ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།
ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནི་རྩོམ་རིག་དང་ལོ་རྒྱུས། ཚད་མ། དཔལ་འབྱོར་དོ་དམ། ཁྲིམས་ལུགས། རྩིས་རིག ཞིང་ལས་རིག་པ་སོགས་ཆེད་ལས་གང་མང་ཡོད་པའི་སྣ་འཛོམས་ཅན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོ་ཞིག་ཡིན། སློབ་གྲྭ་འདི་སྤྱི་ལོ1950ལོའི་ཟླ7པར་ཐོག་མར་བཙུགས་པ་དང་སྤྱི་ལོ1951ལོའི་ཟླ6པའི་ཚེས1ཉིན་དངོས་སུ་དབུ་བརྙེས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།
རྒྱ་ཡིག་གི་མིང་།
西南民族大学
ཕྱི་ཡིག་གི་མིང་།
Southwest Minzu University
སློབ་གླིང་གཙོ་བོ།
རྩོམ་རིག་དང་གསར་འགྱུར་བརྒྱུད་སྒྲོག་སྡེ་ཁག། བོད་རིག་པ་སློབ་གླིང་། ལུས་རྩལ་སློབ་གླིང་། སྤྱི་ཚོགས་ཚན་རིག་དང་སེམས་ཁམས་རིག་པའི་སློབ་གླིང་། ཁྲིམས་ལུགས་སློབ་གླིང་སོགས།
བཙུགས་ལོ།
སྤྱི་ལོ1951ལོའི་ཟླ6པའི་ཚེས1ཉིན།
སློབ་གཙོ།
ཙེན་མེན།
ཏང་ཨུའི་ཧྲུའུ་ཅི།
དབྱང་མེ།
སློབ་ཚུགས་དུས་ཆེན།
ལོ་རེའི་ཟླ6པའི་ཚེས1ཉིན།
དངོས་གཞིའི་ཆེད་ལས།
85ལྷག་ཡོད།
སློབ་གྲྭའི་ཚབ་ཨང་།
10656
གནས་ཡུལ།
ཁྲིན་ཏུའུ་གྲོང་ཁྱེར་ཝུའུ་ཧའུ་ཁུལ་སྐོར་ལམ་དང་པོའི་ལྷོ་ལམ་གྱི་རིམ་པ་བཞི་བའི་སྒོ་རྟགས་ཨང16པ།
དོ་དམ་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་།
1 ངོ་སྤྲོད།  

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནི་རྩོམ་རིག་དང་ལོ་རྒྱུས། ཚད་མ། དཔལ་འབྱོར་དོ་དམ། ཁྲིམས་ལུགས། རྩིས་རིག ཞིང་ལས་རིག་པ་སོགས་ཆེད་ལས་གང་མང་ཡོད་པའི་སྣ་འཛོམས་ཅན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོ་ཞིག་ཡིན། སློབ་གྲྭ་འདི་སྤྱི་ལོ1950ལོའི་ཟླ7པར་ཐོག་མར་བཙུགས་པ་དང་སྤྱི་ལོ1951ལོའི་ཟླ6པའི་ཚེས1ཉིན་དངོས་སུ་དབུ་བརྙེས།  སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་མུའུ1600ལྷག་ཡོད། སློབ་གྲྭ་འདི་ལ་སློབ་ཁུལ་གསུམ་ཡོད་དེ། སློབ་ཁུལ་རྙིང་པ་དང་སློབ་ཁུལ་གསར་པ། ཞི་བདེ་གླིང་སློབ་ཁུལ་བཅས་ཡོད།  གཞན་སློབ་གླིང18དང་ཚན་ཁག1 པུའུ2བཅས་ཡོད།  བཀའ་བཅུ་བའི་ཆེད་ལས47ཡོད་པ་དང་། ལྷ་རམས་པའི་ས་ཚིགས28ཡོད། ཆེད་ལས་སློབ་རྟགས2 འབུམ་རམས་པའི་ས་ཚིགས1བཅས་ཡོད། མིག་སྔར་སློབ་གྲྭ་འདིའི་སློབ་མའི་མི་གྲངས་ཁྲི2ལྷག་ལ་བུད་ཡོད། དགེ་བཟོ་བ1400ལྷག་ཡོད། སློབ་གྲྭ་འདི་ལ་ཚན་རིག་ཞིབ་འཇུག་ནུས་པ་ཆེན་པོ་ལྡན་ཏེ། སློབ་གྲྭར་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་དང་ནུབ་བརྒྱུད་གསར་སྤེལ་ཆེན་མོ་ཞིབ་འཇུག་སོའོ་དང་བཅས་བའི་ཞིབ་འཇུག་ལས་ཁུངས20ལྷག་ཡོད། ལྷག་པར་དུ་མི་རིགས་རིག་གནས་ཞིབ་འཇུག(བོད་དང་དབྱི་རིགས། འཇང་རིགས། མོའོ་རིགས་ཀྱི་ཞིབ་འཇུག)དང་མི་རིགས་དེ་གའི་སྐད་ཡིག་བརྡ་འཕྲིན་ཞིབ་འཇུག་ཐད་རྒྱལ་ནང་གི་རིག་གཞུང་ཞིབ་འཇུག་ཁྲོད་དུ་སྐད་གྲགས་ཆེན་པོ་ལྡན། དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་ལ་འགྲེམས་སྤེལ་བྱས་པའི་རིག་གཞུང་དཔེ་དེབ་སྐོར་ལ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཡོད་ལ། དེ་མིན་སློབ་གྲྭའི་ནང་ཁུལ་གྱི་དུས་དེབ་སྐོར་ལ་དབྱི་རིག་པ་ཞིབ་འཇུག་དང་བོད་རིག་པ་ཞིབ་འཇུག་བཅས་ཡོད། མི་རིགས་ལྔ་བཅུ་ལྷག་གི་དགེ་སློབ་རྣམས་འདྲ་མཉམ་སྒོས་མཐུན་སྒྲིལ་བཟང་བ་དང༌། ཕན་ཚུན་བར་ལ་བརྩི་བཀུར་ཆེ་བ། འདྲ་མཉམ་ངང་ཐུན་མོང་གི་འཕེལ་རྒྱས་ལ་འབད་པ། སློབ་གྲྭའི་ནང་མི་རིགས་སོ་སོའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་བརྩི་འཇོག་ཆེན་པོ་ཐོབ་ཡོད། 

