང་ཁྲན་རིང་ལུགས།
མིང་གཞན།
ཝུའུ་ཧའོ།
གྲུབ་འབྲས་གཙོ་བོ།
ཏང་གསར་འཛུགས་མཁན་གྱི་གྲས་དང་འགོ་ཁྲིད་གཙོ་བོ། མི་དམངས་དམག་དཔུང་གསར་འཛུགས་བྱེད་མཁན་དང་འགོ་ཁྲིད་པ། ཀྲུང་གོར་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱས་པ། ཏང་གི་འཐབ་ཕྱོགས་གཅིག་གྱུར་ལ་བྱས་རྗེས་རླབས་ཆེན་བཞག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཕྱི་འབྲེལ་གྱི་རྨང་གཞི་འདིང་མཁན།
རྒྱལ་ཁོངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར།
སྐྱེས་ལོ།
སྤྱི་ལོ1898ལོའི་ཟླ3པའི་ཚེས5ཉིན།
གཤེགས་ལོ།
སྤྱི་ལོ1976ལོའི་ཟླ1པོའི་ཚེས8ཉིན།
ཚབ་བྱེད་བརྩམས་ཆོས།
《ཀྲོའུ་ཨེན་ལེ་ཡི་གསུང་རྩོམ་གཅེས་བསྡུས》
སློབ་ཐོན་སློབ་གྲྭ
ཐེན་ཅིན་ནན་ཁའེ་སློབ་གྲྭའི་སློབ་ཆེན་པུའུ།
1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1917ལོར་ཐེན་ཅིན་ནན་ཁའེ་སློབ་གྲྭ་ནས་མཐར་ཕྱིན་རྗེས་འཇར་པན་དུ་སློབ་གཉེར་དུ་སོང་ནས་མར་ཁེ་སི་རིང་ལུགས་དང་འབྲེལ་འདྲིས་བྱེད་འགོ་བརྩམས་ཤིང་། བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་།

སྤྱི་ལོ1919ལོར་རྒྱལ་ནང་དུ་ལོག་པ་དང་། ཟླ9པར་ནན་ཁའེ་སློབ་གྲྭ་ཆེན་མོར་ཞུགས། ལྔ་བཞིའི་ལས་འགུལ་ཁྲོད་ཐེན་ཅིན་སློབ་མའི་ལས་རིགས་ཀྱི་འགོ་ཁྲིད་པར་གྱུར་པར་མ་ཟད། ལས་འགུལ་ཁྲོད་ཀྱི་མི་སྣ་གཞན་དག་དང་མཉམ་དུ་ཡར་ཐོན་ཚོགས་པའི་གོ་རྟོགས་ཚོགས་པ་རྩ་འཛུགས་བྱས།

སྤྱི་ལོ1920ལོར་ཡོ་རོབ་གླིང་དུ་ལས་སློབ་གཉིས་བརྩོན་བྱེད་པར་ཕྱིན།

སྤྱི་ལོ1921ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་གུང་ཁྲན་རིང་ལུགས་ཀྱི་དད་མོས་ཇེ་བརྟན་དུ་བཏང་། སྤྱི་ལོ1922ལོར་ཀྲའོ་ཧྲི་ཡན་སོགས་ཀྱིས་ཡོ་རོབ་གླིང་དུ་སྡོད་པའི་ཀྲུང་གོའི་ལོ་ཆུང་གུང་ཁྲན་ཏང(ཕྱི་ལོར་ཀྲུང་གོ་སྤྱི་ཚོགས་རིང་ལུགས་ན་གཞོན་ཚོགས་པ་ཡོ་རོབ་གླིང་དུ་སྡོད་པའི་ཡན་ལག)རྩ་འཛུགས་བྱས། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ན་གཞོན་ཚོགས་པའི་ཡོ་རོབ་གླིང་དུ་སྡོད་པའི་ཀྲི་པུའུ་ཧྲུའུ་ཅི་དང་། ཀྲུང་གུང་ཡོ་རོབ་ཏུ་སྡོད་པའི་ཀྲི་པུའུ་ཡི་འགོ་ཁྲིད་འཁུར།  

སྤྱི་ལོ1923ལོར་གོ་མིན་ཏང་གི་མངའ་འོག་ཏུ་གོ་མིན་ཏང་ཕ་རི་སིའི་ཡན་ལག་པུའུ་ཡི་གྲ་སྒྲིག་པ་དང་། གོ་མིན་ཏང་ཡོ་རོབ་ཏུ་སྡོད་པའི་ཀྲི་པུའུ་ཡི་ཆེད་མངགས་པ། ལག་བསྟར་ལས་ཚབ་པུའུ་ཀྲང་སོགས་ཀྱི་འགན་བཞེས། ཡོ་རོབ་ཏུ་སྡོད་པའི་གོ་མིན་ཏང་གི་ཀྲི་པུའུ་ཡི་ལས་དོན་གཙོ་སྐྱོང་བྱས།

སྤྱི་ལོ1924ལོའི་སྟོན་ཀར་ཕྱིར་རྒྱལ་ནང་དུ་ལོག གོ་གུང་མཉམ་འབྲེལ་གྱི་སྐབས་སུ་ཀོང་ཏུང་ཧོང་ཕུའུ་དམག་དཔོན་སློབ་གྲྭའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་དང་། རྒྱལ་དམངས་གསར་བརྗེའི་དམག་གི་ཅུན་ཤོག་དང་པོའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན། ཅུན་ཤོག་དང་པོའི་ཏང་གི་འཐུས་མི་གཞོན་པ་སོགས་ཀྱི་འགན་ཁུར་བར་མ་ཟད། སྔ་གཞུག་ཏུ་ཀྲུང་གུང་ཀོང་ཏུང་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། རྒྱུན་ལས་ཨུ་ཡོན་དང་དམག་དོན་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས། ཐེངས་གཉིས་ལ་དམག་ཤེད་ཅན་ཁྲེན་ཅུང་མིན་འདུལ་བར་ཞུགས་ཏེ། སྤྱོད་གོ་ཆོད་པའི་དམག་དཔུང་གི་ཆབ་སྲིད་ལས་ཀའི་ལམ་ལུགས་བཙུགས།

སྤྱི་ལོ1925ལོའི་ཟླ8པའི་ཚེས8ཉིན། ཀོང་ཀྲོའུ་ནས་ཏེང་ཡིན་ཁྲའོ་དང་གཉེན་སྒྲིག་བྱས། སྤྱི་ལོ1927ལོའི་ཟླ3པར་བྱང་འདུལ་བྱེད་པའི་རྒྱལ་དམངས་གསར་བརྗེ་དམག་ཧྲང་ཧའེ་ལ་ཐོན་ཉེ་བའི་གནས་ཚུལ་འོག ཧྲང་ཧའེ་བཟོ་པའི་དྲག་པོའི་འོས་ལངས་ཐེངས་གསུམ་པར་འགོ་ཁྲིད་བྱས་པ་དང་། ཧྲང་ཧའེ་རུ་སྡོད་པའི་པེ་དབྱང་དམག་ཤེད་ཅན་གྱི་དམག་དཔུང་ཕྱིར་བསྐྲད་ཅིང་། ལོ་དེའི་ཟླ5པར་ཀྲུང་གུང་སྐབས་ལྔ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྟེང་ཀྲུང་དབྱང་ཨུ་ཡོན་ལ་བདམས། ཟླ7པའི་ཚེས12ཉིན་ཀྲུང་གུང་ཀྲུང་དབྱང་བསྐྱར་སྒྲིག་བྱས་ཤིང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གནས་སྐབས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས། གོ་གུང་མཉམ་འབྲེལ་ཁྱོན་ཡོངས་ནས་འཐོར་རྗེས། ཧོ་ལུང་དང་ཡེ་ཐིང་། ཀྲུའུ་ཏེ། ལིའུ་པོ་ཁྲེང་སོགས་དང་མཉམ་དུ་ཟླ8པའི་ཚེས1ཉིན་ཅང་ཞིའི་ནན་ཁྲང་དུ་དྲག་ཆས་འོས་ལངས་ལ་འགོ་ཁྲིད་བྱས་ཏེ། ཀྲུང་གུང་གཡུལ་སའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1928ལོར་ཀྲུང་གུང་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དུ་བདམས། རྗེས་སུ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགོ་འཛིན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་གིས་ཧྲང་ཧའེ་རུ་གསང་བའི་བྱ་བའི་བདེ་འཇགས་ལ་ཁག་ཐེག་དང་། ས་ཁུལ་སོ་སོའི་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་དྲག་པོའི་འཐབ་རྩོད་ལ་འབྲེལ་འདྲིས་དང་མཛུབ་སྟོན་བྱེད་ཆེད། གོ་མིན་ཏང་གི་དབང་སྒྱུར་ས་ཁུལ་གྱི་གསང་བའི་བྱ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད། དུས་རིམ་དེའི་དུས་ཚོད་མང་ཆེ་བའི་ནང་ཁོང་ནི་དོན་དངོས་ཐོག་ཀྲུང་གུང་ཀྲུང་དབྱང་གི་གཙོ་འགན་འཁུར་མཁན་གཙོ་བོ་རེད།

སྤྱི་ལོ1931ལོའི་ཟླ12པར་ཧྲང་ཧའེ་ནས་བྲལ་ཏེ་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་བསྐྱོད་པ་དང་། སྔ་རྗེས་སུ་ཀྲུང་དབྱང་སུའུ་ཁུལ་གྱི་ཧྲུའུ་ཅི་དང་། ཀྲུང་གོའི་བཟོ་ཞིང་དམར་དམག་གི་སྤྱི་ཁྱབ་ཆབ་སྲིད་ཨུ་ཡོན་དང་ངོས་ཕྱོགས་དཔུང་ཚོགས་དང་པོའི་སྤྱི་ཁྱབ་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་དང་། ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1933ལོའི་དཔྱིད་ཀར་ཀྲུའུ་ཏེ་དང་མཉམ་དུ་དམར་དམག་ལ་འགོ་ཁྲིད་དང་བཀོད་འདོམས་བྱས་ཏེ་གོ་མིན་ཏང་གི་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི“བསྐོར་བཅོམ”ཐེངས་བཞི་པ་ལས་རྣམ་པར་རྒྱལ།

སྤྱི་ལོ1934ལོའི་ཟླ10པར་རྒྱང་སྐྱོད་ལ་ཞུགས།.jpg

སྤྱི་ལོ1935ལོའི་ཟླ1པོར་ཀུའེ་ཀྲོའུ་ཙུན་དབྱི་རུ་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་ཐོག མའོ་ཙེ་ཏུང་གི་ཡང་དག་པའི་འདོད་ཚུལ་ལ་རྒྱབ་སྐྱོར་བྱས་པ་དང་། དོན་དངོས་སུ་མའོ་ཙེ་ཏུང་གིས་མཚོན་པའི་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་གསར་པ་གཏན་ལ་ཕབ་པར་ནུས་པ་གལ་ཆེན་ཐོན་པར་མ་ཟད། ཀྲུང་དབྱང་གི་དམག་དོན་འགོ་ཁྲིད་པ་གཙོ་བོའི་གྲས་ཤིག་ཀྱང་ཡིན།

སྤྱི་ལོ1936ལོའི་ཟླ12པར་ཀྲང་ཞུའེ་ལིའང་དང་དབྱང་ཧུའུ་ཁྲེང་གཉིས་ཀྱིས་དྲག་ཤུགས་ལ་བརྟེན་ནས“ཞི་ཨན་དུས་འགྱུར”བསླངས་རྗེས། ཀྲུང་གུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་ཀྱི་འགན་ཁུར་ནས་ཆིན་པང་ཞན་དང་ཡེ་ཅན་ཡིང་སོགས་ཞི་ཨན་དུ་ཅང་ཅེ་ཧྲི་དང་གྲོས་མོལ་བྱས་ཤིང་། ཀྲང་ཞུའེ་ལིའང་དང་དབྱང་ཧུའུ་ཁྲེང་གཉིས་དང་མཉམ་དུ་ཅང་ཅེ་ཧྲི་ལ་བཙན་ཤེད་ཀྱིས“ནང་འཁྲུག་མཚམས་འཇོག་ཏུ་བཅུག་ནས་གཅིག་གྱུར་གྱིས་འཇར་འགོག་བྱེད་པའི”འདོད་ཚུལ་དང་ལེན་བྱེད་དུ་བཅུག་པས། མཐུན་སྒྲིལ་གྱིས་འཇར་འགོག་གི་རྣམ་པ་ཆགས་པར་སྐུལ་འདེད་བྱས།

