སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ།
སྤྱི་ལོ2006ལོའི་ཟླ3པའི་ཚེས4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཞི་པའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་ཐོན་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོ་ཆུང་གི་གྲོས་བསྡུར་ལ་ཞུགས་སྐབས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྤྱི་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་ལ་གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད་ནང་དོན་གཙོ་བོ་ཡིན་པའི་སྤྱི་ཚོགས་རིང་ལུགས་འཛུགས་པར་ཁྲིད་སྟོན་བྱ་དགོས་ཞེས་བཏོན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་རྣམ་བཤད་གལ་ཆེན་སྙིང་བསྡུས་གནད་ལ་འཕིགས་པ་དང་། ནང་དོན་ཟབ་པ། མི་རིགས་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ལྡན་པ་ཡིན། “གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད”ནང་དོན་གཙོ་བོ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱིས་རང་རྒྱལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་བཞག་ཡོད་པས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀུན་སྤྱོད་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བར་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义荣辱观
འདོན་མཁན་གྱི་མིང་།
ཧུའུ་ཅིན་ཐའོ།
དབྱིན་ཡིག་གི་མིང་།
Socialist concept of honor and Disgrace
བཏོན་པའི་དུས་ཚོད།
སྤྱི་ལོ206ལོའི་ཟླ6ཚེས4ཉིན།
1 ​ནང་དོན།

མེས་རྒྱལ་ལ་དགའ་ཞེན་བྱས་ན་གཟི་བརྗིད་དང་༎ མེས་རྒྱལ་ལ་གནོད་འཚེ་བྱས་ན་ངོ་ཚ་ཡིན༎

མི་དམངས་ལ་ཞབས་འདེགས་ཞུས་ན་གཟི་བརྗིད་དང་༎ མི་དམངས་དང་རྒྱབ་འགལ་བྱས་ན་ངོ་ཚ་ཡིན༎

ཚན་རིག་ལ་བརྩི་མཐོང་བྱས་ན་གཟི་བརྗིད་དང་༎ བླུན་རྨོངས་ཤེས་མེད་བྱས་ན་ངོ་ཚ་ཡིན༎

དཀའ་སྤྱད་ངལ་རྩོལ་བྱས་ན་གཟི་བརྗིད་དང་༎ སྐྱིད་འདོད་ལས་གཡོལ་བྱས་ན་ངོ་ཚ་ཡིན༎

མཐུན་སྒྲིལ་རོགས་རེས་བྱས་ན་གཟི་བརྗིད་དང་༎ གཞན་གནོད་རང་ཕན་བྱས་ན་ངོ་ཚ་ཡིན༎

ཁ་དན་ཚིག་གནས་བྱས་ན་གཟི་བརྗིད་དང་༎ ཁེ་མཐོང་བདེན་སྐྱུར་བྱས་ན་ངོ་ཚ་ཡིན༎

སྒྲིག་བརྩི་ཁྲིམས་སྲུང་བྱས་ན་གཟི་བརྗིད་དང་༎ ཁྲིམས་འགལ་ལུགས་དཀྲུག་བྱས་ན་ངོ་ཚ་ཡིན༎

དཀའ་སྤྱད་འབད་བརྩོན་བྱས་ན་གཟི་བརྗིད་དང་༎ བག་མེད་རྒྱས་སྤྲོས་བྱས་ན་ངོ་ཚ་ཡིན༎

2 ངོ་བོ།

གཟི་བརྗིད་དང་ངོ་ཚ་ནི་ཞེ་ཁྲེལ་ལྟ་བའི་ཁྲོད་ཀྱི་གཞི་རྩའི་ཁྱབ་ཁོངས་ཡིན། དེ་ནི་སྤྱི་ཚོགས་ཀྱིས་མི་རྣམས་ཀྱི་བྱ་སྤྱོད་ལ་བསྔགས་བརྗོད་དང་དམའ་འབེབས་བྱེད་པའི་དཔྱད་འཇོག་དང་དེ་བཞིན་མི་རྣམས་ཀྱིས་དཔྱད་འཇོག་དེ་རིགས་ལ་བཞག་པའི་རང་ཉིད་ཀྱི་མྱོང་ཚོར་ལ་ཟེར། དེ་ནི་སྤྱི་ཚོགས་ཀྱིས་མི་རྣམས་ཀྱི་བྱ་སྤྱོད་ལ་བསྟོད་བསྔགས་དང་གདེང་འཇོག་བྱེད་པར་གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད་ཀྱིས་གདེང་འཇོག་བྱེད་པ་དང་། གདེང་འཇོག་འདི་ལྟ་བུའི་རང་ཉིད་ཀྱི་མྱོང་ཚོར་ལ་ཟེར། ཞེ་ཁྲེལ་ཤེས་པ་ནི་མི་གཤིས་ཀྱི་མཚོན་རྟགས་ཤིག་ཡིན་པ་དང་། མི་དང་སྲོག་ཆགས་ཀྱི་ཁྱད་པར་འབྱེད་བྱེད་དང་། མིའི་བྱ་སྤྱོད་ཀྱི་ཚད་གཞི་གལ་ཆེན་ཞིག་ཡིན། ཧྲ་ཧྲི་པི་ཡཱས“ངའི་གཟི་བརྗིད་ངའི་ཚེ་སྲོག་ཡིན་པ་དང་། གཟི་བརྗིད་དང་ཚེ་སྲོག་ངོ་བོ་གཅིག་ཏུ་གྲུབ་ཡོད་པས། ངའི་གཟི་བརྗིད་བླངས་རྗེས་ངའི་ཚེ་སྲོག་ཀྱང་གནས་མི་ཐུབ”ཅེས་གསུངས་ཡོད། མེང་ཙིས་ཀྱང“ངོ་ཚ་དང་འཁོན་འཛིན་མེད་པའི་སེམས་ནི་མི་ལ་བརྩི་མི་རུང” ཞེས་གསུངས་ཡོད་པ་རེད། 

སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་པའི“གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད”སྲོག་ཤིང་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་ཞེས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྲོལ་རྒྱུན་ཀྱི་ཀུན་སྤྱོད་ཡག་པོ་ལས་བཙོ་སྦྱང་དང་འཕེལ་རྒྱས་བྱུང་བ་རེད། ཞེ་ཁྲེལ་ཤེས་ཚེ་གཞི་ནས་ཡིན་མིན་གསལ་པོ་ཤེས་པ་དང་། ལེགས་ཉེས་དབྱེ་འབྱེད་བྱེད་ཐུབ། ནམ་ཞིག་གཟི་བརྗིད་དང་ངོ་ཚའི་དབྱེ་བ་མ་ཕྱེ་ན། ཡིན་མིན་དང་། དགེ་སྡིག མཛེས་སྡུག་བཅས་ཀྱི་དབྱེ་མཚམས་དཀྲུག་ངེས་ཡིན་པས། ཀུན་སྤྱོད་མི་ཆོས་ཁང་ཆེན་གྱི་རྨང་གཞིར་གཡོ་འགུལ་ཐེབས་པ་མ་ཟད། སྤྱི་ཚོགས་ཀྱི་དར་སྲོལ་ཧྲིལ་པོར་ཡང་ཤུགས་རྐྱེན་ཚབས་ཆེན་ཐེབས་ངེས་ཡིན།