2 འཕེལ་རྒྱས་ཀྱི་ལམ་བུ།

སློབ་གྲྭ་འདི་ནི་ཀྲུའུ་ཨིན་ལེའེ་དང་ཏུན་ཞོའོ་ཕེན་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པ་རྣམས་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་འཛུགས་སྔ་བའི་མི་རིགས་སློབ་གླིང་ཞིག་ཡིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བདག་གཉེར་བྱེད་ཀྱིན་ཡོད་ལ། སྤྱི་ལོ2003ལོའི་ཟླ4པའི་ཚེས16ཉིན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭའི་མིང་ལྷོ་ནུབ་མི་རིགས་སློབ་གླིང་ནས་དངོས་སུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་བསྒྱུར། ལོ་དེའི་ཟླ་དགུ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གྲྭ་འདི་འབུམ་རམས་པའི་ཐོབ་ཐང་སྤྲད་ཆོག་པའི་སློབ་གྲྭའི་གྲས་སུ་བདམས། སྤྱི་ལོ2003ལོར་སློབ་གསོ་པུའུ་ཡིས་བཀའ་བཅུ་བའི་སློབ་གསོ་བྱ་བའི་ཆུ་ཚད་བརྟག་དཔྱད་ཁྲོད་ཕུལ་བྱུང་གི་མཚན་སྙན་ཐོབ། སློབ་གྲྭ་འདི་ཚུགས་ནས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་མི་རིགས་ས་ཁུལ་ལ་ཕྱོགས་གང་ཐད་ཀྱི་ཤེས་ལྡན་མི་སྣ50000ལྷག་བསྐྱེད་སྲིང་བྱས་ཡོད། སློབ་གྲྭ་འདིས་མི་རིགས་ས་ཁུལ་ཀྱི་བཅིངས་འགྲོལ་དང་སྲིད་དབང་འཛུགས་སྐྲུན། རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ལ་བྱས་རྗེས་ཆེན་པོ་བཞག སློབ་གྲྭས་ད་ལྟ་ལོ་ལྔའི་འཆར་གཞི་བཅུ་གཅིག་པར་འཆར་འགོད་བྱེད་བཞིན་པའི་སྒང་ཡིན་ལ། མ་འོངས་བའི་དུས་ན་སློབ་གྲྭ་འདི་ཉིད་རྒྱ་ཁྱོན་ཚད་རན་པ་དང་མ་ལག་ངེས་ཅན་ཡིན་པ། སྤྱི་ཚོགས་ལ་ཁ་ཕྱོགས་ཆེ་བ་དང་ཚན་ཁག་སྣ་མང་མཉམ་པོར་འཕེལ་རྒྱས་ཡོད་པ། སྤུས་ཚད་མཐོ་བ་དང་གྲུབ་འབྲས་མངོན་གསལ་ལྡན་པ། དེ་མིན་སྤྱི་ཚོགས་ཐོག་སྐད་གྲགས་ཆེ་བའི་དེང་རབས་ཅན་གྱི་མི་རིགས་སློབ་གྲྭ་ཆེན་མོ་ཞིག་ཏུ་འཛུགས་པར་བརྩོན་ལེན་བྱེད་ཀྱིན་ཡོད།