འཇར་འགོག་དམག་འཁྲུག་གི་སྐབས་སུ་ཁོང་གིས་ཀྲུང་གུང་གི་ཚབ་བྱས་ཏེ་དུས་ཡུན་རིང་པོར་ཁྲུང་ཆིན་དང་གོ་མིན་ཏང་གིས་དབང་སྒྱུར་བྱེད་པའི་ས་ཁུལ་གཞན་དག་ཏུ་འཐབ་ཕྱོགས་གཅིག་གྱུར་གྱི་ཕྱག་ལས་གནང་བ་དང་། ཧུར་བརྩོན་ཆེན་པོས་ཕྱོགས་གང་ཅིའི་ཐད་ཀྱི་འཇར་འགོག་རྒྱལ་སྐྱོབ་ཀྱི་སྟོབས་ཤུགས་ལ་མཐུན་སྒྲིལ་བྱས་པར་མ་ཟད། སྔ་རྗེས་སུ་ཀྲུང་གུང་ཀྲུང་དབྱང་འབྲི་ཆུ་ཅུས་དང་ལྷོ་ཕྱོགས་ཅུས་ཀྱི་ལས་དོན་ལ་འགོ་ཁྲིད་གནང་བ་རེད། ཁོང་གིས་ཧུར་བརྩོན་གྱིས་དམངས་གཙོའི་ཏང་ཤོག་དང་། ཤེས་ཡོན་ཅན་ཡར་ཐོན། རྒྱལ་སྤྱིའི་མཛའ་མཐུན་མི་སྣ་བཅས་ལ་མཐུན་སྒྲིལ་བྱས་ཏེ། གུང་རྒོལ་གྱི་རླབས་ཟུར་གྱེན་ལྡོག་བཀག་འགོག་དང་། འཇར་པན་ལ་མགོ་འདོགས་ཀྱི་ཉེན་ཁ་སེལ་བ་རེད།

སྤྱི་ལོ1945ལོའི་ཀྲུང་གུང་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དང་། མའོ་ཙེ་ཏུང་དང་། ཀྲུའུ་ཏེ། ལིའུ་ཧྲའོ་ཆི། རེན་པི་ཧྲི་བཅས་ཀྱིས་མའོ་ཙེ་ཏུང་གིས་གཙོས་པའི་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་བཙུགས་པ་རེད། འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། ནང་འཁྲུག་འགོག་པའི་ཆེད་དུ། ཀྲུང་གུང་འཐུས་ཚབ་ཚོགས་པས་གོ་མིན་ཏང་དང་གྲོས་མོལ་བྱས་ཤིང་། གོ་མིན་ཏང་གི་དབང་སྒྱུར་ས་ཁུལ་གྱི་ཏང་གི་བྱ་བ་དང་དམག་དོན་བྱ་བ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་བཅས་ལ་འགོ་ཁྲིད་བྱས།

སྤྱི་ལོ1946ནས་བཟུང་། ཀྲུང་གུང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་དང་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྱི་ཚབ་བྱས་ཏེ། མའོ་ཙེ་ཏུང་གིས་བཅིངས་འགྲོལ་དམག་འཁྲུག་སྒྲིག་འཛུགས་དང་བཀོད་འདོམས་བྱེད་པར་རམ་འདེགས་བྱས་པ་དང་། དུས་མཚུངས་སུ་གོ་མིན་ཏང་གི་དབང་སྒྱུར་ས་ཁུལ་གྱི་གསར་བརྗེའི་ལས་འགུལ་ལ་མཛུབ་སྟོན་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཀྲོའུ་ཨེན་ལེ་ཡིས་ཐོག་མཐའ་བར་གསུམ་དུ་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་པ་དང་། སྤྱི་ལོ1949ལོ་ནས་སྤྱི་ལོ1958ལོའི་བར་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་འགན་འཁུར་བ་དང་། ཀྲུང་གུང་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། སྐབས་བརྒྱད་པ་དང་བཅུ་པའི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་སུ་བདམས་ཐོན་བྱུང་། སྲིད་གྲོས་སྐབས་དང་པོའི་ཀྲུའུ་ཞི་གཞོན་པ་དང་། སྐབས་གཉིས་པ་དང་། གསུམ་པ། བཞི་པའི་ཀྲུའུ་ཞིར་བདམས། ཏང་དང་རྒྱལ་ཁབ་ཀྱི་ནམ་རྒྱུན་གྱི་ལས་ཀ་ཐག་གཅོད་བྱེད་པའི་ལས་འགན་ལྗིད་པོ་འཁུར་ཡོད།

སྤྱི་ལོ1949ལོ་ནས་བཟུང་ཁོས་རྒྱལ་ཁའི་ངང་རྒྱལ་དམངས་དཔལ་འབྱོར་སླར་གསོ་བྱེད་པའི་བྱ་བ་རྩ་འཛུགས་དང་འགོ་ཁྲིད་བྱས། སྤྱི་ལོ1952ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་བཟོ་ལས་དང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ཚང་མ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།

སྤྱི་ལོ1953ལོ་ནསསྤྱི་ལོ1957ལོའིབར་གྱི“ལོ་ལྔའི་འཆར་གཞི་དང་པོའི”སྐབས་སུ། ཁོང་གིས་རྣམ་གྲངས156འཛུགས་སྐྲུན་གྱིས་ལྟེ་བ་བྱས་པའི་བཟོ་ལས་འཛུགས་སྐྲུན་ལ་འགོ་ཁྲིད་བྱས་ཏེ། ཀྲུང་གོ་བཟོ་ལས་ཅན་དུ་འགྱུར་བར་ཐོག་མའི་རྨང་གཞི་བཙུགས། སྤྱི་ལོ1954ལོར་ཁོང་གིས་དེང་རབས་བཟོ་ལས་དང་། ཞིང་ལས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། རྒྱལ་སྲུང་བཅས་དེང་རབས་ཅན་བཞི་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་བཏོན་གནང་བ་དང་། 《སྤྱི་ལོ1956ལོ་ནསསྤྱི་ལོ1967ལོའི་བར་གྱི་ཚན་རིག་འཕེལ་རྒྱས་གཏོང་བའི་ཇུས་འགོད》སྒྲིག་འཛུགས་དང་གཏན་འབེབས་གནང་བས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་གནང་བ་རེད།

སྤྱི་ལོ1961ལོ་ནས་སྤྱི་ལོ1965བར་མཆོང་སྐྱོད་ཆེན་པོ་ལས་བྱུང་བའི་ནོར་འཁྲུལ་ཡོ་སྲང་དང་དཔལ་འབྱོར་དཀའ་ངལ་གྱི་རྣམ་པ་བསྒྱུར་བའི་ཆེད་དུ། ཁོང་དང་ལིའུ་ཧྲའོ་ཆི། ཏེང་ཞའོ་ཕིང་བཅས་ཀྱིས་རྒྱལ་དམངས་དཔལ་འབྱོར་ལེགས་སྒྲིག་བྱེད་པའི་བྱ་བར་འགོ་ཁྲིད་གནང་བས། རྒྱལ་དམངས་དཔལ་འབྱོར་རིམ་བཞིན་སླར་གསོ་དང་འཕེལ་རྒྱས་བྱུང་། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་འགག་རྩ་ནི་ཚན་རིག་ལག་རྩལ་དེང་རབས་ཅན་དུ་འགྱུར་རྒྱུར་ཐུག་ཡོད། དཔལ་འབྱོར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་། ཀྲུང་གོའི་དོན་དངོས་ལ་གཞིགས་ནས་ཧུར་བརྩོན་བརྟན་པོ་དང་། ཕྱོགས་བསྡུས་དོ་མཉམ་བཅས་བྱེད་དགོས་པའི་འདོད་ཚུལ་འཛིན་གྱིན་ཡོད། ཁོང་གིས་ཆུ་བེད་འཛུགས་སྐྲུན་དང་རྒྱལ་སྲུང་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་དམིགས་བསལ་དོ་ཁུར་གནང་བ་དང་འབྲེལ་དེའི་ཐད་གྲུབ་འབྲས་ཀྱང་ཐོབ་ཡོད། ཁོང་གིས་སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་། ཤེས་ཡོན་ཅན་གྱི་ལས་དོན། རིག་གནས་ཀྱི་ལས་དོན། མི་དམངས་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བཅས་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བ་དང་། ལས་ཀ་འདི་དག་ལ་མཛུབ་སྟོན་གནང་བས་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

ཁོང་ཕྱི་འབྲེལ་གྱི་ཐབས་ཇུས་གལ་ཆེན་གཏན་འབེབས་དང་དངོས་སུ་ལག་བསྟར་བྱེད་པར་ཞུགས། སྤྱི་ལོ1950ལོར་ཁྲའོ་ཞན་དམག་འཁྲུག་ལངས་པ་དང་། ཁོང་གིས་མའོ་ཙེ་ཏུང་ལ་རམ་འདེགས་བྱས་ཏེ་ཀྲུང་གོ་མི་དམངས་ཀྱིས་དམག་འཐབ་བྱེད་པར་བཀོད་འདོམས་བྱས་པར་མ་ཟད། རྒྱབ་ཕྱོགས་ཞབས་འདེགས་འགན་སྲུང་གི་རྩ་འཛུགས་བྱ་བའི་འགན་ཁུར་ཞིང་། ཀྲུང་གོའི་འཐུས་ཚབ་ཚོགས་པའི་གྲོས་མོལ་ལ་འགོ་ཁྲིད་བྱས།

སྤྱི་ལོ1954ལོར་ཀྲུང་གོའི་འཐུས་མི་ཚོགས་པ་ཁྲིད་ནས་རི་ནེ་ཝའི་ཚོགས་འདུར་ཞུགས་པ་དང་གྲོས་མོལ་བྱས་པ་བརྒྱུད་གྲོས་མཐུན་བྱུང་ནས་ཝེ་ཐེ་ནམ(ལྷོ་ཕྱོགས་ཕུད)དང་། ལོ་སི། ཁམ་ཕུ་ཁྲེའི་རྒྱལ་ཁབ་གསུམ་གྱི་རང་བཙན་ལ་རྒྱལ་སྤྱིའི་ཁས་ལེན་ཐོབ་པ་རེད། ཁོང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་ཚད་གཞིའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་བཏོན་གནང་བ་རེད།

སྤྱི་ལོ1955ལོར་ཝན་ལུང་གྲོས་ཚོགས་ཐོག་ཞི་བདེ་མཉམ་གནས་ཀྱི་འདོད་ཚུལ་དང་། མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གྲོས་མོལ་གཅིག་མཐུན་བཅས་བྱས་ཏེ་ཀྲུང་གོའི་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་ཧུར་ཐག་བསྟར་ཡོད། ཁོང་གིས་སྔ་རྗེས་སུ་ཨེ་ཤ་ཡ་དང་། ཨ་ཧྥེ་རི་ཁ། ཡོ་རོབ་བཅས་ཀྱི་རྒྱལ་ཁབ་ཁག་ལ་འཚམས་འདྲི་གནང་མྱོང་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་ནས་ཡོང་བའི་འགོ་ཁྲིད་པ་དང་མཛའ་མཐུན་མི་སྣ་འབོར་ཆེན་ལ་སྣེ་ལེན་གནང་མྱོང་། ཀྲུང་གོའི་མི་དམངས་དང་འཛམ་གླིང་མི་དམངས་བར་གྱི་མཛའ་མཐུན་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ཐོག་ཀྲུང་གོའི་ཤུགས་རྐྱེན་ཆེ་རུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད།.jpg

“རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ། ཁོང་གིས་ཧ་ཅང་དཀའ་ཁག་ཆེ་བའི་གནས་བབ་ཁྲོད།“རིག་གནས་གསར་བརྗེ་ཆེན་པོའི”རྐྱེན་གྱིས་བཟོས་པའི་གྱོང་གུད་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པར་འབད་པ་བྱས། འགོ་ཁྲིད་ལས་བྱེད་པ་དང་དམངས་གཙོའི་མི་དྲག་འབོར་ཆེན་སྲུང་སྐྱོབ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་སླར་གསོ་དང་དོན་འཁྱོལ་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད། ཁོས་ལིན་པིའོ་དང་ཅང་ཆིང་ཚོགས་ཁག་དང་འཐབ་རྩོད་སྣ་ཚོགས་བྱས་ཤིང་། ལིན་པིའོ་དང་ཅང་ཆིང་ཚོགས་ཁག་གི་ཁ་བྲལ་དང་དབང་འཕྲོག་ལྐོག་གཡོའི་བྱ་འགུལ་ཁྲོད་དུ་གནས་བབ་ཚོད་འཛིན་དང་གཏན་འཇགས་སུ་གཏོང་བའི་ནུས་པ་གལ་ཆེན་ཐོན། ཁོང་གིས་ཕྱི་འབྲེལ་གྱི་རྣམ་པ་གསར་འབྱེད་དང་། ཀྲུང་གོ་དང་ཨ་རིའི་བར་གྱི་ཞི་ལྷོད་དང་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བ། མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཀྲུང་གོའི་གདན་ཐོབ་སླར་གསོ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད།

སྤྱི་ལོ1972ལོར་ཁོ་ལ་ལྒང་སྐྲན་ཕོག་ཡོད་པ་ཤེས་རྗེས། སྔར་བཞིན་བྱ་བ་རྒྱུན་འཁྱོངས་བྱས། སྤྱི་ལོ1975ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག ཀྲུང་གོ་གུང་ཁྲན་ཏང་གི་ཚབ་བྱས་ནས་ཡང་བསྐྱར་ཀྲུང་གོར་བཟོ་ལས་དང་། ཞིང་ལས། རྒྱལ་སྲུང་། ཚན་རིག་ལག་རྩལ་བཅས་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་དམིགས་འབེན་བཏོན་པས། མི་དམངས་ཀྱིས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ལ་སྐུལ་མ་བཏང་། སྤྱི་ལོ1976ལོའི་ཟླ1པོའི་ཚེས8ཉིན་པེ་ཅིན་དུ་སྐུ་གཤེགས། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཧུར་བརྩོན་གྱིས་བྱ་བ་སྒྲུབ་པ་དང་། རང་གཅུན་ནན་པོ་བྱེད་པ། མང་ཚོགས་ལ་སེམས་ཁུར་བྱེད་པ་བཅས་ཀྱི་རྐྱེན་གྱིས“མི་དམངས་ཀྱི་ཙུང་ལི་བཟང་པོ”ཞེས་འབོད་ཀྱི་ཡོད། སྤྱི་ལོ1976ལོའི་ཟླ4པའི་ཆིན་མེན་དུས་ཚིགས་ཀྱི་སྔ་གཞུག་ཏུ། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། ཏང་ཡོན་དང་། བཟོ་པ། སློབ་གྲྭ་བ། ལས་བྱེད་པ། ཐ་ན་དམག་མི་དང་ཞིང་པ་བཅས་ཀྱིས་ཁོ་ལ་དྲན་གསོ་ཞུ་ཆེད་དང་། སྐབས་དེའི་སྲིད་དབང་འཛིན་མཁན་གྱི“མི་བཞི་ཤོག་ཁག”ལ་ངོ་རྒོལ་བྱེད་ཆེད་རང་འཕེལ་གྱི་འདུ་འཛོམས་བྱས་ཏེ་རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་ཅང་ཆིང་གསར་བརྗེ་ངོ་རྒོལ་ཚོགས་པར་ངོ་རྒོལ་བྱེད་པའི་རྒོལ་གཏམ་གཏོང་བའི་ལས་འགུལ་ཞིག་ཏུ་འཕེལ་རྒྱས་བཏང་བ་དེས་སྤྱི་ལོ1976ལོའི་ཟླ10པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གསར་བརྗེར་ངོ་རྒོལ་བྱེད་མཁན་ཅང་ཆིང་ཚོགས་ཁག་རྡུལ་དུ་བརླག་པར་མང་ཚོགས་ཀྱི་རྨང་གཞི་བཏིང་ཡོད།

2 བྱས་རྗེས་གཙོ་བོ།

དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་དམག་དཔུང་གསར་འཛུགས་དང་། གསར་བརྗེའི་འཐབ་ཕྱོགས་གཅིག་གྱུར་གསར་འཛུགས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་བཅས་ཀྱི་ཀྲུང་གོ་གསར་པར་མཛད་རྗེས་ཆེན་པོ་བཞག་གནང་ཡོད། གསར་བརྗེ་ཆེན་པོའི་ཁྲོད་དུ་ཁོང་གིས་རྒྱལ་དམངས་ཀྱི་དམག་སྲིད་ལས་དོན་དང་། ཀོང་ཏུང་གི་ས་གནས་སྲིད་དབང་གི་ལས་དོན། རྒྱལ་ཁབ་ཕྱི་ནང་གི་ཧ་ལས་པའི་ཧྲང་ཧའེ་བཟོ་པའི་དྲག་པའི་འོས་ལངས་ལ་འགོ་ཁྲིད་ཕུལ་དུ་བྱུང་བ་གནང་ནས་རང་རེའི་ཏང་གིས་དྲག་པོའི་འཐབ་རྩོད་ཀྱི་གལ་ཆེའི་རང་བཞིན་ངོས་འཛིན་སྔ་ཤོས་དང་དམག་དོན་གྱི་ལས་ཀ་སྔ་ཤོས་བྱེད་མཁན་གྱི་འགོ་ཁྲིད་པའི་གྲས་ཤིག་ཏུ་གྱུར་པ་རེད། གསར་བརྗེ་ཆེན་པོ་ཕམ་རྗེས། ཁོང་གིས་འཛམ་གླིང་དུ་སྐད་གྲགས་ཆོད་པའི་ནན་ཁྲང་འོས་ལངས་བསླངས་པ་དང་། དྲག་ཆས་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་ལ་ངོ་རྒོལ་བྱེད་པའི་མེ་མདའ་དང་པོ་བརྒྱབ་པ་དང་། ཏང་གིས་འགོ་ཁྲིད་བྱས་པའི་མི་དམངས་དམག་དཔུང་དུས་དེ་ནས་བཟུང་དབུ་བརྙེས་པ་རེད། ཏང་གི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་རྗེས། ཁོང་ཉིད་དོན་དངོས་ཐོག་ཏང་ཀྲུང་དབྱང་གི་ལས་དོན་གཙོ་སྐྱོང་གནང་མཁན་གྱི་འགོ་ཁྲིད་པ་ཡིན་པའི་ཆ་ནས་ཉེན་ཁ་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་སྤྱང་གྲུང་ལྡན་ཞིང་དཔའ་ངར་ཆེ་བའི་སྒོ་ནས་ཏང་གི་ཀྲུང་དབྱང་ལས་ཁུངས་སྲུང་སྐྱོང་དང་། ཏང་གི་འགོ་ཁྲིད་རྐང་འཛིན་པ་འབོར་ཆེན་སྲུང་སྐྱོང་། ཏང་གི་གསང་བའི་ལས་དོན་གོང་སྤེལ། བཟོ་ཞིང་དྲག་དཔུང་ལ་རྒྱབ་སྐྱོར་བཅས་བྱས་པ་རེད། ཁོང་གིས་ཀྲུང་གོའི་གསར་བརྗེའི་ཡང་དག་པའི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས“གྲོང་གསེབ་ལྟེ་གནས”ཀྱི་བསམ་བློ་ཁ་གསལ་བཏོན་ནས“གྲོང་གསེབ་ཀྱིས་གྲོང་ཁྱེར་བསྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི”ལམ་བུ་ཆགས་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད། ཅང་ཞིའི་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་ཁོང་གིས་བློ་མཐུན་ཀྲུའུ་ཏེ་སོགས་དང་མཉམ་དུ“བསྐོར་བཅོམ”ཐེངས་བཞི་པར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བཀོད་འདོམས་ལེགས་པར་གནང་ནས་དཔུང་ཚོགས་ཆེན་པོས་འཇབ་རྒོལ་ཚར་གཅོད་དམག་འཐབ་བྱས་པའི་ཉམས་མྱོང་གསར་པ་བཏོད་པ་རེད།

དམར་དམག་རྒྱང་སྐྱོད་བྱེད་པའི་ལམ་དུ། ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་ཙུན་དབྱི་གྲོས་ཚོགས་ཐོག་ཁོང་གིས་དར་ཆ་གསལ་སྒྲེང་གིས་བློ་མཐུན་མའོ་ཙེ་ཏུང་གི་ཡང་དག་པའི་དགོངས་པར་རྒྱབ་སྐྱོར་གནང་ནས། བློ་མཐུན་མའོ་ཙེ་ཏུང་གི་དམར་དམག་དང་ཏང་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་གཏན་འཁེལ་དང་། ཉེན་ཁ་དང་ཉེན་ཁ་ཆེན་པོའི་ཁྲོད་དུ་དམར་དམག་སྐྱོབ་རོགས་དང་ཏང་སྐྱོབ་ཆེད་ནུས་པ་གལ་ཆེན་བཏོན་གནང་བ་རེད། ཞི་ཨན་དུས་འགྱུར་བྱུང་རྗེས། མི་རིགས་འཇིག་ཉེན་ཆེ་བའི་འགག་རྩར་ཐུག་པའི་དུས་སྐབས་སུ། ཁོང་གིས་ཏང་ཀྲུང་དབྱང་གི་གཏན་ཁེལ་བའི་བྱེད་ཕྱོགས་ལྟར། ཞི་ཨན་དུ་ཕེབས་ཏེ། ཆེས་རྙོག་འཛིང་ཆེ་ཞིང་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་ཞི་ཨན་དུས་འགྱུར་ཞི་བས་ཐག་གཅོད་པར་སྐུལ་འདེད་བཏང་བས། གོ་གུང་མཉམ་ལས་དང་མཐུན་སྒྲིལ་སྒོས་འཇར་འགོག་བྱེད་པའི་རྣམ་པ་གསར་པ་ཆགས། འཇར་འགོག་དམག་འཁྲུག་གི་སྐབས་སུ་ཁོང་གིས་ང་ཚོའི་ཏང་གི་ཚབ་གནང་ནས་དུས་ཡུན་རིང་པོར་གོ་མིན་ཏང་གི་དབང་སྒྱུར་ས་ཁུལ་དུ་ཕྱག་ལས་གནང་རྒྱུ་མཐའ་འཁྱོངས་དང་། གོ་མིན་ཏང་གི་དབང་འཛིན་ལས་ཁུངས་དང་གྲོས་མོལ་གནང་རྒྱུའི་འགན་འཁུར་བ། སྤྱི་ཚོགས་ཐོག་གི་རིམ་གྲས་ཁག་གི་རྒྱལ་གཅེས་མི་དྲག་དང་མཐུན་སྒྲིལ་རྒྱ་ཁྱབ་ཏུ་བྱེད་པ། འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། གོ་མིན་ཏང་གི་ངན་རེངས་པའི་ཕྱོགས་ཁག་ལ་དཔའ་ངར་ཆེ་ལ་ཐབས་ཇུས་ཀྱང་ལྡན་པའི་འཐབ་རྩོད་གནང་བ་རེད། འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ནང་འཁྲུག་བཀག་འགོག་བྱེད་ཆེད་ཁོང་གིས་བློ་མཐུན་མའོ་ཙེ་ཏུང་དང་མཉམ་དུ་ཁྲུང་ཆིན་དུ་ཕེབས་ནས་གོ་མིན་ཏང་དང་ཞི་བའི་གྲོས་མོལ་གནང་བ་དང་། དེ་རྗེས་ཡང་ང་ཚོའི་ཏང་གི་འཐུས་མི་ཚོགས་པ་ཁྲིད་དེ་གོ་མིན་ཏང་གི་དབང་འཛིན་ལས་ཁུངས་དང་རྒྱུ་མཚན་ཡོད་པ་དང་མཚམས་ཚིགས་ལྡན་པའི་ཆབ་སྲིད་ཀྱི་འཐབ་རྩོད་གནང་བ་རེད། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ། ཁོང་གིས་བློ་མཐུན་མའོ་ཙེ་ཏུང་ལ་རོགས་རམ་གནང་ནས་འཐབ་ཇུས་ཀྱི་བཀོད་པ་བཏིང་བ་དང་། འཐབ་ཕྱོགས་གཉིས་པ་ཆགས་པར་སྐུལ་འདེད་དང་། ཧྲའན་ཞིའི་བྱང་རྒྱུད་དུ་བསྐྱོད་ནས་དམག་འཐབ་བྱེད་པ། ཀྲུང་གོའི་ལས་སྐལ་སྒྱུར་བའི་འཐབ་ཇུས་ཀྱི་ཐག་གཅོད་དམག་འཐབ་ཆེན་པོར་བཀོད་འདོམས་བྱས་པ། སྲིད་གྲོས་གསར་པ་འཚོགས་པའི་གྲ་སྒྲིག་དང་། 《ཐུན་མོང་རྩ་འཛིན》འཆར་ཟིན་འགོད་པའི་འགོ་མཛིན་བྱས་པ་སོགས་མཛད་རྗེས་གཟེངས་སུ་ཐོན་པ་བཞག་གནང་ཡོད།.jpg