མི་རིགས་ཀྱི་སྙིང་སྟོབས་དང་སྲོལ་རྒྱུན་སྤྱོད་བཟང་གི་ཞིབ་སྦྱང་།

ཞེ་ཁྲེལ་གྱི་ལྟ་བ་དང་མི་རིགས་ཀྱི་སྙིང་སྟོབས། མི་རིགས་ཀྱི་སྲོལ་རྒྱུན་བར་ནང་གནས་ཀྱི་འབྲེལ་བ་དམ་ཟབ་ཡོད་ལ། ཀྲུང་ཧྭའི་སྲོལ་རྒྱུན་མི་ཆོས་རིག་པའི་ཁྲོད་ཀྱི་ཆེས་གཞི་རྩ་དང་ཆེས་སྤྱིར་བཏང་གི་ཀུན་སྤྱོད་ཁྱབ་ཁོངས་ཀྱང་ཡིན། ཁུང་ཙི་དང་། མེང་ཙེ། ཞུན་ཙི་བཅས་ཀྱིས་མཚོན་པའི་ཆིན་རྒྱལ་རབས་སྔོན་གྱི་རུའུ་ལུགས་ཀྱིས་ལོ་ངོ་དུ་མའི་ཡར་སྔོན་དུ“བྱམས”དང་། “དྲང་བདེན”ཚད་གཞི་ཡིན་པའི་ཞེ་ཁྲེལ་གྱི་ལྟ་བ་བཏོན་པ་དང་། ཀོན་ཀྲུང་གི“འབྲུ་རིགས་མཛོད་ནང་དུ་བཅུག་ན་གུས་སྲོལ་ཤེས་པ་དང་། ལྟོ་གོས་འཛོམས་ན་ཞེ་ཁྲེལ་རྟོགས”ཞེས་པའི་ཚིག་དེས་ཕྱི་རབས་པར་ལམ་སྟོན་གནང་ཡོད། རང་རྒྱལ་གྱི་ཀྲན་གོའི་དུས་མཇུག་གི་བསམ་བློ་པ་ཞུན་ཙིས་ཞེ་ཁྲེལ་མ་ཤེས་ན་མི་རུ་འཛིན་མི་རུང་ཞེས་གསུངས་ཡོད། དེའི་རྗེས་སུ་གནའ་མིས་ཞེ་ཁྲེལ་དང་འབྲེལ་བ་ཡོད་པའི་ལེགས་བཤད་མི་ཉུང་བ་ཞིག་བཏོན་ཡོད་པ་དཔེར་ན། “མི་བརླག་རུང་གཟི་བརྗིད་བརླག་མི་རུང”ཞེས་པ་དང་། “ཕྱུག་རུང་ཕུགས་འདུན་མེད་པ་ལས། དབུལ་རུང་ཕུགས་འདུན་ཡོད་ན་དགའ”ཞེས་པ་སོགས་ལྟ་བུ་རེད། གནའ་རབས་ཀྱི་མཚན་ཉིད་རིག་པའི་སྐྱེས་བུ་དམ་པ་འདི་དག་གིས་ཞེ་ཁྲེལ་ནི་མི་གཤིས་དང་འདྲ་བའི་གོ་གནས་གལ་ཆེན་ཞིག་ཏུ་བཞག་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་མང་པོའི་རིང་གི་འཕེལ་རྒྱས་ལོ་རྒྱུས་ནི་མི་རིགས་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས། རྒྱུན་ཆད་མེད་པར་དར་སྤེལ་བཅས་བྱེད་པའི་ལོ་རྒྱུས་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྲོལ་རྒྱུན་གྱི་སྤྱོད་བཟང་རྒྱུན་འཛིན་བྱས་ཡོད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་འཕོ་འགྱུར་ཆེན་པོ་ཇི་ཙམ་བྱུང་ཡང་ང་ཚོའི་མི་རིགས་ཀྱིས་ནམ་ཡང་བདེན་ལེགས་མཛེས་གསུམ་གྱི་བླ་ན་མེད་པའི་རེ་འདུན་ཞིག་བརྟན་སྲུང་བྱེད་ཀྱི་ཡོད། གཞུང་བཀུར་གཞུང་སྐྱོང་དང་། མི་དམངས་ཀྱི་དོན་དུ་རང་སྲོག་བློས་གཏོང་ཕོད་པའི་སྐྱེས་ཆེན་དམ་པ་དང་། གཞན་གྱི་ཆེད་དུ་ཚེ་སྲོག་བློས་གཏོང་ཕོད་པའི་དྲང་བདེན་གྱི་མི་སྣ། ཁེངས་སྐྱུང་དང་ལས་ལ་བརྩོན་ཞིང་བབ་ཆགས་པའི་མི་སེར་དཀྱུས་མ་བཅས་ཀྱིས་ཐུན་མོང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་བྱས་རྗེས་རླབས་ཆེན་བཏོད་ཡོད། ལོ་རྒྱུས་དང་སྲོལ་རྒྱུན་གྱི་ཁྲག་རྒྱུན། མི་རིགས་ཀྱི་སྙིང་སྟོབས་དང་སྲོལ་རྒྱན་གྱི་སྤྱོད་བཟང་ནི་ང་ཚོའི་མི་རིགས་མི་རབས་ནས་མི་རབས་བར་ཉམས་པ་མེད་པའི་བསམ་པའི་སྲོག་ཤིང་ལྟ་བུ་ཡིན། རྒྱལ་ཁབ་འཇིག་ཉེན་ཆེ་བའི་དམག་འཁྲུག་གི་དུས་རབས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་ཚེ་སྲོག་བློས་གཏོང་ཐུབ་པ། སྔོན་འགྱེལ་རྗེས་མཐུད་ཐུབ་མཁན་གཟི་བརྗིད་དུ་བརྩི་བ་དང་། གསོན་འདོད་ཤི་སྐྲག་དང་། ལྐོག་ཏུ་གསོན་འདོད་མཁན་ངོ་ཚ་ཅན་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་འཕྲད་སྐབས་བདེན་པའི་རྒྱབ་ལངས་དང་། ཉེན་སྐྱོར་དཀའ་སེལ། སྒེར་སེམས་མེད་པར་རང་ནུས་འདོན་པ་གཟི་བརྗིད་དང་། ཀུན་སྤྱོད་ངན་པ་དང་། གོ་མེད་ཚོར་མེད། ཁེ་མཐོང་བདེན་སྐྱུར་མཁན་ནི་ངོ་ཚ་ཅན་ཏུ་བརྩི། ཞི་བདེའི་དུས་སྐབས་སུ་རྒྱུན་ལྡན་གྱི་ལས་ཀ་དང་སློབ་སྦྱོང་གི་ཁྲོད་དུ། ལས་ལ་དགའ་ཞིང་བརྩོན་པ་དང་། བརྩོན་འགྲུས་ཡར་ཐོན། གསར་གཏོད་བྱེད་ཕོད་པ་བཅས་བྱས་ན་གཟི་བརྗིད་དང་སྐྱིད་འདོད་ལས་གཡོལ། རྒྱས་སྤྲོས་ཆུད་ཟོས། ཡར་རྒྱས་བརྩོན་ལེན་བྱེད་འདོད་མེད་མཁན་བཅས་ནི་ངོ་ཚ་ཡིན། མི་རིགས་ཀྱི་སྙིང་སྟོབས་དང་སྲོལ་རྒྱུན་གྱི་སྤྱོད་བཟང་ཟབ་མོ་མཚོན་པའི་གཟི་བརྗིད་དང་ངོ་ཚ་ཤེས་པའི་ཞེ་ཁྲེལ་ལྟ་བས། ཀྲུང་ཧྭ་མི་རིགས་ཉམས་པ་མེད་པ་དང་། མཐུན་སྒྲིལ་གཅིག་གྱུར་ཀྱི་བསམ་པའི་སྒྲོག་ཐག་དང་བསམ་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་གྱུར་པ་དང་། ཀྲུང་གོ་མི་དམངས་ཀྱི་ཆེས་རྩ་ཆེ་བའི་བསམ་པའི་ནོར་བུ་དང་དང་རིག་གནས་ཤུལ་བཞག་ཅིག་ཡིན་པས་ང་ཚོས་ངེས་པར་དུ་གཅེས་སྤྲས་དང་། རྒྱུན་འཛིན་ནན་ཏན། དར་སྤེལ་ཤུགས་ཆེན་བཅས་བྱེད་དགོས། “གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད”ཀྱིས་སྲོག་ཤིང་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་རིང་ཆགས་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྲོལ་རྒྱུན་གྱི་སྤྱོད་བཟང་རྒྱུན་འཛིན་བྱས་པ་དང་། རང་རེའི་ཏང་དང་མི་དམངས་ཀྱིས་དུས་ཡུན་རིང་པོའི་གསར་བརྗེའི་འཐབ་རྩོད་དང་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་གྲུབ་པའི་སྲོལ་རྒྱུན་བཟང་པོ་དང་ཀུན་སྤྱོད་བཟང་པོ་དར་སྤེལ་བཏང་བས། རང་རྒྱལ་གྱིས་སྲོལ་རྒྱུན་ཞེ་ཁྲེལ་ལྟ་བའི་ཉིང་བཅུད་བསྡུ་ལེན་བྱས་ཡོད། ང་ཚོས་སྤྱི་ཚོགས་ཡོངས་སུ་“བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་རབས་ཀྱི་རྗེས་སུ་དམ་པོར་སྙེག་པ་དང་། གསར་གཏོད་བྱེད་ཕོད་པ། དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་པ། དཀའ་སྤྱད་འབད་བརྩོན་དང་། བདེན་འཚོལ་དོན་གཉེར” བཅས་ཀྱི་དུས་རབས་ཀྱི་སྙིང་སྟོབས་དྲིལ་བསྒྲགས་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྐྱོང་གི་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་ཡོངས་ཀྱི་སྤྱི་དམངས་ཀྱི་ཀུན་སྤྱོད་ཛུགས་སྐྲུན་གྱིས་སྲོལ་རྒྱུན་བཟང་པོ་མཚོན་ལ་དུས་རབས་ཀྱི་ཁྱད་ཆོས་ཀྱང་མཚོན་པ་དང་། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱ་དགོས།