3 བོད་རིག་པ་སློབ་གླིང་།

བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ནི་སྤྱི་ལོ1952ལོར་བཙུགས་ཤིང༌། ལོ་ངོ་ལྔ་བཅུའི་རིང་ལ་ཆེད་ལས་འདིས་མི་རིགས་ས་ཁུལ་ལ་བོད་ཀྱི་སྐད་ཡིག་དང་རྩོམ་རིག  བོད་རྒྱ་སྐད་གཉིས་ཕྱོགས་ཀྱི་མཐོ་རིམ་ཆེད་ལས་མཁས་བ་གང་མང་གསོ་སྐྱོང་བྱས་བ་དང་དེའི་ཁྲོད་ཀྱི་མི་སྣ་ཁ་ཤས་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་མིང་གྲགས་ཅན་དུ་གྱུར་ཡོད། བོད་རིག་པའི་སློབ་གླིང་འདི་ད་ལྟ་འཕེལ་རྒྱས་ཆེན་པོར་སོང་སྟེ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་སློབ་མ་གསོ་སྐྱོང་བྱེད་པ་དེ་གཙོ་བོར་བཟུང་བ་དང་གཞན་ཆེད་ལས་སློབ་མའི་སློབ་གསོ་དང་ཞིབ་འཇུག་སློབ་མའི་སློབ་གསོ། ཕྱི་རྒྱལ་སློབ་མའི་སློབ་གསོ། དར་མའི་སློབ་གསོ། ཟབ་སྦྱོང་སློབ་གསོ། མཉམ་འབྲེལ་སློབ་སྒྲུབ་བྱེད་པ་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་སློབ་སྒྲུབ་བྱེད་པའི་སྡེ་ཁག་ཅིག་ཡིན། མིག་སྔར་བོད་རིག་པའི་སློབ་གླིང་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས། དེ་མིན་བོད་རྒྱ་སྐད་གཉིས་ཆེད་ལས། བོད་རྒྱ་སྐད་གཉིས་ཀྱི་གློག་ཀླད་ཆ་འཕྲིན་ལྟེ་གནས། བོད་རྒྱ་དབྱིན་སྐད་གསུམ་གྱི་གནས་སྐོར་ཆེད་ལས། བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་ལྟེ་གནས་བཅས་འདུས། འདི་དག་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཟི་ཁྲོན་ཞིང་ཆེན་གྱི་གཙོ་གནད་རིག་པར་གཏོགས། 

4 མིག་སྔའི་གནས་བབ།

བོད་རིག་པའི་སློབ་གླིང་ཡོངས་ལ་དགེ་བཟོ་བ22ཡོད་ལ། དེའི་ཁྲོད་དུ་སློབ་དཔོན་ཆེན་མོའི་ཐོབ་ཐང་ཡོད་མཁན་མི2དང་སློབ་དཔོན་གཞོན་པའི་ཐོབ་ཐོང་ཡོད་མཁན་མི13ཡོད། དགེ་རྒན་ནང་དུ་འབུམ་རམས་པའི་ཐོབ་ཐང་ཡོད་མཁན་མི3དང་རབ་འབྱམས་པའི་ཐོབ་ཐང་ཡོད་མཁན་མི9ཡོད། བོད་རིག་པའི་སློབ་གླིང་ཡོངས་ལ་དངོས་གཞི་འཛིན་གྲྭ8ཡོད་པ་དང་སློབ་མ་བསྡོམས་པས300ལྷག་ཡོད། ཞིབ་འཇུག་སློབ་མ40ཡོད། གཞན་ད་དུང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དར་མའི་སློབ་གསོའི་ཆེད་སྦྱོང་འཛིན་གྲྭ། དེ་མིན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་རང་སྦྱོང་ཡིག་ཐོག་ཆེད་སྦྱོང་འཛིན་གྲྭ་ཆེན་མོ་ཁག་ཅིག་ཀྱང་ཡོད། འདིར་སློབ་མ་བསྡོམས་པས400ལྷག་ཡོད། 