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་སྔ་རྗེས་སུ་སྲིད་དོན་ཙུང་ལིའི་འགན་བཞེས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་ནས་ལོ་ངོ26རིང་ལ། རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བགྲོད་ལམ་འཚོལ་ཞིབ་ཧུར་ཐག་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་གཞག་ཁག་ཕྱོགས་ཡོངས་ནས་སྒྲིག་འཛུགས་དང་ལག་བསྟར། བློ་རྩེ་གཅིག་སྒྲིམ་བཅས་བྱས་ཏེ། ཆབ་སྲིད་དང་། དཔལ་འབྱོར། ཕྱི་འབྲེལ། རྒྱལ་སྲུང་། ཚན་རྩལ། རིག་གནས། སློབ་གསོ། གསར་འགྱུར། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་ཁག་ཏུ་སེམས་ཤུགས་ཆེན་པོ་བཏོན་ནས་རྨང་གཞི་འདིང་བའི་རང་བཞིན་ལྡན་པའི་བྱས་རྗེས་ཕུལ་ཡོད། ཀྲུང་གོ་གསར་པའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་འགོ་ཁྲིད་གནང་སྐབས་ཁོང་གིས་རྒྱལ་ཁབ་ཀྱི་འཚོ་བ་ཧྲིལ་པོའི་ནང་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་ཀ་དེ“གོ་གནས་ཨང་དང་པོར”འཛིན་པ་དང་། གལ་ཏེ་རྒྱལ་ཁབ་ཅིག་གིས་དཔལ་འབྱོར་ཐད་རྦད་དེ་རང་བཙན་བྱེད་མ་ཐུབ་ན། ཆབ་སྲིད་ཐད་ཀྱང་རྦད་དེ་རང་བཙན་བྱེད་མི་ཐུབ་ཅེས་ནན་བཤད་གནང་བ་རེད། ཁོང་གིས་འབྲེལ་བ་སྣ་ཚོགས་ཐག་གཅོད་ཡང་དག་བྱས་ནས་ཁྱོན་ཡོངས་ལ་སྤྱི་འདོམས་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག ཕྱོགས་བསྡུས་དོ་མཉམ། མཐུན་སྦྱོར་འཕེལ་རྒྱས་བཅས་ཡོང་བ་བྱེད་དགོས་པ་དང་། “ང་ཚོའི་རྒྱལ་ཁབ་ལ་དཔལ་འབྱོར་འཛུགས་སྐྲུན་ཡོད་དགོས་པ་མ་ཟད། ད་དུང་ཆབ་སྲིད་འཛུགས་སྐྲུན་དང་བསམ་པའི་འཛུགས་སྐྲུན་ཡང་ཡོད་དགོསཤིང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པ་དང་། ཁོར་ཡུག་སྲུང་སྐྱོང་ལ་ངེས་པར་དུ་མཐོང་ཆེན་བྱ་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྐྱེན་གྱིས་ཁོར་ཡུག་བློས་གཏོང་མི་རུང་བ་དང་། མི་རབས་རྗེས་མེ་གནོད་པའི་བྱ་བ་བྱེད་མི་རུང”ཞེས་ནན་བཤད་བྱས་ཡོད། ཁོང་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཚན་རིག་ལག་རྩལ་དང་ཤེས་ཡོན་ཅན་གྱིས་འགག་རྩར་ཐུག་པའི་ནུས་པར་མཐོང་ཆེན་གནང་བ་དང་། དེང་རབས་ཅན་མངོན་འགྱུར་དང་། “རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱ་རྒྱུའི་འགག་རྩ་ནི་ཚན་རིག་ལག་རྩལ་དེང་རབས་ཅན་དུ་འགྱུར་བར་ཐུག་ཡོད”ཅེས་དང་། “ཤེས་ཡོན་ཅན་ནི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ལ་རྒྱལ་ཁ་འཐོབ་ཐབས་བྱེད་པར་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན”ཞེས་ནན་བཤད་གནང་བ་རེད།

ཁོང་གིས་སྒྲིག་འཛུགས་དང་འགོ་ཁྲིད་གནང་བའི“མདེལ་གཉིས་སྐར་གཅིག”གཞི་ཁྱོན་ཆེ་བའི་ཚན་རྩལ་འགག་སྒྲོལ་ཐད་ཚད་བརྒལ་ཆེན་པོ་བྱུང་ནས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གནས་བབ་ཧ་ཅང་མཐོ་རུ་ཕྱིན་ཡོད། ཁོང་གིས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་སློབ་སྦྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས“ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་ངེས་པར་དུ་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་རིག་པ་དང་ཟུང་འབྲེལ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། དུས་རྒྱུན་དུ་དམངས་གཙོའི་ཏང་ཤོག་ཁག་དང་ཏང་མེད་ཤོག་ཁག་གི་དགོངས་འཆར་གསན་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད་པ་རེད། ཁོང་གིས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མི་བརྗེད་པར་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད་རྨང་གཞིའི་རང་བཞིན་དང་གསར་གཏོད་རང་བཞིན་གྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཁོང་གིས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་དོན་ལས་དོན་ལ་འགོ་ཁྲིད་གནང་བ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཐོག་མར་བཏོན་གནང་བ་དང་། རྒྱལ་ཁབ་ཆེ་ཆུང་གང་ཡིན་རུང་ཚང་མ་འདྲ་མཉམ་ཡིན་པའི་རྩ་དོན་ལྟར་རང་རྒྱལ་གྱིས་རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་བར་སྐུལ་འདེད་བཏང་ནས་ང་ཚོའི་གྲོགས་པོ་གནམ་འོག་ཀུན་ཏུ་ཁྱབ་ཏུ་བཅུག་པ་རེད། ཁོང་གི་མཁྱེན་རྒྱ་ཡངས་པའི་ཕྱི་འབྲེལ་དགོངས་པ་དང་། ཕུན་སུམ་ཚོགས་པའི་ཕྱི་འབྲེལ་ལག་ལེན། ཐུན་མོང་མ་ཡིན་པའི་ཕྱི་འབྲེལ་སྒྱུ་རྩལ་དང་ཕྱི་འབྲེལ་ཉམས་འགྱུར་བཅས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཏང་དང་རྒྱལ་ཁབ་ལ་མཚན་སྙན་ཆེན་པོ་ཐོབ་ཡོད།

“རིག་གནས་གསར་བརྗེ་ཆེན་པོའི”རྙོག་འཛིང་ཤིན་ཏུ་ཆེ་བའི་དམིགས་བསལ་ཁོར་ཡུག་འོག བློ་མཐུན་ཀྲོའུ་ཨེན་ལེ་ཡིས་བརྙས་ཁུར་འགན་སྒྲུབ་དང་། ཉེན་ཁ་ལས་ཐར་ཐབས། མི་དཀྱུས་མས་བློ་ངོར་འཆར་དཀའ་བའི་འབད་བརྩོན་བཅས་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་རྒྱུན་ལྡན་ལས་ཀའི་འཁོར་སྐྱོད་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་གྱོང་གུད་ཉུང་དུ་གཏོང་གང་ཐུབ་གནང་ཡོད། ཁོང་གིས་ཏང་གི་རྐང་འཛིན་པའི་འགོ་ཁྲིད་དང་། དམངས་གཙོའི་མི་སྣ་ ཤེས་ཡོན་ཅན་བཅས་འབོར་ཆེན་ཞིག་སྲུང་སྐྱོབ་གནང་། ཁོང་གིས་བློ་མཐུན་མའོ་ཙེ་ཏུང་ལ་རོགས་རམ་གནང་ནས་ལིན་པིའོ་གསར་བརྗེར་ངོ་རྒོལ་ཚོགས་ཁག་གིས་དབང་ཆ་མཐོ་ཤོས་འཕྲོག་ལེན་བྱེད་རྩིས་བྱེད་པའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་པར་མ་ཟད། ཀྲུང་དབྱང་གི་ནམ་རྒྱུན་གྱི་ལས་ཀ་གཙོ་སྐྱོང་གནང་བ་དང་། གཡོན་ཐལ་ཆེ་བའི་བསམ་པའི་རླབས་རྒྱུན་གྱི་ནོར་འཁྲུལ་ལ་དགག་པ་དང་ཡོ་བསྲང་གནང་བས་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀར་ལེགས་འགྱུར་བྱུང་བ་དང་། ཁོང་གིས་བློ་མཐུན་མའོ་ཙེ་ཏུང་གི་ཐབས་ཇུས་གཞིར་བཟུང་ནས་བློ་མཐུན་ཏེང་ཞའོ་ཕིན་གྱི་གོ་གནས་སླར་གསོ་དང་ཀྲུང་དབྱང་གི་ལས་དོན་གཙོ་སྐྱོང་གནང་རྒྱུར་སྐུལ་འདེད་དང་དོན་འཁྱོལ་ཧུར་ཐག་གནང་བ་དང་། བློ་མཐུན་ཏེང་ཞའོ་ཕིན་གྱིས་དབུ་ཁྲིད་གནང་ནས་ཕྱོགས་གང་ཅིའི་ལས་ཀར་དག་ཐེར་བྱེད་པར་ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་གནང་བ་དང་། ཁོང་ལ་བཅོས་ཐབས་མེད་པའི་ནད་ཀྱིས་མནར་ཡང་དཔའ་ངར་ཞུམ་མེད་ཀྱིས་ཕྱག་ལས་གནང་བ་མ་ཟད། བློ་མཐུན་ཏེང་ཞའོ་ཕིན་དང་ཡེ་ཅན་ཡིང་། ལི་ཞན་ཉན་སོགས་དང་མཉམ་དུ་གསར་བརྗེར་ངོ་རྒོལ་བྱེད་མཁན་ཅང་ཆིན་ཚོགས་ཁག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས། ཁོང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་སྟེང་དེང་རབས་ཅན་བཞི་མངོན་འགྱུར་བྱེད་པའི་རླབས་ཆེན་དམིགས་འབེན་བསྐྱར་བསྒྲགས་བྱས་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྐུལ་མ་ཆེན་པོ་ཐེབས།

བློ་མཐུན་ཀྲོའུ་ཨེན་ལེ་ཡིས་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ཏང་གི་ལས་དོན་གལ་ཆེན་ཁག་ལ་འགོ་ཁྲིད་གནང་ནས་ཏང་གི་རྒྱལ་ཁ་གལ་ཆེན་ཐོབ་ཕྱིར་སེམས་ཤུགས་ཆེན་པོ་བཏོན་གནང་བ་རེད། དུས་ཡུན་རིང་པོའི་ལག་ལེན་ཁྲོད། ཁོང་གིས་མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་རང་རྒྱལ་བྱེ་བྲག་གི་དོན་དངོས་ཟུང་འབྲེལ་བྱེད་པར་དོ་སྣང་དང་། གསར་བརྗེ་དང་འཛུགས་སྐྲུན་གྱི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས། རིགས་པའི་གཞུང་ལུགས་ལ་བསམ་གཞིགས་གཏིང་ཟབ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལ་གསལ་འགྲེལ་གཏིང་ཟབ་བྱས། ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཕྱི་འབྲེལ། འཐབ་ཕྱོགས་གཅིག་གྱུར། རིག་གནས་སློབ་གསོ། ཏང་ལེགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་རིགས་པའི་གཞུང་ལུགས་ཀྱི་བྱས་རྗེས་བཞག་ཡོད་ཅིང་། མའོ་ཙེ་ཏུང་གི་དགོངས་པ་ཆགས་པ་དང་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཕྱིས་སུ་གུ་ཡངས། རྒྱ་གྲོལ། བསྒྱུར་བཅོས་བྱེད་པའི་དུས་སྐབས་སུ་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པར་བྱེད་པའི་ཐད་ལའང་བསམ་བློའི་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཡོད།