དུས་རབས་ཀྱི་སྙིང་སྟོབས་གསལ་བོར་མཚོན་པ།

ཀྲུང་གོའི་གསར་བརྗེའི་སྙིང་སྟོབས་ནི་དེང་རབས་ཀྲུང་གོའི་དུས་རབས་ཀྱི་སྙིང་སྟོབས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཅིན་ཀང་རི་བོར་གཟིགས་ཞིབ་གནང་སྐབས་གསུངས་དོན། “ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དེ་ཅིན་ཀང་རི་བོའི་སྙིང་སྟོབས་དང་ཁ་འབྲལ་ཐབས་མེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་ཡང་ཅིན་ཀང་རི་བོའི་སྙིང་སྟོབས་དར་སྤེལ་གཏོང་དགོས” ཅིང་ཀང་རི་བོའི་སྙིང་སྟོབས་ནི་ཀྲུང་གོའི་གསར་བརྗེའི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། དཔེར་ན། དེའི་རྗེས་ཀྱི་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་། ཡན་ཨན་གྱི་སྙིང་སྟོབས། ཞི་པའེ་ཕོའི་སྙིང་སྟོབས་སོགས་སྙིང་སྟོབས་དེ་དག་གླེང་ཐེངས་རེར་ང་ཚོས་རང་དབང་མེད་པར་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་དགའ་ཞེན། དཔའ་ངར་ཞུམ་མེད། དཀའ་སྤྱད་འབད་བརྩོན་བཅས་དང་ཟུང་འབྲེལ་བྱེད་ངེས་ཡིན། ལོ་རྒྱས་དང་དོན་དངོས་ཀྱིས་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་མེད་པའི་མི་རིགས་ཤིག་ནི་རང་སྟོབས་རང་སྤེལ་བྱེད་དཀའ་བ་དང་། དཀའ་སྤྱད་འབད་འཐབ་ཀྱི་བསམ་པ་མེད་པའི་རྒྱལ་ཁབ་ཅིག་ནི་འཕེལ་རྒྱས་དང་ཡར་ཐོན་ཡོང་དཀའ་བ་དང་། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་མེད་པའི་སྲིད་ཏང་ཞིག་ནི་དར་རྒྱས་གོང་འཕེལ་ཡོང་དཀའ་བ་ཞིག་རེད། ང་ཚོའི་ཏང་གི་ལོ་ངོ80ལྷག་གི་ལོ་རྒྱུས་བརྒྱུད་རིམ་ཁྲོད། དཀའ་སྤྱད་འབད་བརྩོན་དེ་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ཏེ། ཐོག་མཐའ་བར་གསུམ་དུ་ང་ཚོར་ཞུམ་མེད་ཡར་བརྩོན་དང་། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དཀའ་ངལ་དང་ཉམས་སད་སྣ་ཚོགས་ཀྱི་མདུན་དུ་གཡོ་མེད་འགྱིང་ངེར་གནས་པ་དང་རྒྱལ་ཁ་ལེན་ཕོད་པ་བྱ་དགོས་པའི་སྐུལ་མ་བཏང་ཡོད། དཀའ་སྤྱད་འབད་བརྩོན་ནི་ང་ཚོའི་ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་ཡིན་པ་དང་། ང་ཚོའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་ཆབ་སྲིད་ཀྱི་རང་མདངས་ཡིན་པའི་ཆ་ནས། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་དང་། ཏང་ཡོངས་དང་མི་དམངས་ཡོངས་ལ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་དར་རྒྱས་ཡོང་བར་ཐུན་མོང་ཐོག་འབད་འཐབ་བྱེད་པར་སྐུལ་མ་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ལོ2006ལོའི་དཔྱིད་གསར་དུས་ཆེན་རིང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཡན་ཨན་དུ་རྟོག་ཞིབ་གནང་སྐབས་ཡན་ཨན་གྱི་ས་གཞི་འདིའི་ཐོག་གྲུབ་པའི་ཡན་ཨན་གྱི་སྙིང་སྟོབས་ནི་ང་ཚོའི་རྩ་ཆེ་ཤོས་ཀྱི་མཚོན་བྱེད་ཡིན་ཞེས་གསུངས་པ་རེད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་རླབས་པོ་ཆེའི་ནང་ང་ཚོས་ཡན་ཨན་གྱི་སྙིང་སྟོབས་དེ་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྒུལ་ཤུགས་ཆེན་པོ་ཞིག་དང་། དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཏུ་བརྩིས་ནས་ཡན་ཨན་གྱི་སྙིང་སྟོབས་ལ་དུས་རབས་གསར་པ་ཞིག་འཕྲོ་ཐུབ་པ་བྱེད་དགོས། བཅིངས་འགྲོལ་བཏང་རྗེས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དང་བསྒྱུར་བཅོས་ཁྲོད་དུ། རང་རྒྱལ་མི་དམངས་ཀྱིས་བློ་གྲོས་དང་ཚེ་སྲོག་ལ་བརྟེན་ནས་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཀྲུང་ཧྭ་མི་རིགས་དང་དུས་རབས་ཀྱི་སྙིང་སྟོབས་ཀྱི་རི་མོ་གསར་པ་བྲིས་ཡོད་པ་དང་། དེའི་ནང་རླབས་ཆེ་བའི“མེ་འགོག་ཁྲོ་རོགས་ཀྱི་སྙིང་སྟོབས”དང་། “མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས”“ཆུ་ལོག་འགོག་པའི་སྙིང་སྟོབས” “དམིགས་བསལ་གློ་བའི་ཚ་ནད་འགོག་རྒོལ་བྱེད་པའི་སྙིང་སྟོབས”“མི་སྡོད་འཕུར་སྐྱོད་ཀྱི་སྙིང་སྟོབས”སོགས་འདུས་ཡོད།

