ལྟ་ཞིབ་ལས་ཁུངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྟ་ཞིབ་ལས་ཁུངས།
ལྟ་ཞིབ་ལས་ཁུངས་ནི་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་དེའི་ལས་བྱེད་མི་སྣའི་བྱ་བ་དང་། སྤྱི་དབང་བཀོལ་བའི་རྒྱལ་ཁབ་ཀྱི་ལས་ཁུངས་ལས་བྱེད་མི་སྣ། རྒྱལ་ཁབ་ཀྱི་གཞུང་དོན་ལས་བྱེད་པའི་བྱ་བར་ལྟ་སྐུལ་དང་ཞིབ་དཔྱོད། ཡོ་བསྲང་ཞུ་གཏུག་བྱེད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན་ལ། ཀྲུང་གོ་གསར་བ་འཛུགས་པའི་ཐོག་མའི་སྐབས་སུ། སྲིད་དོན་ཁང་གིས་མི་དམངས་ལྟ་ཞིབ་ལས་ཁུངས་ཨུ་ཡོན་ལྷན་ཚོགས་བཙུགས་ཡོད། ཕྱིས་སུ་སྲིད་དོན་ཁང་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་བསྒྱུར་བ་དང་། མི་དམངས་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་དེ་རྒྱལ་ཁབ་ལྟ་ཞིབ་པུའུ་རུ་བསྒྱུར། སྤྱི་ལོ1959ལོའི་ཟླ4པར་ལྟ་ཞིབ་པུའུ་མེད་པར་བཏང་། སྤྱི་ལོ1987ལོའི་སྐབས་དྲུག་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས18པ་རུ་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་ལམ་ལུགས་བསྐྱར་གསོ་དང་གཏན་འཁེལ་བྱེད་དགོས་པ་བཏོན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་པུའུ་བཙུགས། ལྟ་ཞིབ་ལས་ཁུངས་ནི་ཆེད་དུ་རྒྱལ་ཁབ་ཀྱི་ལྟ་ཞིབ་འགན་ནུས་འཁུར་བའི་ལས་ཁུངས་ཡིན། སྤྱི་དབང་བཀོལ་བའི་གཞུང་དོན་ལས་བྱེད་ཐམས་ཅད་ལ་ལྟ་ཞིབ་བྱས་ནས། འགན་ཐོག་ཁྲིམས་འགལ་དང་འགན་ཐོག་ཉེས་གསོག་ལ་ཞིབ་བཤེར་བྱས་ནས། སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་ལས་ཀ་ལག་བསྟར་བྱེད་ཀྱིན་ཡོད། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་དང་ས་གནས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་བཙུགས་ཡོད། སྤྱི་ལོ2018ལོའི་ཟླ3པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་རྩ་ཁྲིམས་བསྒྱུར་བཅོས་ཀྱི་རྩ་གནད་ལ་གྲོས་འཆམ་བྱུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་བཙུགས་ཤིང་། ལྟ་ཞིབ་པུའུ་སོར་འཇོག་མི་བྱེད་པར་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་སུ་བཅུག ལྟ་ཞིབ་ལས་ཁུངས་ནི་སྲིད་འཛིན་ལས་ཁུངས་མིན་པར་ཆབ་སྲིད་ལས་ཁུངས་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
监察委员会
ཆེས་མཐོའི་ལྟ་ཞིབ་ལས་ཁུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས།
གོང་རིམ་ལས་ཁུངས།
རིམ་པ་འདིའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རིམ་པ་གོང་མའི་ལྟ་ཞིབ་ལས་ཁུངས།
སྔར་མིང་།
མི་དམངས་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས།ལྟ་ཞིབ་པུའུ། (ཐིང་། ཅུས)
འཛུགས་གཞི།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།
1 ལྟ་ཞིབ་བཅའ་ཁྲིམས། 

རྒྱལ་ཁབ་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་ཆེས་མཐོའི་ལྟ་ཞིབ་ལས་ཁུངས་ཡིན་ལ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལས་བྱུང་བ་དང་རྒྱལ་ཡོངས་ཀྱི་ལྟ་ཞིབ་བྱ་བར་འགན་འཁུར་གྱིན་ཡོད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། རང་སྐྱོང་ཁུལ། རྫོང་། རང་སྐྱོང་རྫོང་། གྲོང་ཁྱེར། གྲོང་ཁྱེར་མངའ་ཁུལ་བཅས་སུ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ཡོད། 