3 སྤྱི་ཚོགས་ཀྱི་གདེང་འཇོག

བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ལོ་ངོ50ལྷག་ཙམ་རིང་གསར་བརྗེ་གནང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་དང་། འཕེལ་རྒྱས། རྒྱ་སྐྱེད་བཅས་བྱུང་བ། རང་རྒྱལ་གྱི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་བཅས་དང་འབྲེལ་བ་དམ་ཟབ་ཡོད། ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སེམས་ཤུགས་ཡོད་ཚད་ཏང་དང་མི་དམངས་ལ་ཕུལ་བ་དང་། ཁོང་གི་ལུས་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་མིའི་ཡ་རབས་སྤྱོད་བཟང་གཅིག་བསྡུས་ཀྱིས་མཚོན་པ་དང་། ཀྲུང་གོའི་མི་དམངས་ཀྱི་སེམས་ནང་དུ་མཛད་རྗེས་ཀྱི་རྡོ་རིང་ཆེན་པོ་ཞིག་བཞེངས་ཡོད། ང་ཚོས་བློ་མཐུན་ཀྲོའུ་ཨེན་ལེ་ལ་རྗེས་དྲན་བྱས་ཏེ་བློ་མཐུན་ཀྲོའུ་ཨེན་ལེ་ཡི་སྙིང་སྟོབས་ནམ་ཡང་སེམས་ལ་བརྟན་པོར་ངེས་པ་དང་སློབ་སྦྱོང་ནན་ཏན་བྱས་ཏེ་དེ་ཉིད་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་གཏོང་དགོས།

བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་དང་ཕུགས་བསམ་བླ་ན་མེད་པ་ལ་དད་མོས་གནང་པ་དེ། ཁོང་གིས་ཏང་དང་མི་དམངས་ལ་བློ་དཀར་ཚད་མེད་གནང་བའི་སྙིང་སྟོབས་ལས་མཚོན་ཡོད། འདི་ནི་ཁོང་གིས་འབད་འཐབ་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་གསུངས་དོན། “མི་ལ་ཕུགས་བསམ་ཡོད་དགོས་ཤིང་། ཕུགས་བསམ་མེད་པའི་འཚོ་བ་དེ་མུན་འཐོམས་སུ་འགྱུར་སྲིད།” ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་དད་མོས་བརྟན་པོར་འཛུགས་སྐབས“ངས་ཁས་ལེན་པའི་རིང་ལུགས་ལ་འགྱུར་བ་གཏན་ནས་གཏོང་མི་སྲིད་པ་མ་ཟད། བློ་ཐག་རྦད་བཅད་ཀྱིས་ཁོང་གི་ཆེད་དུ་དྲིལ་བསྒྲགས་བྱེད་ཀྱི་ཡོད”ཅེས་གསུངས་མྱོང་། ཁོང་གིས་ཏང་གི་བྱ་གཞག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་འོད་ཟེར་ལྡན་པའི་མདུན་ལམ། ཀྲུང་ཧྭ་མི་རིགས་དར་རྒྱས་གཏོང་རྒྱུའི་རླབས་ཆེན་བྱ་གཞག་བཅས་ལ་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ཀྱིས་ཁེངས་ཤིང་། དཀའ་ཚེགས་གང་འདྲ་ཞིག་འཕྲད་ཀྱང་གཡོ་འགུལ་གཏན་ནས་གཏོང་མྱོང་མེད། ཁོང་གིས“གུང་ཁྲན་ཏང་མིས་རྒྱུན་ཆད་མེད་པར་དཀའ་ངལ་ཁྱད་བསད་བྱས་ནས་མུ་མཐུད་མདུན་སྐྱོད་བྱེད་ཆེད་གནས་ཡོད། དཀའ་ངལ་ལ་སྐྲག་ནས་གནས་སྐབས་བདེ་བར་གནས་པ་ནི་གུང་ཁྲན་ཏང་མིའི་གཤིས་རྒྱུད་མིན།” ཁོང་གིས་གསར་བརྗེའི་ཕུགས་བསམ་དང་དད་སེམས་གཏན་འཁེལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བདེན་དོན་གྱི་འདུན་པ་དྲག་པོ་ཡོད་ལ།  བསམ་གཞིགས་གཟབ་ནན་བྱེད་པའི་རྗེས་དཔག་གི་བསམ་བློ་ཡང་ཡོད་པ་དང་། ཚན་རིག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་མཐོང་ཆེན་བྱ་དགོས་ལ། ལག་ལེན་ཁྲོད་ཚན་རིག་གི་རིགས་པའི་གཞུང་ལུགས་བེད་སྤྱོད་དང་འཕེལ་རྒྱས་གཏོང་བར་ཡང་མཐོང་ཆེན་བྱ་དགོས། མར་ཁེ་སིའི་རིང་ལུགས་ཀྱི་སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུར་དོ་སྣང་བྱ་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྙིང་བཅུད་བསྡུ་ལེན་བྱ་རྒྱུར་ཡང་དོ་སྣང་བྱ་དགོས། ཁོང་གི་གསར་བརྗེའི་ཕུགས་བསམ་དང་དད་སེམས་ནི་རྗེས་དཔག་རང་རྟོགས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པས། སྲ་ཞིང་བརྟན་པ་ཞིག་རེད། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས“དཀའ་སྡུག་གང་འདྲ་ཞིག་འཕྲད་རུང་། སྲོག་བསྡོས་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་འབད་འཐབ་མཐར་ཕྱིན་བྱ་དགོས”ཞེས་པ་ལག་ལེན་བྱས་ཡོད་པ་རེད།  

བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་དགའ་ཞེན་དང་། དམངས་དོན་དུ་སྲིད་བརྩོན་གནང་པ། ཁོང་ཉིད་མི་དམངས་ཀྱི་སྤྱི་ཞབས་པ་བྱེད་འདོད་པའི་སྙིང་སྟོབས་ནས་མཚོན་ཡོད། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དེ་ཐམས་ཅད་ལས་ལྷག་པར་འཛིན་རྒྱུ་མཐའ་འཁྱོངས་གནང་ཞིང་། རང་ཉིད་མི་དམངས་ཀྱི“སྤྱིའི་ཞབས་ཞུ་པ”ལ་བརྩི་བ་དང་། “ང་ཚོའི་ལས་དོན་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན”ཞེས་དང་། “ང་ཚོའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས། མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་འོས། ནམ་ཡང་མི་དམངས་ལ་བློ་དཀར་བའི་ཞབས་འདེགས་པ་བྱ་དགོས”ཞེས་གསུངས་ཡོད། ཁོང་གིས་སེམས་ལ་མི་དམངས་འཆང་བ་དང་། མང་ཚོགས་ཀྱི་དོན་དུ་སེམས་ཁྲལ་བྱེད་ཀྱི་ཡོད། མང་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པའི་བྱ་བ་ཡིན་ཕྱིན་ཁོང་གིས་རྟག་ཏུ་ཐུགས་ཁུར་གཟབ་བཞེས་གནང་གིན་ཡོད། ཁོང་གིས་རྟག་ཏུ་ཐོན་སྐྱེད་བྱ་ཡུལ་གྱི་བཟོ་པ་ཚོར་ཆུ་མོག་ཅིག་ཟ་ཐུབ་མིན་ལ་སེམས་ཁུར་བྱེད་ཀྱིན་ཡོད། རང་བྱུང་གནོད་འཚེ་ཡོད་པ་གང་དུ་མང་ཚོགས་ལ་དཀའ་ངལ་ཡོད་ཚེ་ཁོང་དུས་ཐོག་ཏུ་དེ་གར་འབྱོར་གྱིན་ཡོད།.jpg

སྤྱི་ལོ1973ལོར་ཁོང་ཡན་ཨན་དུ་ཕེབས་སྐབས། མང་ཚོགས་ཀྱི་འཚོ་བ་སྔར་བཞིན་དབུལ་ཞིང་ཕོངས་པའི་རྣམ་པ་མཐོང་བས་མིག་ཆུ་དབང་མེད་དུ་ཤོར་ཞིང་། བློ་ཕམ་ཡིད་ཆད་ཀྱི་སྒོ་ནས་རང་སྐྱོན་རང་བརྗོད་བྱས་ནས་བཅིངས་འགྲོལ་ས་ཁུལ་རྙིང་པའི་མི་དམངས་ལ་དགོངས་དག་ཞུས་པ་རེད།

སྤྱི་ལོ1975ལོར་གཤགས་བཅོས་ཆེན་པོ་བྱས་རྗེས་ཁོང་གིས་ལེ་དབར་སྟོང་གི་སར་གནས་པའི་ཡུན་ནན་གཤའ་གཏེར་བཟོ་པའི་བདེ་ཐང་ལ་སེམས་ཁྲལ་བྱེད་བཞིན་ཡོད། ཁོང་གིས་སྐུ་ཚེ་ཧྲིལ་པོར་ཧུར་ཐག་འབད་ཐག་དང་། སེམས་ནུས་ཡོད་རྒུ་འདོན་པ། ངལ་བ་དང་འཁང་ར་བཟོད་པ། ཉིན་གཅིག་ལ་ལས་ཀ་བྱེད་ཡུན་ཆུ་ཚོད12ལས་བརྒལ་བ་དང་། སྐབས་འགར་ཆུ་ཚོད16ཡན་ལ་ལས་ཀ་བྱེད་ཀྱི་ཡོད། ནད་གཞི་ལྕི་པོ་ཕོག་ནས་སྨན་ཁང་དུ་བསྡད་པའི་མཇུག་མཐའི་དུས་སུ་ཁོང་གིས་ད་དུང་རྒྱལ་ཁབ་ཀྱི་བྱ་བ་སྒྲུབ་ཀྱི་ཡོད། ཁོང་གིས“ཤི་རྒྱུར་ང་གཏན་ནས་མི་སྐྲག གནའ་མིའི་བཤད་རྒྱུན་དུ། མི་ལོ་བདུན་ཅུ་ལྷག་ལ་འཚོ་སྡོད་བྱེད་པ་དཀོན་ཞེས་པ་ལྟར། ང་རང་ལོ་བདུན་ཅུ་དོན་བདུན་ལྷག་ཙམ་ལ་སླེབས་པའི་མི་ཡིན་ཞིང་། དེ་ཡང་ཚེ་རིང་གི་གྲས་སུ་བརྩིས་ཆོག ཡིན་ནའང་ལོ་ངོ་ཉི་ཤུ་རྩ་གྲངས་ཀྱི་དུས་ཡུན་ནང་གང་ལྟར་རྒྱལ་ཁབ་འཛུགས་སྐྲུན་ལེགས་ཙམ་བྱ་དགོས་པ་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་མང་ཙམ་བྱ་དགོས་ཤིང་། མར་ཁེ་སིའི་སར་འབྱོར་ཐོ་འགོད་པར་ཕྱིན་ན་གཞི་ནས་བློ་བདེ་པོ་ཡོང་གི་རེད། ད་ལྟའི་གནས་ཚུལ་འདི་འདྲར་སོང་ནས་འབྱོར་ཐོ་འགོད་ན་ནམ་ཡང་འགྱོད་སེམས་སྐྱེས་རྒྱུ་རེད”ཅེས་གསུངས། སྐུ་མ་གཤེགས་གོང་། ཁོང་གིས“ངའི་སྤུར་ཐལ་གཙང་ཆུ་དང་ས་གཞིར་གཏོར་ནས་ལུད་རྫས་བཟོ་བ་དེ་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་ཞིག་ཡིན། གསོན་དུས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་ཤིས་རྗེས་ཡང་མི་དམངས་ལ་ཞབས་འདེགས་ཞུ་དགོས”ཞེས་གསུངས། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཁོང་གིས་“བ་གླང་ལྟར་འབད་འཐབ་ལྷོད་མེད་བྱ་དགོས”ཞེས་དང། “མི་དམངས་ལ་ཞབས་འདེགས་ཞུ་ཆེད་རང་སྲོག་བློས་གཏོང་དགོས”ཞེས་དང།  མི་དམངས་ཀྱི་བྱ་གཞག་གི་ཆེད་དུ“སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ནམ་འཚོའི་བར་དུ་ཞབས་ཞུར་བརྩོན”ཞེས་གསུངས་པ་ནང་བཞིན་དོན་དངོས་ཡང་དེ་ལྟར་སྒྲུབ་ཡོད་པ་རེད། “མི་དམངས་ཀྱི་ཙུང་ལི་མི་དམངས་ལ་དགའ”ཞེས་མི་དམངས་མང་ཚོགས་ཀྱིས་བབ་ཆགས་པའི་སྐད་ཆས་བློ་མཐུན་ཀྲོའུ་ཨེན་ལེ་ལ་བཅངས་པའི་བརྩེ་དུང་ཟོལ་མེད་མཚོན་པར་བྱས་ཡོད།

བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ལ་ལྟ་རྟོག་དང་། གཞུང་དྲང་གནོང་མེད་གནང་བ་དེ་ཁོང་གིས་ཚད་མཐོའི་ཐུགས་འཁུར་གནང་བ་དང་རང་རྟོགས་ངང་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་གནང་བའི་སྙིང་སྟོབས་ལས་མཚོན་ཡོད། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཏང་གི་མཐུན་སྒྲིལ་ནི་ཏང་གི་སྲོག་རྩ་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ལ་ལྟ་རྟོག་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱས་ཡོད། ཁོང་གིས་ཏང་གི་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་དང་རང་དོན་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་དེ“ཏང་དང་། མི་དམངས། གུང་ཁྲན་རིང་ལུགས་བཅས་ཀྱི་བྱ་གཞག་ཚང་མར་རག་ལས་སའི་དོན་སྙིང་ཡོད”ཅེས་པའི་མཐོ་ཚད་དུ་བཞག་ནས་དམིགས་སུ་བཀར་ནས་བསླབ་བྱ་གནང་དོན། ང་ཚོའི་ཏང་ནི་རྒྱལ་ཁ་ཐོབ་པའི་ཏང་དང་སྲིད་སྐྱོང་གི་ཏང་ཞིག་ཡིན་པ་དང་། ལྷག་པར་དུ་ཏང་གི་མཐུན་སྒྲིལ་ལ་གཏོར་བཤིག་དང་གནོད་འཚེ་གཏོང་བའི་བྱ་སྤྱོད་སྣ་ཚོགས་ལ་དོགས་ཟོན་བྱ་དགོས། ཁོང་གིས་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་གནང་ནས“ལྷག་པར་དུ་མཐོ་རིམ་འགོ་ཁྲིད་བློ་མཐུན་གྱི་ཁྲོད་དུ་ཐུན་མོང་གི་འཚོ་བར་ཤུགས་སྣོན་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཏེ་ང་ཚོའི་ཏང་གི་མཐུན་སྒྲིལ་ལ་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། ཁོང་གིས་ཏང་གི་མཐུན་སྒྲིལ་སྲུང་སྐྱོང་དང་སྲ་བརྟན་དུ་གཏོང་རྒྱུ་དེ་རང་ཉིད་ཀྱི་གཏམ་སྤྱོད་ཀྱི་ཚད་གཞི་ཞིག་ཏུ་བརྩིས་ནས་ཏང་གི་མཐུན་སྒྲིལ་ལ་ཕན་པའི་སྐད་ཆ་དང་བྱ་བ་ཚང་མ་བཤད་དགོས་པ་དང་། ཏང་གི་མཐུན་སྒྲིལ་ལ་གནོད་པའི་བྱ་བ་དང་སྐད་ཆ་མི་བཤད་པ། ཏང་གཤིས་ལ་དང་དོད་བྱས་ནས་ཉེར་ཕྱོགས་མི་བྱེད་པ། རྩ་དོན་ལ་དང་དོད་བྱས་ནས་འབྲེལ་བ་མི་བྱེད་པ། གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་རང་ཉིད་ཀྱི་གཟི་བརྗིད་དང་ཞེ་ཁྲེལ་གཞན་ལ་འཇོག་པ་བཅས་གནང་གི་ཡོད། ཁོང་གིས་ཕྱོགས་ཁག་གི་བསམ་བློ་དང་། ཚོགས་པ་ཆུང་ཆུང་། ས་གནས་རིང་ལུགས། རི་མགོའི་རིང་ལུགས། རང་གནས་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པ་དང་། ཚོགས་པ་ཆུང་ཆུང་གཏན་ནས་མི་འཛུགས་པ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཁེ་ཕན་དེ་ཐམས་ཅད་ལས་མཐོ་བའི་གོ་གནས་སུ་འཇོག་པ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་ཀྱི་མིག་དཔེ་བཟང་པོ་ཞིག་རེད།

བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་དང་གཟབ་ནན་ཞིབ་ཚགས་གནང་བ། ཁོང་གི་བདེན་འཚོལ་དངོས་སྒྲུབ་ཀྱི་སྙིང་སྟོབས་ལས་མཚོན་ཡོད། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སྤྱད་དེ་ལས་ཀ་དངོས་ལ་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བཅས་གནང་ཡོད། ཁོང་གིས་སྔ་ཕྱི་བར་གསུམ་དུ་ལས་ཀ་དངོས་བྱེད་མཁན་ཚོས་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ཀྱི་བསམ་བློ་གཏོང་སྟངས་སྤྱོད་ཤེས་པར་བྱེད་དགོས་པ་དང་། “རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ཀྱི་བསམ་བློས་ང་ཚོར་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་ངོས་འཛིན་སྔར་ལས་ལེགས་པ་དང་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པར་རོགས་རམ་བྱེད་ཐུབ”ཅེས་དང་། “མར་ལེ་རིང་ལུགས་ཀྱི་དཔེ་དེབ་མང་ཙམ་བཀླགས་པ་ཁོ་ནར་བརྟེན་ན་མི་འགྲིག་ཅིང་། གནད་འགག་ནི་ལག་ལེན་ལ་ཐུག་ཡོད”ཅེས་ནན་བཤད་གནང་ཡོད། ཁོང་གིས་གསར་བརྗེའི་དཔའ་ཇུས་དང་བདེན་འཚོལ་གྱི་སྙིང་སྟོབས་ཟུང་འབྲེལ་བྱེད་པར་མཁས་ཤིང་། གཞན་ལས་ལྷག་པའི་མཁས་མཛངས་ལྡན་པ་དང་། གནས་ཚུལ་འགྱུར་ཡང་མི་སྐྲག་པ། རྙོག་འཛིང་ཆེ་བའི་འགལ་བ་སེལ་མཁས་པ། གནས་ཚུལ་ངན་པ་དང་བསྟུན་ནས་འཚོ་བའི་གནས་ཚུལ་ལ་ཁ་གཏད་འཇལ་མཁས་པ། གནད་དོན་ལ་བསམ་གཞིགས་ཞིབ་ཚགས་དང་ཐག་གཅོད་ཞིབ་ཚགས་ཀྱང་བྱེད་ཐུབ་ཀྱི་ཡོད། ཁོང་གིས་བྱ་བ་གང་བྱེད་ཚང་མ་དོན་དངོས་ལ་གཞིགས་རྒྱུ་མཐའ་འཁྱོངས་ཀྱིས“སྐད་ཆ་དྲང་པོ་ཤོད་པ་དང་། ངར་ཤུགས་ངོ་མ་རྒྱག་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོན་ཐབས་བྱེད་པ”བཅས་དར་སྤེལ་ཡང་ཡང་བཏང་སྟེ་རང་སྟོབས་ཀྱི་ནུས་པ་དང་ཕྱི་རོལ་ཡུལ་གྱི་སྲིད་པའི་རང་བཞིན་ཟུང་འབྲེལ་བྱས་ཏེ་གོམ་པ་བརྟན་པོ་ཡོང་བ་བྱེད་དགོས་པ་དང་། བརྗིད་ཆེའི་བློ་སྟོབས་ཡོད་དགོས་ལ་གང་མགྱོགས་ངང་སྔོན་ཐོན་གྱི་ཆུ་ཚད་ཀྱི་རྗེས་ཟིན་ཐུབ་པ་བྱེད་དགོས་ལ་གོམ་པ་རིམ་སྤོས་ཀྱིས་སྒྲུབ་པ་ལས་གོམ་གང་གིས་མཁའ་དབྱིངས་སུ་སླེབས་ཐུབ་པ་བྱེད་མི་རུང་དགོས། ཁོང་གིས་གནས་ཚུལ་དངོས་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུར་མཐོང་ཆེན་གནང་བ། གནད་དོན་ལ་བསམ་གཞིགས་བྱེད་སྐབས་རྟག་ཏུ་དབྱེ་ཞིབ་དང་། ཕྱོགས་བསྡུས། ཞིབ་བསྡུར་བཅས་བྱེད་པའི་ཐད་འབད་བརྩོན་མང་ཙམ་གནང་གི་ཡོད་པ་དང་། “བྱ་བ་གང་བྱེད་ཚང་མ་ཕྱོགས་གང་ཅིའི་ཐད་ནས་བསམ་བློ་གཏོང་བ་དང་། ཐུན་མོང་ཐོག་གྲོས་མོལ་ཐག་གཅོད་བྱས་ནས་ལག་ལེན་བསྟར་དགོས་པའི”དགོངས་ཚུལ་བཏོན་པ་རེད། དེ་ལྟར་ཡིན་པའི་རྐྱེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་འགོ་ཁྲིད་དང་སྒྲིག་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད། བློ་མཐུན་ཀྲོའུ་ཨེན་ལེ་ནི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་འགོད་ཀྱི་ཇུས་འགོད་པ་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་གལ་ཆེན་ཁག་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལག་ལེན་བསྟར་བའི་སྒྲིག་འཛུགས་བྱེད་མཁན་ཕུལ་དུ་བྱུང་བ་ཞིག་ཀྱང་ཡིན་པས། བློ་མཐུན་མའོ་ཙེ་ཏུང་གིས་བརྩི་མཐོང་ཆེན་པོ་གནང་བ་རེད།

བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཐོག་མཐའ་བར་གསུམ་དུ་དྲེགས་མེད་ཁེངས་སྐྱུང་དང་ང་རྒྱལ་འཚབ་འཚུབ་སྤངས་གནང་བ་དེ་ཁོང་གི་ཁེངས་སྐྱུང་གཟབ་ནན་གྱི་སྙིང་སྟོབས་ལས་མཚོན་ཡོད། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཏང་དང་མི་དམངས་ལ་མཛད་རྗེས་གཟེངས་སུ་ཐོན་པ་བཞག་གནང་ཡོད་མོད། འོན་ཀྱང་བྱས་རྗེས་ཇི་ཙམ་ཆེ་ན་ཁོང་གིས་དེ་ཙམ་གྱིས་དྲེགས་མེད་ཁེངས་སྐྱུང་གནང་གི་ཡོད། ཁོང་གིས་རྒྱུན་དུ་“ང་ཚོ་མི་རེ་རེས་སྔོན་ཆད་ལས་ཀ་མང་ཉུང་ཇི་ཙམ་བྱས་ཀྱང་རུང་། ད་ལྟ་ལས་འགན་འཁུར་གང་ཞིག་འཁུར་ཀྱང་རུང་། ཏང་དང་མི་དམངས་མེད་ན། འདས་ཟིན་པའི་གྲུབ་འབྲས་ཡོད་མི་སྲིད་ལ། དེ་རིང་གི་ལས་འགན་ཡང་ཡོད་མི་སྲིད། ཏང་དང་མི་དམངས་ནི་རླབས་ཆེ་བ་ཞིག་ཡིན། ང་ཚོ་རང་ཉིད་ནི་ཉམ་ཆུང་ཞིག་ཡིན”ཞེས་གསུངས། ཁོང་གིས་རང་ཉིད་ལ་བཞག་པའི་བསྲུང་བྱའི་གདམས་ངག་ནི“ནམ་འཚོའི་བར་དུ་འཚོ་བ་སྐྱེལ་བ་དང་། ནམ་འཚོའི་བར་དུ་སློབ་སྦྱོང་བྱེད་པ། ནམ་རྒས་བར་དུ་བསྒྱུར་བཀོད་བྱེད་པ”དེ་ཡིན། ཁོང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་ལ། ལས་ཀ་བྱེད་སྐབས“ལས་དོན་དང་འཕྲད་ཚེ་སྐྲག་སྣང་བྱེད་པའི་སྙིང་སྟོབས་ཡོད་དགོས། དེ་ནི་ཕྱིར་བཤོལ་བྱས་པ་ཞིག་མིན་ལ་ཡིད་ཐང་ཆད་པ་ཞིག་ཀྱང་མིན་པར། དེ་ནི་འཇིག་སྐྲག་ལ་དོགས་ཟོན་གཟབ་ནན་བྱས་པ་ཞིག་རེད།”ཞེས་ངོས་འཛིན་གནང་བ་རེད། ཁོང་གིས“མང་ཚོགས་ལ་སློབ་གསོ་གཏོང་དགོས་པར་མ་ཟད། མང་ཚོགས་ལ་སློབ་སྦྱོང་ཡང་བྱ་དགོས། དེའི་རྒྱུ་མཚན་ནི་འགོ་ཁྲིད་པ་རང་ཉིད་ཀྱི་ཤེས་ཡོན་ད་དུང་ཆ་མི་ཚང་བ་དང་། ཉམས་མྱོང་དེ་ཙམ་མེད་པ། འགོ་ཁྲིད་པའི་གོ་གནས་དེས་ཁྱེད་ལ་ཤེས་ཡོན་དང་ཉམས་མྱོང་འཐོབ་པར་བྱེད་མི་ཐུབ་པའི་རྐྱེན་གྱིས་རེད།” ཁོང་ཉིད་བསམ་འཆར་མི་འདྲ་བ་བློ་འབྱེད་དང་ཉན་མཁས་པོ་ཡོད་ཅིང་། ལས་བྱེད་པ་དཀྱུས་མའམ་མང་ཚོགས་ཀྱིས་བཤད་པའི་བསམ་འཆར་ཡིན་ནའང་བསམ་གཞིགས་ནན་ཏན་གནང་གི་ཡོད། ཁོང་གིས“མི་གཅིག་གི་ཤེས་རྟོགས་ལ་གང་ལྟར་ཚད་ཡོད་པས། བསམ་འཆར་མི་འདྲ་བ་མང་ཙམ་ལ་ཉན་དགོས། དེ་ལྟར་བྱས་ན་ད་གཟོད་ཕྱོགས་བསྡུས་བྱེད་པར་ཕན་པ་ཡོད”ཅེས་གསུངས། ཁོང་ནི་གཞན་གྱི་དགེ་མཚན་ལ་གསར་རྙེད་གནང་མཁས་པ་དང་། བློ་མཐུན་སོ་སོའི་སྤྱང་གྲུང་དང་བློ་གྲོས་འདོན་སྤེལ་གང་ལེགས་གནང་མཁས་པ་ཡོད་ཀྱང་། རང་ཉིད་ལ་བྱས་རྗེས་ཡོད་བསམས་ནས་རང་བརྗོད་གཏན་ནས་གནང་མྱོང་མེད། ཁོང་གིས་མི་གཞན་དང་འཆམ་མཐུན་ཡོང་བ་དང་མི་གཞན་ལ་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ་དང་། ལས་རིགས་ཁག་གི་མི་སྣ་དང་ལྷག་བསམ་རྣམ་དག་གིས་འགྲོ་འོང་རྒྱ་ཁྱབ་ཏུ་བྱེད་པ་ལས་འགོ་ཁྲིད་པའི་བྱེད་སྟངས་གཏན་ནས་བྱེད་ཀྱི་མེད། ཁོང་གིས་དུས་རྒྱུན་དུ“མི་ཞིག་འགོ་ཁྲིད་ཀྱི་གོ་གནས་སུ་ལངས་ནས་ཁེངས་སྐྱུང་མི་བྱེད་པ་དང་། མི་དང་ཉེ་བཅར་མི་བྱེད་པར། རང་ཉིད་དཔེ་མེད་ཞིག་ཡིན་སྙམ་པའི་བསམ་བློ་དེ་རིགས་ཡོད་པ་མ་ཟད་སྤྱོད་ཚུལ་ཐོག་ནས་མཚོན་ན་ཉེན་ཁ་ཡོང་གི་རེད”ཅེས་གསུངས་ཡོད་པ་རེད། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཁེངས་སྐྱུང་གཟབ་ནན་དང་། དགེ་བའི་ཇུས་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ། འགྲོགས་བདེ་གཤིབ་བདེ་དང་། འདྲ་མཉམ་གྱི་སྤྱོད་ཚུལ་བཟུང་བ་ལ་བརྟེན་ནས་ཏང་ཕྱི་ནང་གི་ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་དང་བཀུས་བཀུར་ཐོབ་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ང་རྒྱལ་དང་འཚབ་འཚུབ་མེད་པའི་སྤྱོད་ཚུལ་བཟང་པོའི་མིག་དཔེ་བཟང་པོ་ཞིག་རེད།

བློ་མཐུན་ཀྲོའུ་ཨེན་ལེ་ཡིས་ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་པོ་དང་སྤྱོད་གཙང་སྤྱི་གཞོལ་གནང་བ་དེ་ཁོང་གི་སྒེར་སེམས་མེད་པར་བློས་གཏོང་བའི་སྙིང་སྟོབས་ཀྱིས་མཚོན་ཡོད། བློ་མཐུན་ཀྲོའུ་ཨེན་ལེ་ཡིས་སྐུ་ཚེ་གང་པོར་རང་གཅུན་ནན་པོ་དང་དཀའ་སྤྱད་བབ་ཆགས་གནང་བ་དང་། བློས་གཏོང་བ་ཁོ་ན་ལས་དྲིན་ལན་མི་བསམ་པ་རེད། ཁོང་གིས“རང་ཉིད་ལ་རང་གིས་རང་ལ་སྐུལ་མ་གཏོང་དགོས་པ་དང་། རང་གིས་རང་ལ་བླང་བྱ་ནན་པོ་འདོན་དགོས་ཤིང་། མི་གཞན་ལ་བློ་རྒྱ་ཆེ་ཙམ་བྱ་དགོས”ཞེས་གསུངས་པ་རེད། ཁོང་གིས་རྒྱུན་དུ་འགོ་ཁྲིད་ལས་བྱེད་པར་བསམ་བློའི་འགག་སྒོ་དང་། ཆབ་སྲིད་ཀྱི་འགག་སྒོ། སྤྱི་ཚོགས་ཀྱི་འགག་སྒོ། གཉེན་ཉེའི་འགག་སྒོ། འཚོ་བའི་འགག་སྒོ་བཅས་ལས་སྒྲོལ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་སྤྱོད་ལམ་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱ་དགོས་པའི་བསླབ་བྱ་གནང་ཡོད། ཁོང་གིས་རང་ཉིད་ཀྱི་ལས་དོན་ལ་རྟག་ཏུ་བསམ་ཞིབ་གནང་བ་དང་། རང་རྟོགས་ངང་རང་སྐྱོན་རང་བརྗོད་དང་། རང་ཉིད་ཕྱོགས་བསྡོམས། རང་ཉིད་རྟོག་ཞིབ། རང་ཉིད་འཐུས་ཚང་དུ་གཏོང་བ་བཅས་གནང་གི་ཡོད་པས། ཁོང་གོ་གནས་མཐོན་པོར་བཞུགས་ཡོད་ཀྱང་དམིགས་བསལ་གཏན་ནས་གནང་གི་མེད། ཏང་ཡོན་དང་མང་ཚོགས་ཀྱིས་སྒྲུབ་ཐུབ་པ་ཞིག་ཡིན་ཕྱིན་ཁོང་རང་ཉིད་ཀྱིས་སྔོན་ལ་སྒྲུབ་ཐུབ་ཀྱི་ཡོད། ཁོང་གིས“བསམ་པའི་འཚོ་བའི་ཐད་ང་ཚོས་ལུས་སེམས་ཡོངས་རྫོགས་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ཐོག་འཇོག་དགོས་པ་དང་། མི་དམངས་ཀྱི་དཀའ་སྡུག་ལ་སེམས་ཁྲལ་བྱེད་པ། འཛམ་གླིང་གི་མདུན་ལམ་ལ་བསམ་བློ་གཏོང་དགོས། དེ་ལྟར་བྱས་ཚེ་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་འགྲོ་བ་དང་བསམ་པའི་གོ་རྟོགས་ཀྱང་བླ་ན་མེད་པ་ཞིག་ཡོང་ཐུབ”ཅེས་གསུངས་པ་རེད། “དངོས་པོའི་འཚོ་བའི་ཐད། ང་ཚོ་འགོ་ཁྲིད་ལས་བྱེད་པས་འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་སྐྱེལ་དགོས་ཤིང་། རང་ཉིད་ལ་དངོས་པོའི་འདང་བར་མ་ཟད། མང་དྲགས་པའི་ཚོར་སྣང་ཞིག་ཡོད་དགོས། གཞན་གྱིས་ང་ཚོར་བགོས་པ་མང་ན་སྡོད་བཟོད་མི་བདེ་བ་ཞིག་ཡིན་དགོས། དཀའ་སྤྱད་བབ་ཆགས་བྱ་རྒྱུ་དེ་ང་ཚོའི་སྤྱོད་བཟང་ཞིག་ཏུ་འགྱུར་བར་བྱ་དགོས།” ཁོང་གིས་རང་ཉིད་ཀྱི་གཉེན་ཉེ་ལ་བླང་བྱ་ནན་པོ་གནང་ནས་ཁོང་ཚོར“ཁྱིམ་སྲོལ་དོན་ཚན་བཅུ”བཟོས་ཏེ་རང་ཉིད་ཀྱི་དབང་ཆ་སྤྱད་དེ་རང་ཉིད་དམ་ཡང་ན་གཉེན་ཉེ་སྤུན་མཆེད་ལ་སྒེར་ཕན་ཕྲན་བུ་མི་སྒྲུབ་པ་གནང་ཡོད། ཁོང་གི་རྒྱབ་ཕྱོགས་སུ་སྒེར་གྱི་རྒྱུ་ནོར་གང་ཡང་བཞག་མེད་པ་དང་། ཁོང་དང་བློ་མཐུན་ཏེང་ཡིན་ཁྲའོ་ཡི་སྐུ་ཚེ་གང་པོའི་གླ་ཕོགས་གསོག་འཇོག་བྱས་རིགས་ཚང་མ་ཏང་དངུལ་ལ་སྤྲད་ཅིང་། ཁོང་གི་པུར་ཐལ་ནི་མེས་རྒྱལ་གྱི་རི་ཀླུང་ས་གཞི་ཆེན་པོར་གཏོར་བ་རེད། ཁོང་གིས“ང་ཚོའི་མི་ཚེ་འདི་དང་དུས་རབས་འདིའི་མི་རྣམས་ཀྱིས་རིན་དོད་མང་ཙམ་བཏང་བ་ནི་མི་རབས་རྗེས་མར་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལོངས་སྤྱོད་དེ་བས་ལེགས་པ་བྱ་རྒྱུ་དེ་རེད”ཅེས་གསུངས་པ་རེད། བློ་མཐུན་ཀྲོའུ་ཨེན་ལེ་ཡི་སྐུ་ཚེ་གང་པོར་སྒེར་སེམས་མེད་པ་དང་། རང་གཅུན་ནན་པོ། སྤྱོད་གཙང་སྤྱི་གཞོལ་བཅས་གནང་བ་དེ་ནི་གུང་ཁྲན་ཏང་མིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་མིག་དཔེ་བཟང་པོ་ཞིག་རེད།

4 མི་སྣ་དྲན་གསོ།

ཀྲོའུ་ཨེན་ལེ་དྲན་གསོ་ཁང་དེ་སྤྱི་ལོ1988ལོའི་ཟླ3པར་ཀྲོའུ་ཨེན་ལེ་ཡི་ཕ་ཡུལ་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་དུ་བསྐྲུན་པ་དང་སྤྱི་ལོ1992ལོའི་ཟླ1པོའི་ཚེས6ཉིན་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་རེད། སྤྱི་ལོ1998ལོར་ཀྲོའུ་ཨེན་ལེ་སྐུ་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུ་ཆེད་པེ་ཅིང་ཀྲུང་ནན་ཧའེ་ཡི་ཤིས་ཧྭ་ཚོམས་ཆེན་དང་ཀྲོའུ་ཨེན་ལེ་ཡི་ཟངས་སྐུའི་ཐང་ཆེན་སླར་ཡང་བསྐྲུན་པ་རེད། ཀྲོའུ་ཨེན་ལེ་དྲན་གསོ་ཁང་གི་མིང་ནི་ཏེང་ཞའོ་ཕིང་གིས་བྲིས།

