ལྷོ་ནུབ་མགོན་པོ་གྲི་གུག་དམར་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷོ་ནུབ་མགོན་པོ་གྲི་གུག་དམར་པོ།
ལྷོ་ནུབ་མགོན་པོ་གྲི་གུག་དམར་པོ་ནི་འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས་སུ། ཁྲག་ཞག་རྦ་ཀློང་འཁྲུགས་པའི་རྒྱ་མཚོ་ན་རྡོ་རྗེའི་བྲག་རི་དམར་ནག་བདུན་བརྩེགས་ཀྱི་སྟེང་མི་རོའི་གདན་སྟེང་དུ་ཀྵ་མཧཱ་ཀཱ་ལ་སྐུ་མདོག་དམར་ནག་ཞལ་རས་ཀྱི་དཀྱིལ་འཁོར་ལྷག་པར་དམར་བ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་མེ་འབར་བ་འཕྱར་བས་གཤིན་རྗེ་བྲན་དུ་འཁོལ་བ། གཡོན་ཀླད་ཁྲག་དང་གློ་སྙིང་གིས་གང་བའི་ཐོད་པ་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ། ཞགས་པ་ནག་པོས་དགྲ་བགེགས་ཀྱི་སྐེ་ནས་བཅིངས་ཤིང་ཞགས་པའི་སྣེ་མོ་ཕྱག་གཡོན་གྱི་མཐེབ་སྲིན་ལ་དཀྲིས་པ། ཞལ་གྱི་གྲྭ་ནས་ཁྲག་འཛག་པ། སྤྱན་གསུམ་དང་ལྡན་ཞིང་གང་རྒྱངས་དྲག་པོ་སྒྲོག་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
དམར་ནག
1 ངོ་སྤྲོད། 

ལྷོ་ནུབ་མགོན་པོ་གྲི་གུག་དམར་པོ་ནི་འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས་སུ། ཁྲག་ཞག་རྦ་ཀློང་འཁྲུགས་པའི་རྒྱ་མཚོ་ན་རྡོ་རྗེའི་བྲག་རི་དམར་ནག་བདུན་བརྩེགས་ཀྱི་སྟེང་མི་རོའི་གདན་སྟེང་དུ་ཀྵ་མཧཱ་ཀཱ་ལ་སྐུ་མདོག་དམར་ནག་ཞལ་རས་ཀྱི་དཀྱིལ་འཁོར་ལྷག་པར་དམར་བ། ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་མེ་འབར་བ་འཕྱར་བས་གཤིན་རྗེ་བྲན་དུ་འཁོལ་བ། གཡོན་ཀླད་ཁྲག་དང་གློ་སྙིང་གིས་གང་བའི་ཐོད་པ་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ། ཞགས་པ་ནག་པོས་དགྲ་བགེགས་ཀྱི་སྐེ་ནས་བཅིངས་ཤིང་ཞགས་པའི་སྣེ་མོ་ཕྱག་གཡོན་གྱི་མཐེབ་སྲིན་ལ་དཀྲིས་པ། ཞལ་གྱི་གྲྭ་ནས་ཁྲག་འཛག་པ། སྤྱན་གསུམ་དང་ལྡན་ཞིང་གང་རྒྱངས་དྲག་པོ་སྒྲོག་པ། མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ་རྐན་སྒྲ་དྲག་པོ་སྒྲོགས་པས་ས་གཡོ་བར་བྱེད་པ། སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦྲུལ་ནག་དང་དར་ནག་གི་ཐོད་བཅིངས་ཤིང་། ཉི་ཟླས་དབུ་བརྒྱན་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང་གསུང་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་མེ་ཚན་དྲག་པོ་འབར་བའི་ཀློང་ནས་བཞེངས་པ། དེའི་གཡས་སུ་གནོད་སྦྱིན་ཤན་པ་རའི་གདོང་ཅན་སྨུག་ནག་གཡས་གྲི་གུ་འཕྱར་ཞིང་། གཡོན་དམ་ཉམས་ཀྱི་སྲོག་རྩ་ཞལ་དུ་གསོལ་བ། གཡོན་དུ་མར་སྙིང་ཟ་མ་དམར་མོ་དུག་གི་གྲི་ཁྱེ་དང་། དགྲ་བགེགས་ཀྱི་གློ་སྙིང་འཛིན་པ། རྒྱབ་ཏུ་བཟའ་བདུད་དམར་ནག་སྲིན་པོའི་ཆ་ལུགས་ཅན། མགོ་ལུས་མིག་གིས་གང་བ། མདའ་གཞུ་འགེངས་པ། མདུན་དུ་གསང་བའི་མཁའ་འགྲོ་མ་དམར་ནག་གྲི་གུག་དང་དང་ཐོད་ཁྲག་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་སྐྲ་གྲོལ་བ། མགོ་འཕྲེང་དང་རུས་པས་བརྒྱན་ཅིང་མི་ལྤགས་དང་སྟག་ལྤགས་སོགས་གསོལ་བ། དེ་དག་ལ་སོགས་པ་མཁའ་འགྲོ་ཉི་ཤུ་རྩ་གཅིག་དང་། སྲིད་པ་ཕོ་རྒྱུད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཀྱི་བསྐོར་བའོ༎ 

2 བསྟོད་པ། 

  ཧཱུཾ་ཆོས་ཀྱི་དབྱིངས་ལས་སྣ་ཚོགས་སྤྲུལ་པའི་སྐུ༎ གྲག་སྟོང་ང་རོས་བདུད་དཔུང་འཇོམས་པའི་གསུང་༎ རྟོག་མེད་ངང་ནས་སྒྲུབ་མཆོག་སྐྱོད་པའི་ཐུགས༎ བསྟན་བསྲུང་ཆེན་པོ་ཁྱོད་ལ་བདག་བསྟོད་དོ༎               

3 ​བཟླ་བྱའི་སྔགས། 

ཨོཾ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་སྭཱཧཱ། ཨོཾ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་སྭཱཧཱ༎


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-03

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།