ས་གནས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་རིམ་པ་དེའི་མི་དམངས་འཐུས་མིའི་ཚོགས་ཆེན་ལས་བྱུང་བ་དང་སྲིད་འཛིན་ས་ཁུལ་འདིའི་ནང་གི་ལྟ་ཞིབ་བྱ་བར་འགན་ཁུར་གྱིན་ཡོད། ས་གནས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། གོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་ཅིང་དེའི་ལྟ་སྐུལ་དང་ལེན་བྱེད་དོ།། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ས་གནས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བར་དབུ་ཁྲིད་བྱེད་པ་དང་གོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རིམ་པ་འོག་མའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བར་དབུ་ཁྲིད་བྱེད་ཀྱིན་ཡོད། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་ཀྱིས་སྤེལ་བའི་རུལ་སུང་ལ་རྒོལ་བའི་རྒྱལ་སྤྱིའི་འབྲེལ་འདྲིས་དང་མཉམ་འབྲེལ་ལ་གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་། རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་ཆིངས་ཡིག་ལག་བསྟར་ལ་རྩ་འཛུགས་བྱེད་པ་ཡིན། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》དོན་ཚན་དང་པོར། རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་ལ་བཅོས་སྒྱུར་དང་། སྤྱི་དབང་བཀོལ་བའི་གཞུང་དོན་ལས་བྱེད་མི་སྣར་ལྟ་སྐུལ་ཤུགས་ཆེར་བྱེད་པ། རྒྱལ་ཁབ་ཀྱི་ལྟ་ཞིབ་ཕྱོགས་ཡོངས་སུ་ཁེབ་པ། རུལ་སུངས་ལ་རྒོལ་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་གི་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་བྱ་ཆེེད། རྩ་ཁྲིམས་གཞིར་བཟུང་ནས། བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན། ཞེས་བཀོད་ཡོད། དོན་ཚན་གསུམ་པར། རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་ཆེད་དུ་རྒྱལ་ཁབ་ཀྱི་ལྟ་ཞིབ་འགན་ནུས་འཁུར་བའི་ལས་ཁུངས་ཡིན། བཅའ་ཁྲིམས་འདི་གཞིར་བཟུང་ནས་སྤྱི་དབང་བཀོལ་བའི་གཞུང་དོན་ལས་བྱེད་མི་སྣ་ཐམས་ཅད་ལ་ལྟ་ཞིབ་བྱེད་པ་ཡིན་ལ། ལས་འགན་ཁྲིམས་འགལ་དང་ལས་འགན་ཉེས་བཟོ་ལ་བརྟག་དཔྱད་བཏང་ནས། སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོ་བའི་བྱ་བ་སྤེལ་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྩིས་ཐང་སྲུང་གིན་ཡོད། ཅེས་བཀོད་ཡོད།

ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་ནས་ཁེར་ཚུགས་ངང་ལྟ་ཞིབ་དབང་ཆ་སྤྱོད་ཀྱིན་ཡོད་པས། སྲིད་འཛིན་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སུས་ཀྱང་ཐེ་གཏོགས་མི་ཐེབས། རྒྱལ་ཁབ་ལྟ་ཞིབ་ཀྱི་བྱ་བ་ནི་ནན་ཏན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་འཛིན་པ་དང་དོན་དངོས་ལ་གཞི་བཅོལ། བཅའ་ཁྲིམས་ཚད་གཞིར་འཛིན་པ་བཅས་བྱེད་དགོས། བཅའ་ཁྲིམས་ཀྱི་མདུན་དུ་ཐམས་ཅད་འདྲ་མཉམ་ཡིན་པ་དང་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་ཁག་ཐེག་ཡོང་བར་བྱེད་དགོས། ཁེ་དབང་དང་འགན་འཁྲི་དོ་མཉམ་བྱས་ནས་ལྟ་སྐུལ་ནན་ཏན་བྱེད་དགོས། ཆད་གཅོད་བསླབ་འདོམས་དང་སློབ་གསོ་ཟུང་འབྲེལ་བྱས་ནས་ཞི་དྲག་ཟུང་འབྲེལ་བྱེད་དགོས། རྒྱལ་ཁབ་ཀྱི་ལྟ་ཞིབ་བྱ་བར་རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་ལྟ་སྐུལ་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་པ་དང་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་འཐུས་ཚང་དུ་བཏང་ནས་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་བྱེད་དགོས། ཁྲིམས་སྐྱོང་སློབ་གསོ་དང་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས།

ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་འདི་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལྟ་སྐུལ་དང་། བརྟག་དཔྱད། ཐག་གཅོད་བཅས་ཀྱི་འགན་འཁྲི་བསྒྲུབ་དགོས་པ་སྟེ། 

(གཅིག) སྲིད་གཙང་གི་སློབ་གསོ་སྤེལ་བ་དང་། དེས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། དབང་ཆ་དྲང་གཞག་གིས་སྤྱོད་པ། སྲིད་གཙང་དང་དེ་བཞིན་སྤྱོད་ལམ་སྲུང་བའི་གནས་ཚུལ་བཅས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས། 

(གཉིས) འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། དབང་ཆར་བརྟེན་ནས་ཁེ་བཟང་འཚོལ་བ། ཁེ་ཕན་སྐྱེལ་བ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ། དེ་བཞིན་རྒྱལ་ཁབ་ཀྱི་རྒྱུ་ནོར་ཆུད་ཟོས་སུ་གཏོང་བ་སོགས་ཀྱི་ལས་གནས་ཁྲིམས་འགལ་དང་ལས་ཐོག་ཉེས་གསོག་ལ་བརྟག་དཔྱད་བྱེད་དགོས། 

(གསུམ) ཁྲིམས་དང་འགལ་བའི་གཞུང་དོན་ལས་བྱེད་མི་སྣ་ལ་ཁྲིམས་ལྟར་སྲིད་དོན་ཆད་པ་གཅོད་རྒྱུའི་ཆོད་དོན་འཇོག་པ་དང་། འགན་འཁྲི་སྒྲུབ་ནུས་མི་འདང་བ་དང་འགན་འཛོལ་དང་འགན་འཛོལ་བྱུང་བའི་འགོ་ཁྲིད་མི་སྣར་འགན་འཁྲི་རྩད་གཅོད་བྱ་དགོས། ལས་ཐོག་ཉེས་གསོག་གི་དོགས་གཞི་ཡོད་རིགས་མི་དམངས་ཞིབ་དཔྱོད་ཁང་ལ་ཁྲིམས་ལྟར་ཞིབ་བཤེར་དང་གཞུང་གཏུག་བྱ་རྒྱུར་རྩིས་སྤྲོད་བྱེད་པ་དང་། ལྟ་ཞིབ་བྱ་ཡུལ་གནས་སའི་ལས་ཁུངས་ལ་ལྟ་ཞིབ་བྱ་རྒྱུའི་གྲོས་འགོ་འདོན་དགོས།

2 རྩ་ཁྲིམས།

སྤྱི་ལོ2018ལོའི་ཟླ3པའི་ཚེས11ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོར་རྩ་ཁྲིམས་བཅོས་སྒྱུར་རྩ་གནད་ལ་གྲོས་འཆམ་བྱུང་སྟེ། རྩ་ཁྲིམས་ཀྱི་དོན་ཚན་གསུམ་པའི་ནང་གསེས་དོན་ཚན་གསུམ་པའི། “རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་ཐམས་ཅད་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལས་བྱུང་བ་དང་དེ་ལ་འགན་འཁུར་ཅིང་དེས་ལྟ་སྐུལ་བྱེད་པ་ཡིན”ཞེས་པ“རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས།ཞིབ་དཔྱོད་ལས་ཁུངས་ཐམས་ཅད་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལས་བྱུང་བ་དང་དེ་ལ་འགན་འཁུར་ཅིང་དེས་ལྟ་སྐུལ་བྱེད་པ་ཡིན”ཞེས་སུ་བཅོས་པ་ཡིན།