5 བསླབ་ཚན།

སྤྱི་ལོ1994ལོར་བོད་ཀྱི་ཤེས་རིག་ཆེད་ལས་དངོས་སུ་བཙུགས་པ་དང༌། ལོ་དེར་རྒྱལ་ཁབ་སློབ་ཨུ་ཡིས་ཆོག་མཆན་ཐོབ་པ་ལྟར་བོད་ཀྱི་ཤེས་རིག་ཞིབ་འཇུག་སློབ་མའི་ཡོན་ཚད་ཐོབ་ཐང་གི་སྤྲོད་གནས་བཙུགས་ཡོད་ཅིང༌། དངོས་གཞིའི་སློབ་མའི་རྨང་གཞིའི་སློབ་ཚན་གཙོ་བོ་དང་ཆེད་ལས་སློབ་ཚན་གཙོ་བོའི་གྲས་སུ། སུམ་རྟགས་དང༌། དེང་རབས་བོད་སྐད། ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཡིག་རྙིང་། བོད་ཡིག་རྩོམ་རིག་ལོ་རྒྱུས། གྲུབ་མཐའ།  དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། བོད་ཀྱི་ལོ་རྒྱུས་ཡིག་ཚགས་གཞུང་ཡིག  བོད་ཀྱི་དཔལ་འབྱོར། བོད་ཀྱི་གནའ་རྫས་རྟོགས་ཞིབ། ནང་བསྟན་རྩ་བའི་གཞུང་ལུགས། ཚད་མ་རིག་པ། གནའ་རབས་རྒྱ་ཡིག  དེང་རབས་རྒྱ་སྐད། གནམ་རིག་སྐར་རྩིས། དབྱིན་སྐད་དང་རྩིས་འཁོར། བོད་ཀྱི་རིག་གནས་སྒྱུ་རྩལ་དང༌། བོད་ལྗོངས་སློབ་གསོ། ཕྱི་རྒྱལ་གྱི་བོད་ཀྱི་ཤེས་རིག་སྐོར། བོད་བརྒྱུད་ནང་བསྟན་ཆོས་ལུགས། ཡིག་བསྒྱུར། སུམ་རྟགས་སོགས་ནི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་ཁ་ཕྱོགས་ཡིན། 

6 སྡེ་ཁག་གཙོ་བོ།

  བོད་རིག་པ་ཞིབ་འཇུག་གླིང་དུ་བོད་ཀྱི་སྐད་ཡིག་རྩོམ་རིག་དང༌། བོད་ཀྱི་ལོ་རྒྱུས་དཔལ་འབྱོར། མཚན་ཉིད་རིག་པ་བཅས་ཀྱི་སློབ་དཔྱོད་ཁང་གསུམ།  ནང་བསྟན་ཆོས་ལུགས་ཞིབ་འཇུག་ཁང༌། སློབ་ཁྲིད་དང་སྲིད་འཛིན་ཀྱི་གཞུང་དོན་ཁང༌། དཔྱད་གཞིའི་ཡིག་རིགས་ཁང་བཅས་ཡོད། ཚན་ཁག་དེ་དག་ནང་དགེ་རྒན་དང་ལས་བཟོ་བ་ཁྱོན་བསྡོམས་མི27དང་འཆད་ཁྲིད་དགེ་རྒན10 དགེ་རྒན་ལས་རོགས་པ2བཅས་ཡོད། ད་དུང་བོད་སྐད་ཆེད་ལས་ཀྱི་ཁ་ཕྱོགས5ཡོད། བོད་རིག་པ་ཞིབ་འཇུག་གླིང་གིས་བོད་རིགས་ས་ཁུལ་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམས་པའི་སློབ་ཁྲིད་དང༌། ཞིབ་འཇུག་ཡིག་བསྒྱུར། དོ་དམ་སོགས་བྱེད་མཁན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་གཙོ་བོ་བྱས་ཏེ། བོད་ལྗོངས་གཙོ་བོ་བྱས་བོད་རིགས་ས་ཁུལ་ཡོངས་ནས་སློབ་མ་བསྡུ་རྒྱུ་ལག་ལེན་བསྟར་གྱི་ཡོད། བོད་ཀྱི་ཤེས་རིག་དང་འབྲེལ་བ་ཡོད་པའི་ཟབ་སྦྱོང་སློབ་མའང་བསྡུ་བཞིན་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-04-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།