བསམ་པའི་འཁྱེར་སོ།

ང་ཚོས་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་བྱེད་པའི་ཕྱོགས་ནས་དར་སྤེལ་བྱེད་པར“རྒྱལ་གཅེས་ཁྲིམས་སྲུང་། གུས་ལུགས་ཤེས་པ། ཁ་དན་ཚིག་གནས། མཐུན་སྒྲིལ་མཛའ་མཐུན། རང་འབད་རང་བརྩོན། ལས་བཀུར་བློས་གཏོང”བཅས་ཀྱི་སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་གཞི་བཏོན་ནས་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་བཅས་འཛུགས་སྐྱོང་གི་ལྷུ་ཚིགས་ཁག་ཏུ་མངོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས“གཟི་བརྗིད་བརྒྱད་དང་། ངོ་ཚ་བརྒྱད”ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནན་བཤད་གནང་དོན་ནི་ང་ཚོས་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་སྒོ་ཀུན་ནས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་བཅས་ཕྱོགས་གང་ཅིའི་ཐད་ལ་འདྲེས་པར་བྱེད་པའི་ཕན་ནུས་ལྡན་པའི་ཐབས་ལམ་དང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཏང་ཡོན་དང་། ལས་བྱེད་པ། རྒྱ་ཆེའི་མང་ཚོགས་བཅས་ཐོག་མཐའ་བར་གསུམ་དུ་ཡར་རྒྱས་བརྩོན་ལེན་དང་གསར་གཏོད་ཡར་བརྩོན་བྱེད་པའི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱ་དགོས།