དྲན་གསོ་ཁང་ཁུལ་ནི་དྲན་གསོའི་གླིང་ཕྲན་དང་། ཡངས་ཤིང་རྒྱ་ཆེ་བའི་ཆུ་ངོས་དང་མཚེའུ་ཡིས་མཐའ་སྐོར་བའི་སྔོ་ལྗང་ཁུལ་ལས་གྲུབ་པ་ཞིག་ཡིན། དེའི་སྤྱིའི་རྒྱ་ཁྱོན་ལ་སྨིད་གྲུ་བཞི་མ་ཁྲི40ཡོད། དེའི་ནང་བརྒྱ་ཆའི་བདུན་བཅུ་ནི་ཆུ་ངོས་ཡིན་པ་རེད། གླིང་ཕྲན་སྟེང་གི་འགྲེམས་ཁང་གཙོ་བོ་དང་འགྲེམས་ཁང་ཟུར་བ་ནི་ཤར་ལྷོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆི་ཁང་གིས་ཇུས་འགོད་བྱས་པ་ཡིན། འགྲེམས་ཁང་གཙོ་བོའི་མཐོ་ཚད་སྨི26ཡིན་པ་དེ་ནན་ཅིང་གི་དབྱི་ལིང་དང་ཡུས་ཧྭ་ཐའེ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དང་རིམ་པ་གཅིག་མཚུངས་ཀྱི་མཐོ་ཚད་དུ་སླེབས་ཡོད། འགྲེམས་ཁང་གཙོ་བོ་ནི་གྲུ་བཞི་དབྱིབས་དང་ནང་ཟུར་བརྒྱད་ཀྱི་རྣམ་པ་ཡིན། ཕྱོགས་བཞི་ངོས་བརྒྱད་ཀྱིས་ཀྲོའུ་ཨེན་ལེ་ཡི་སྙིང་སྟོབས་ཀྲུང་ཧྭ་མི་རིགས་ཡོངས་ལ་ཁྱབ་ཡོད་པ་མཚོན་ཞིང་། འཛེང་རྡོའི་ཀ་བ་བཞི་ཡིས་གཟར་ངོས་བཞི་ཡི་ཁང་ཀླད་འདེགས་སྐྱོར་བྱས་ཡོད་པས། མི་རྣམས་ཀྱི་སེམས་ལ་ཅང་ཧོའེ་བདེ་ཐང་དུ་ཆུ་དྲངས་ནས་ཞིང་ཆུ་འདྲེན་པའི་ཕྱུགས་ར་དྲན་ཞིང་། དེའི་ནང་དུ་ཀྲོའུ་ཨེན་ལེ་ཡིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བེའུ་ཡི་སྙིང་སྟོབས་འདུས་ཡོད། འཛེང་རྡོའི་ཀ་བ་བཞི་ཡིས་ཀྲོའུ་ཨེན་ལེ་སྐུ་འཚོ་བཞུགས་སྐབས་སྔ་རྗེས་སུ་སྤྱི་ལོ1954ལོ་དང་། སྤྱི་ལོ1962ལོ། 1964ལོ། 1975ལོ་བཅས་སུ“དེང་རབས་ཅན་བཞི”མངོན་འགྱུར་བྱེད་པའི་བརྗིད་ཆེའི་བསམ་ཚོད་ཐེངས་བཞི་བཏོན་མྱོང་པ་མཚོན། འགྲེམས་ཁང་གཙོ་བོ་སྔོ་ལྗང་རྩྭ་ཐང་གི་རྨང་གཞིའི་སྟེགས་བུའི་ཐོག་གནས་པ་དེས་ཀྲོའུ་ཙུང་ལི་ནི་ཀྲུང་གོ་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བུ་ཕྲུག་ཡིན་པ་དང་ཁོང་ནམ་ཡང་མེས་རྒྱལ་གྱི་ས་གཞིའི་ཐོག་གཞི་ཚུགས་རྒྱུ་ཡིན་པ་མཚོན་ཡོད།.jpeg

འགྲེམས་ཁང་གཙོ་བོ་ལ་རིམ་པ་གསུམ་ཡོད། ལྷོ་ཕྱོགས་ཀྱི་རྡོ་སྐས་བང་རིམ51བརྒྱུད་དེ་འགྲེམས་ཁང་གཙོ་བའི་ཐོག་སོ་གཉིས་པའི་མཇལ་ཕྲད་ཁང་དུ་འབྱོར། རྡོ་སྐས་རིམ་པ51གི་གོ་དོན་ནི། སྤྱི་ལོ1949ལོར་ཀྲུང་གོ་གསར་པ་ཚུགས་སྐབས་སུ་ཀྲོའུ་ཨེན་ལེ་སྲིད་དོན་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་སྐབས་དགུང་ལོ51ཡིན་པ་མཚོན་ཡོད། ཚོམས་ཆེན་ནང་གི་ཀྲོའུ་ཙུང་ལིའི་འདྲ་གཟུགས་གཡང་ཊི་དཀར་པོའི་ཞིག་དང་། མཐོ་ཚད་སྨི4.7ཡོད། ཚོམས་ཆེན་ནང་གི་མདའ་ཡབ་སྔོན་པོས་ཉི་འོད་ཐད་ཀར་ཀྲུའུ་ཨེན་ལའེ་ཡི་འདྲ་གཟུགས་སྟེང་དུ་འཕྲོ་རུ་འཇུག་ཐུབ། འདི་ཡིས་ཀྲུའུ་ཨེན་ལའེ་ནི་གནམ་ས་ཐེག་ཐུབ་པའི་རླབས་ཆེན་གྱི་མི་སྣ་ཞིན་ཡིན་པ་མཚོན།  འགྲེམས་ཁང་གཙོ་བོའི་གཅིག་ཐོག་ནི་བཤམས་སྟོན་ཁང་ཡིན་ལ། སྤྱི་ལོ2008ལོར་གློག་བརྙན་ཚོམས་ཆེན་དུ་སྒྱུར་བཀོད་བྱས་ནས་ཀྲོའུ་ཨེན་ལེ་ཡི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་ཀྱི་གློག་བརྙན་སྟོན་བཞིན་ཡོད། འགྲེམས་ཁང་གི་ཐོག་བརྩེགས་གསུམ་པ་ནི་ལྟ་སྐོར་སྟེགས་བུ་ཡིན་པ་དང་། ཐག་རིང་ནས་གནའ་གྲོང་དང་འགྲེམས་ཁུལ་གྱི་མཛེས་ལྗོངས་ལ་རྒྱང་ལྟ་བྱེད་ཐུབ། སྤྱི་ལོ2008ལོར་གསར་དུ་བསྐྲུན་པའི་ཀྲོའུ་ཨེན་ལེ་ཡི་ཚེ་གང་གི་བྱས་རྗེས་བཤམས་སྟོན་ཁང་ནི་འགྲེམས་ཁང་ཟུར་བ་ན་ཡོད། བཤམས་སྟོན་ཁང་འདིར་སྨི་གྲུ་བཞི་མ2500ཡོད་པ་དེ་དག་ཁག་བཞིར་དབྱེ་ཡོད་པ་སྟེ། ཀྲུང་ཧྭའི་དར་རྒྱས་ཀྱི་ཆེད་དུ་སེམས་ཐག་རྦད་ཆོད་ཀྱིས་འཚོལ་སྙེག་བྱེད་པ། ཀྲུང་གོ་གསར་པ་དབུ་བརྙེས་ཆེད་དཀའ་སྤྱད་འབད་བརྩོན་བྱེད་པ། མེས་རྒྱལ་དར་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་རྩལ་ཏུ་སྤྲུགས་པ། ཡུན་རིང་དྲན་གསོ་བྱེད་ཆེད་ཉམས་འགྱུར་ཡུན་གནས་བྱེད་པ།

འགྲེམས་ཁང་ཟུར་བའི་བྱང་ཕྱོགས་ནི་ཀྲོའུ་ཨེན་ལེའི་ཟངས་ཀྱི་འདྲ་གཟུགས་ཐང་ཆེན་ཡིན་པ་དང་ཐང་ཆེན་ཐོག་གི་ཀྲོའུ་ཨེན་ལེ་ཡི་ཟངས་ཀྱི་འདྲ་གཟུགས་དེའི་མཐོ་ཚད་ལ་སྨི7.8ཡོད་པ་དེ་ནི་ཀྲོའུ་ཨེན་ལེ་ཡིས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་མི་ལོ78མཚོན་པ་རེད། རྨང་སྟེགས་སྟེང་གི“བློ་མཐུན་ཀྲོའུ་ཨེན་ལེ”ཞེས་པའི་གསེར་བྲིས་ཀྱི་རྒྱ་ཡིག་ཡིག་འབྲུ་ལྔ་པོ་ནི་བློ་མཐུན་ཅང་ཙེ་མིན་གྱིས་སྤྱི་ལོ1997ལོར་བྲིས་བ་རེད། ཟངས་ཀྱི་འདྲ་གཟུགས་དེ་ནི་པེ་ཅིང་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་ལི་ཧྲོའུ་རེན་གྱིས་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། ནན་ཅིང་ཁྲེན་ཀོང་འཕྲུལ་ཆས་བཟོ་གྲྭ་ཡིས་བཟོས། ལྗིད་ཚད་ཏུན་གཉིས་ལྷག་ཙམ་ཟིན་གྱི་ཡོད། དེའི་བཟོ་ལྟ་ནི་དུས་རབས་གོང་མའི་ལོ་རབས50པའི་མཇུག་དང་ལོ་རབས60པའི་དུས་འགོའི་ཀྲོའུ་ཨེན་ལེ་ཡིས་བཟོ་པ་དང་ཞིང་པར་བྱམས་བརྩེའི་ངང་གླེང་མོལ་གནང་སྐབས་ཀྱི་རྣམ་པ་ཞིག་ཡིན་པ་སྟེ། ལག་གཉིས་སྐེད་པར་གཏད་ཅིང་ངོ་གདོང་ལ་འཛུམ་གྱིས་ཁེངས་ཡོད་པས་ཀྲོའུ་ཨེན་ལེ་ནི་འགྲོགས་བདེ་གཤིབ་བདེ་ཡིན་པའི་རང་གཤིས་མངོན་ཡོད།

ཀྲུང་ནན་ཧའེ་ནུབ་ཧྭ་ཚོམས་ཆེན་ནི་ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅང་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གིས་ཀྲོའུ་ཨེན་ལེ་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བར་ཕུལ་བའི་ལས་གཞི་ཞིག་ཡིན་ཞིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ6200ཡོད་པ་དང་། སྤྱི་ལོ1998ལོའི་ཟླ3པའི་ཚེས5ཉིན་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་རེད། པེ་ཅིན་ཀྲུང་ནན་ཧའེ་ཡི་ཞི་ཧྭ་ཚོམས་ཆེན་སྔོན་ཆད་ཆིང་རྒྱལ་རབས་དུས་མཇུག་གི་རྒྱལ་པོ་ཙའེ་ཧྥེང་གི་རྒྱལ་པོའི་ཕོ་བྲང་ཡིན་པ་དང་། ཡོན་ཧྲི་ཁའེ་སྲིད་གཞུང་གི་དུས་སྐབས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིན་པ་དང་། གོ་མིན་ཏང་གི་དུས་སྐབས་སུ་སླར་ཡང་པེ་ཕིན་དམིགས་བསལ་གྲོང་ཁྱེར་སྲིད་གཞུང་དུ་གྱུར་པ་རེད། ཀྲོའུ་ཨེན་ལེ་ནི་སྤྱི་ལོ1949ལོའི་ཟླ11པར་ནུབ་ཧྭ་ཚོམས་ཆེན་དུ་བསྡད་པ་དང་སྤྱི་ལོ1974ལོའི་ཟླ6པར་ནད་གཞི་ལྗིད་མོ་ཕོག་ནས305སྨན་ཁང་དུ་གནས་སྤར་བ་རེད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-04

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།