རྩ་ཁྲིམས་ཀྱི་ལེའུ་གསུམ་པའི“རྒྱལ་ཁབ་ཀྱི་ལས་ཁུངས”སུ་ནང་གསེལ་དོན་ཚན་བདུན་པ་ཞིག་བསྣན་པ་ནི། “ལྟ་ཞིབ་ཨུ་ཡོན་ལྷན་ཁང”ཡིན། དོན་ཚན་ལྔ་བསྣན་པ་ནི། དོན་ཚན་བརྒྱ་དང་ཉེར་གསུམ་ནས་བརྒྱ་དང་ཉེར་བདུན་བར་ཡིན། ནང་དོན་གཤམ་གསལ་བཞིན།

དོན་ཚན་བདུན་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང།

དོན་ཚན་བརྒྱ་དང་ཉེར་གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་ཀྱི་ལྟ་ཞིབ་ལས་ཁུངས་ཡིན།

དོན་ཚན་བརྒྱ་དང་ཉེར་བཞི་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ས་གནས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ཡོད།

ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲུབ་ཚུལ་གཤམ་གསལ་ལྟར།

ཀྲུའུ་རེན།

ཀྲུའུ་རེན་གཞོན་པ་འགའ་ཞིག 

ཨུ་ཡོན་འགའ་ཞིག 

ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་སྐབས་རེའི་འགན་འཛིན་དུས་ཡུན་ནི་རིམ་པ་དེའི་དམངས་ཆེན་འཐུས་ཚོགས་ཀྱི་འགན་འཛིན་དུས་ཡུན་དང་མཚུངས། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་བསྟུན་མར་འགན་འཛིན་དུས་ཡུན་སྐབས་གཉིས་ལས་བརྒལ་མི་རུང་།

ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་དང་འགན་དབང་ནི་བཅའ་ཁྲིམས་ཀྱིས་གཏན་ལ་འབེབས་དགོས།

དོན་ཚན་བརྒྱ་དང་ཉེར་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ནི་ཆེས་མཐོའི་ལྟ་ཞིབ་ལས་ཁུངས་ཡིན།

རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ས་གནས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་དབུ་ཁྲིད་བྱེད་པ་དང་། གོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རིམ་པ་འོག་མའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བར་དབུ་ཁྲིད་བྱེད་པ་ཡིན།

དོན་ཚན་བརྒྱ་དང་ཉེར་དྲུག་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་དགོས་པ་དང་། ས་གནས་རིམ་པ་སོ་སོའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེ་ཉིད་འབྱུང་སའི་རྒྱལ་ཁབ་དབང་འཛིན་ལས་ཁུངས་དང་རིམ་པ་གོང་མའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་དགོས།

དོན་ཚན་བརྒྱ་དང་ཉེར་བདུན་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་ནས་ཁེར་ཚུགས་ངང་ལྟ་ཞིབ་དབང་ཆ་སྤྱོད་ཀྱིན་ཡོད་པས། སྲིད་འཛིན་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་སུས་ཀྱང་ཐེ་གཏོགས་མི་ཐེབས། ལྟ་ཞིབ་ལས་ཁུངས་ཀྱིས་ལས་འགན་ཁྲིམས་འགལ་དང་ལས་གནས་ཉེས་གསོག་གི་གྱོད་དོན་ལ་འདྲི་གཅོད་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས། ཁྲིམས་བསྟར་སྡེ་ཁག་དང་ཕན་ཚུན་མཉམ་འབྲེལ་བྱེད་པ་དང་ཕན་ཚུན་ཚོད་འཛིན་བྱེད་དགོས་སོ།།

ནང་གསེས་དོན་ཚན་བདུན་པ་དེ་དོན་ཚན་བརྒྱད་པར་བཅོས་པ་སྟེ། དོན་ཚན་བརྒྱ་དང་ཉེར་གསུམ་ནས་དོན་ཚན་བརྒྱ་དང་སོ་བརྒྱད་མཚམས་རྣམས་སུ་དེར་མཐུན་གྱིས་དོན་ཚན་བརྒྱ་དང་ཉེར་བརྒྱད་ནས་དོན་ཚན་བརྒྱ་དང་བཞི་བཅུའི་བར་དུ་བཅོས་སོ།། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-12-04

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།