3 ཚད་གཞི།

སྤྱི་ཚོགས་ཀྱི་དར་སྲོལ་ནི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་རིན་ཐང་ཁྲིད་ཕྱོགས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཀྱང་ཡིན། སྤྱི་ཚོགས་ཀྱི་དར་སྲོལ་གྱིས་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་དང་བྱ་སྤྱོད་སྤེལ་སྟངས་ཐད་ཀར་མཚོན་པ་ནི་སྤྱི་ཚོགས་ཀྱི་འབྲེལ་བའི་ཕྱིའི་མཚོན་ཚུལ་ཞིག་ཡིན། གནའ་མིས“སྤྱི་ཚོགས་ཀྱི་དར་སྲོལ་ནི་གནམ་འོག་གི་དོན་ཆེན”ཞིག་ཡིན། སྤྱི་ཚོགས་ལ་མཚོན་ནས་བཤད་ན། དར་སྲོལ་ནི་མི་མང་པོ་ཞིག་གིས་བསམ་གཞིགས་དང་བྱ་སྤྱོད་ལ་བརྟེན་ནས་གྲུབ་པའི་ཡོངས་ཁྱབ་རང་བཞིན་ལྡན་པའི་མཇུག་འབྲས་ཤིག་ཡིན་ལ། མངོན་མེད་སྟོབས་ཤུགས་ཤིག་ཀྱང་ཡིན། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོས་མི་རྣམས་ཀྱི་ཀུན་སྤྱོད་དང་བསམ་ཚུལ་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་ཐུབ་པ་དང་། ཧུར་བརྩོན་ཡར་སྐྱེད་ཀྱི་བསམ་པའི་འཁྱེར་སོ་སྟེར་ཐུབ་པས། དཔལ་འབྱོར་དང་སྤྱི་ཚོགས་བདེ་ཐང་ངང་གོང་དུ་འཕེལ་བར་ནུས་པ་ཧ་ཅང་ཆེན་པོ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བ་དེས་ཀྱང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་འཛུགས་པ་དང་ཆགས་པར་དངོས་པོའི་རྨང་གཞི་བརྟན་པོ་ཞིག་འདོན་སྤྲོད་བྱས་ཏེ། སྤྱི་ཚོགས་ཀྱི་དར་སྲོལ་སྔར་ལས་མཐོ་བར་མཐོར་འདེགས་གཏོང་ཐུབ། འོན་ཀྱང་། འདུ་ཤེས་དང་བྱ་སྤྱོད་མི་ལེགས་པ་ནམ་ཞིག་ལ་གོམས་སྲོལ་ཆགས་ན། སྤྱི་ཚོགས་ཀྱི་བདེ་ཐང་ལ་བསླད་སྐྱོན་གཏོང་སྲིད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ནང་ཡིན་མིན་དང་། དགེ་སྡིག ཡག་བཙོག་བཅས་ཀྱི་དབྱེ་མཚམས་ནི་གཏན་ནས་མཉམ་བསྲེས་བྱེད་མི་རུང་བ་དང་། གང་ཞིག་མཐའ་འཁྱོངས་དང་གང་ལ་ངོ་རྒོལ་བྱེད་པ། གང་ཞིག་དར་སྤེལ་གཏོང་བ། གང་ཞིག་བཀག་འགོག་བྱེད་པ་བཅས་ཚང་མ་ངེས་པར་དུ་གསལ་སྟོན་བྱེད་དགོས། “གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད”ཀྱིས་དེང་རབས་ཀྲུང་གོ་འཕེལ་རྒྱས་འགྲོ་བའི་ཁྱོན་ཡོངས་ལ་དམིགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ལ་ཁ་ཕྱོགས་པ། མིག་སྔའི་སྤྱི་ཚོགས་ཀྱི་དར་སྲོལ་ནང་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་ཟུང་འབྲེལ་དམ་ཟབ་བྱེད་པ་བཅས་ལ་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད།

ཕྱོགས་སྟོན་ཚད་གཞི།

“ངོ་ཚ”ཞེས་པ་གང་ཡིན། “གཟི་བརྗིད”ཅེས་པ་གང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི“གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད”ནི་སྤྱི་ཚོགས་ཀྱི་རིན་ཐང་ཕྱོགས་སྟོན་ཀྱི་ཁྲེ་ཙེ་ཞིག་ཡིན་པས། ང་ཚོར་གང་ཞིག་དར་སྤེལ་གཏོང་རྒྱུ་དང་གང་ཞིག་ལ་ངོ་རྒོལ་བྱེད་པའི་གཞི་རྩའི་ཚད་འཇལ་ཚད་གཞི་གཏན་འཁེལ་བྱས་ཡོད། ཀུན་སྤྱོད་དར་སྲོལ་བཟང་པོ་འཛུགས་པ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་འདུན་དྲག་པོ་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་བདེ་བླག་ངང་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་བླང་བྱའང་ཡིན། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་འཛུགས་རྒྱུའི་འགག་རྩ་ནི་ཡིན་མིན་དང་། བཟང་ངན། ཡག་བཙོག་བཅས་ཀྱི་དབྱེ་མཚམས་གསལ་པོར་འབྱེད་རྒྱུ་དང་། ལྟ་བ་གསལ་སྟོན་གྱི་སྒོ་ནས་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་དང་ཉམས་རྒུད་དུ་འགྲོ་བའི་སྤྱི་ཚོགས་ཀྱི་དར་སྲོལ་ལ་ངོ་རྒོལ་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་གཞི་དར་སྤེལ་གཏོང་བ། གཞན་ཕན་ལ་དགའ་བ་དང་གཞན་ཕན་གྱི་བྱ་སྤྱོད་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་ལ་བརྟེན་ནས་མི་རེ་རེའི་གཏམ་སྤྱོད་ཚད་ལྡན་དང་ཚོད་འཛིན་བཅས་བྱེད་དགོས། “གཟི་བརྗིད་བརྒྱད”དར་སྤེལ་དང་། དགེ་སྒྲུབ་ཆུ་རྒྱུག་ལྟར་བྱེད་པ། “ངོ་ཚ་བརྒྱད”ལ“མིན”ཟེར་བ་དང་མདུང་རྩེ་ཁ་སྤྲོད་བྱེད་དགོས། ཀུན་སྤྱོད་ཀྱི་ཁྱབ་ཁོངས་སུ། དར་ཆ་གསལ་སྟོན་གྱིས“གཟི་བརྗིད་བརྒྱད”མཐའ་འཁྱོངས་དང་དར་སྤེལ་གཏོང་བ་དང་། “ངོ་ཚ་བརྒྱད”ལ་ངོ་རྒོལ་དང་བཀག་འགོག་བྱེད་པ་དེ་ནི་སྤྱོད་བཟང་དར་སྤེལ་བཏང་ནས་བསྐལ་བརྒྱར་བརྟན་པའི་དོན་ཆེན་ཞིག་རེད།

4 ཚན་རིག་གི་གོ་དོན།

གཅིག་ནས“ མེས་རྒྱལ་ལ་དགའ་ཞེན་བྱས་ན་གཟི་བརྗིད་དང་། མེས་རྒྱལ་ལ་གནོད་འཚེ་བྱས་ན་ངོ་ཚ་ཡིན།” “མི་དམངས་ལ་ཞབས་འདེགས་ཞུས་ན་གཟི་བརྗིད་དང་། མི་དམངས་དང་རྒྱབ་འགལ་བྱས་ན་ངོ་ཚ་ཡིན།” “ ཚན་རིག་ལ་བརྩི་མཐོང་བྱས་ན་གཟི་བརྗིད་དང་། བླུན་རྨོངས་ཤེས་མེད་བྱས་ན་ངོ་ཚ་ཡིན། ” “དཀའ་སྤྱད་ངལ་རྩོལ་བྱས་ན་གཟི་བརྗིད་དང་། སྐྱིད་འདོད་ལས་གཡོལ་བྱས་ན་ངོ་ཚ་ཡིན།”འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་རྩ་དོན་གཅིག་སྡུད་ཐོག་སྙིང་བསྡུས་བྱས་པ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཀྱི“དགའ་ཞེན་ལྔའི”གཞི་རྩའི་བླང་བྱ་ཡང་མཚོན་ཡོད་པ་དང་མཉམ་དུ་སྤྱི་དམངས་ཚང་མས་འཁུར་དགོས་པའི་འོས་འགན་ཞིག་ཀྱང་ཡིན།

གཉིས་ནས“མཐུན་སྒྲིལ་རོགས་རེས་བྱས་ན་གཟི་བརྗིད་དང་། གཞན་གནོད་རང་ཕན་བྱས་ན་ངོ་ཚ་ཡིན།” “ཁ་དན་ཚིག་གནས་བྱས་ན་གཟི་བརྗིད་དང་། ཁེ་མཐོང་བདེན་སྐྱུར་བྱས་ན་ངོ་ཚ་ཡིན། ” “སྒྲིག་བརྩི་ཁྲིམས་སྲུང་བྱས་ན་གཟི་བརྗིད་དང་། ཁྲིམས་འགལ་ལུགས་དཀྲུག་བྱས་ན་ངོ་ཚ་ཡིན།” དེའི་ཐོག་ནས་ཁྱིམ་ཚང་གི་འཚོ་བ་དང་། ལས་རིགས་ཀྱི་འཚོ་བ། སྤྱི་ཚོགས་ཀྱི་སྤྱི་པའི་འཚོ་བ་བཅས་ཁྲོད་ཀྱི་སྤྱི་དམངས་ཀྱིས་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་ཚད་གཞི་ཡིན་ལ། དཔལ་འབྱོར་ཀུན་སྤྱོད་འཛུགས་སྐྱོང་གི་རྩ་བའི་བླང་བྱའང་ཡིན་མངོན་ཡོད།

གསུམ་ནས“དཀའ་སྤྱད་འབད་བརྩོན་བྱས་ན་གཟི་བརྗིད་དང་། བག་མེད་རྒྱས་སྤྲོས་བྱས་ན་ངོ་ཚ་ཡིན”ཞེས་པ་ནི། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་ཀུན་སྤྱོད་རིག་གནས་དང་ཀྲུང་གོ་གུང་ཁྲན་ཏང་མིས་གསར་བརྗེའི་དམག་འཁྲུག་གི་ལོ་རབས་དང་དེ་བཞིན་ཞི་བས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ་ཆགས་པའི་ཕུལ་བྱུང་ཀུན་སྤྱོད་སྲོལ་རྒྱུན་ཐད་ཀར་རྒྱུན་འཛིན་བྱས་པ་ཞིག་ཡིན་ལ། བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་ཀྱི་རྩ་བའི་བླང་བྱའང་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་བརྩི་སྲུང་ཞུ་དགོས་པའི་ཀུན་སྤྱོད་ཀྱི་གཞི་རྩའི་རྩ་དོན་དང་ཀུན་སྤྱོད་ཀྱི་ཚད་གཞི་ལ་ཚད་མཐོའི་སྙིང་བསྡུས་བྱས་པ་ཞིག་རེད་ཅེས་བཤད་ཆོག་ལ། སྤྱི་ཡོངས་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་གཙོ་ཁྲིད་རིན་ཐང་མ་ལག་གི་གསོན་ཉམས་ལྡན་པའི་ཞིབ་གླེང་ཞིག་ཀྱང་རེད།

སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་བཏོན་པ་དེས་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀུན་སྤྱོད་འཛུགས་སྤེལ་བྱེད་པའི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། ནང་དོན་གྱི་ཐོག་ནས་བལྟས་ན། དེས་ཕྱོགས་བཞི་གཅིག་གྱུར་དམ་ཚགས་བྱུང་བ་མཚོན་པ་སྟེ། གཅིག་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ཁྲིད་ཕྱོགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཚད་ལྡན་གཅིག་གྱུར་དམ་ཚགས་བྱུང་བ་རེད། དེས་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་ཡོངས་སུ་ཁྱབ་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཚད་གཞིའི་ནང་དོན་ལའང་སྙིང་བསྡུས་ཚད་མཐོན་པོ་བྱས་ཡོད། གཉིས་ནི་ཁས་ལེན་དང་ཁས་མི་ལེན་པའི་གཅིག་གྱུར་དམ་ཚགས་ཡིན། “གཟི་བརྗིད་བརྒྱད”ནི་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཚད་གཞི་གནད་ལ་འཕིགས་པའི་སྒོ་ནས་སྙིང་བསྡུས་བྱས་པ་ཞིག་ཡིན་ཞིང་། དྲང་ཕྱོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཚད་གཞི་ལ་ཞབས་འདེགས་ཞུ་དགོས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་དགོས་པ། ཚན་རིག་ལ་བརྩི་མཐོང་བྱེད་དགོས་པ། དཀའ་སྤྱད་ཀྱིས་ངལ་རྩོལ་བྱེད་དགོས་པ། མཐུན་སྒྲིལ་རོགས་རེས་བྱེད་དགོས་པ། གཞུང་དྲང་དང་ཁ་དན་ཚིག་གནས་བྱེད་དགོས་པ། སྒྲིག་བརྩི་ཁྲིམས་སྲུང་བྱེད་དགོས་པ། དཀའ་སྤྱད་འབད་འཐབ་བྱེད་དགོས་པ་བཅས་ནན་བཤད་བྱས་ཡོད་པ་དང་། “ངོ་ཚ་བརྒྱད”ཀྱིས་དགག་ཕྱོགས་ཀྱི་ཐད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཚད་གཞི་ལ་གོམ་གང་མདུན་སྤོས་ཀྱིས་འཆད་འགྲེལ་བྱས་ཡོད་པ་རེད། མེས་རྒྱལ་ལ་གནོད་འཚེ་གཏོང་བ་དང་། མི་དམངས་ལ་མགོ་སྐོར་གཏོང་བ། བླུན་རྨོངས་ཤེས་དམན་དང་སྐྱིད་འདོད་ལས་གཡོལ། གཞན་གནོད་རང་ཕན། ཁེ་མཐོང་བདེན་འདོར། བག་མེད་རྒྱས་སྤྲོས་བཅས་ཀྱི་གཏམ་སྤྱོད་ལ་ངོ་རྒོལ་བྱས་ནས་མིག་སྔའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་ངན་པ་དང་སྤྱོད་ཚུལ་ངན་པར་རྡུང་རྡེག་ནུས་ལྡན་གཏོང་དགོས་པ་ཁ་གསལ་བཏོན་ཡོད། གསུམ་ནི་དེང་རབས་སྤྱི་ཚོགས་ཀྱི་ཕུལ་བྱུང་ཀུན་སྤྱོད་དེ་ཀྲུང་ཧྭ་མི་རིགས་དང་ཟུང་འབྲེལ་དམ་ཟབ་བྱ་དགོས། དེས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་ཕྱོགས་བསྡུས་བྱས་ཡོད་པ་དང་། དུས་རབས་ཀྱི་སྙིང་སྟོབས་ལྡན་པའི་ཀུན་སྤྱོད་ཀྱི་བླང་བྱ་བཏོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ཀྱང་རྒྱུན་འཛིན་དང་དར་སྤེལ་བྱས་ཡོད་པས། མི་རིགས་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད། བཞི་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་གཅིག་གྱུར་དམ་ཚགས་བྱུང་བ་མཚོན་ཡོད།

5  ལག་ལེན་བྱེད་ཚུལ།

1.སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་དང་ཟུང་འབྲེལ་དམ་ཟབ་བྱ་དགོས།

2.སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་གསོ་སྐྱོང་དང་འཛུགས་སྐྱོང་བྱེད་པར་ཟུང་འབྲེལ་དམ་ཟབ་བྱ་དགོས།

3.སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་། ཆབ་སྲིད་དཔལ་ཡོན་འཛུགས་སྤེལ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་དམ་ཟབ་བྱ་དགོས།

4.སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་དང་དར་སྤེལ་གཏོང་རྒྱུ་དང་བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དང་ཟུང་འབྲེལ་དམ་ཟབ་བྱ་དགོས།

5.སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་ཟུང་འབྲེལ་དམ་པོ་བྱ་དགོས། 

6.སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་སྤྱི་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་པོ་བྱ་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-29

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།