དཔོན་ཉམས་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཔོན་ཉམས་རིང་ལུགས།
དཔོན་ཉམས་རིང་ལུགས་ཞེས་པ་ནི་དོན་དངོས་དང་ཁ་བྲལ་བ་དང་། མང་ཚོགས་དང་ཁ་བྲལ་བ། གཉོམ་བརྙས་བཙན་སྐྲག དཔོན་པོ་བྱས་ནས་སྐུ་ངོ་བྱེད་པ། དཔོན་པོ་ཕན་ཚུན་སྲུང་རེས། ལྐོག་ཟ་རུལ་སུངས་བཅས་ཀྱི་འགོ་ཁྲིད་སྤྱོད་ཚུལ་ལ་ཟེར། བཙན་དབང་རིང་ལུགས་དང་། ཡིག་ཆའི་རིང་ལུགས། ཕྲན་ཚེགས་རིང་ལུགས་སོགས་ཀྱི་མཚོན་ཚུལ་ཡོད། དཔོན་ཉམས་རིང་ལུགས་ནི་བཤུ་གཞོག་གྲལ་རིམ་གྱི་བསམ་བློ་དང་སྤྱི་ཚོགས་རྙིང་པའི་ཡ་མོན་གྱི་སྤྱོད་ཚུལ་མཚོན་བྱེད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

མིང་།
དཔོན་ཉམས་རིང་ལུགས།
རྒྱ་ཡིག་གི་མིང་།
官僚主义
ཕྱི་ཡིག་གི་མིང་།
bureaucratism
དཀར་ཆག
1   གོ་དོན།
2   ཚིག་གྲུབ་འགྲེལ་བཤད།  
3   རྣམ་པ་མངོན་ཚུལ།
4   འབྱུང་རྐྱེན།    
5   ཆ་རྐྱེན་གཙོ་བོ།
5.1 སྒེར་གྱི་རྒྱུ་ནོར་དབང་བའི་ལམ་ལུགས།
5.2 སྲིད་གཞུང་ངམ་ཁྲིམས་འཛུགས་ལས་ཁུངས་ཀྱི་དབང་ཆ་ཚད་མཐོའི་གཅིག་བསྡུས་ཡིན།      
5.3  དེང་རབས་སྤྱི་དམངས་ཀྱི་འདུ་ཤེས་ཀྱི་རྗེས་ལུས།     
5.4 བེད་མེད་དུ་བསྐྱུར་བའི་མ་རྩ་དང་རྐང་བཙུགས་ནས་བོགས་འཚོལ་བའི་གནས་ཚུལ་འདུག
5.5 བོགས་འཚོལ་མ་རྩ་ཚད་བརྒལ་གྱི་ཁེ་སྤོགས་ཆེན་པོ་འཐོབ་རྒྱུ་དམིགས་ཡུལ་དུ་བཟུང་བ།
6   མཚོན་བྱེད་གཙོ་བོ།
7   དཔལ་འབྱོར་གྱི་གནོད་འཚེ།
7.1 སྤྱི་ཚོགས་དང་དཔལ་འབྱོར་འཁོར་སྐྱོད་ཀྱི་ལས་ཆོད་ཆུང་དུ་བཏང་།    
7.2 དཔོན་ཉམས་མ་རྩས་ལྡོག་མེད་ཀྱི་སྒེར་སྡོམ་ཁྱེར་ཡོང་།     
8   ཆབ་སྲིད་མཇུག་འབྲས།
8.1 འདྲ་མཉམ་ལ་གནོད་པ། སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ།     
8.2 དཔོན་ཉམས་མ་རྩས་སྤྱི་ཚོགས་ཀྱི་ཆབ་སྲིད་བཅོས་བསྒྱུར་ལ་འགོག་རྐྱེན་བཟོ་སྲིད།     
9   འབྲེལ་ཡོད་གཞན་དག
9.1 ནད་གཞིའི་འབྱུང་ཁུངས།    
9.2 རུལ་སུངས་གཏོར་ནས་སྲིད་དོན་གཙང་སྐྱོང་།    
10   འབྲེལ་ཡོད་ཆ་འཕྲིན།    
1 གོ་དོན།

དཔོན་ཉམས་རིང་ལུགས་ཞེས་པ་ནི་དོན་དངོས་དང་ཁ་བྲལ་བ་དང་། མང་ཚོགས་དང་ཁ་བྲལ་བ། གཉོམ་བརྙས་བཙན་སྐྲག དཔོན་པོ་བྱས་ནས་སྐུ་ངོ་བྱེད་པ། དཔོན་པོ་ཕན་ཚུན་སྲུང་རེས། ལྐོག་ཟ་རུལ་སུངས་བཅས་ཀྱི་འགོ་ཁྲིད་སྤྱོད་ཚུལ་ལ་ཟེར། བཙན་དབང་རིང་ལུགས་དང་། ཡིག་ཆའི་རིང་ལུགས། ཕྲན་ཚེགས་རིང་ལུགས་སོགས་ཀྱི་མཚོན་ཚུལ་ཡོད། དཔོན་ཉམས་རིང་ལུགས་ནི་བཤུ་གཞོག་གྲལ་རིམ་གྱི་བསམ་བློ་དང་སྤྱི་ཚོགས་རྙིང་པའི་ཡ་མོན་གྱི་སྤྱོད་ཚུལ་མཚོན་བྱེད་ཅིག་ཡིན།

2 ཚིག་གྲུབ་འགྲེལ་བཤད།  

མིང་། དཔོན་ཉམས་རིང་ལུགས།

འགྲེལ་བཤད། དེ་ནི་བཀའ་འབེབས་བཀོད་འདོམས་ཁོ་ན་བྱེད་པ་ལས་གནད་དོན་དངོས་ལ་བསམ་བློ་མི་གཏོང་བའི་ལས་ཀའི་སྤྱོད་ཚུལ་ཏེ། དཔོན་པོ་སྐུ་ངོ་ལྟ་བུའི་ལས་ཀའི་འགོ་ཁྲིད་ཀྱི་སྤྱོད་ཚུལ་ལ་ཟེར།

ཡོང་ཁུངས། མའོ་ཙེ་ཏུང་གི《ངེས་པར་དུ་དཔལ་འབྱོར་ལས་དོན་ལ་དོ་སྣང་བྱེད་དགོས》ཞེས་པའི“གཉིས་པ། མང་ཚོགས་སྐུལ་སློང་བྱེད་པའི་བྱེད་སྟངས་ནི་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྟངས་ཤིག་ཡིན་མི་རུང་།”     

དཔེ་མཚོན། དཀའ་སྤྱད་འབད་བརྩོན་གྱི་བཙན་དབང་རིང་ལུགས་ཡིན་ནའང་འདྲ། ཚང་མ་ངོ་རྒོལ་གྱི་གྲས་ཡིན། ཏེང་ཞའོ་ཕིན་གྱི《ལྷོ་ནུབ་ཁུལ་གྱི་གསར་འགྱུར་ལས་དོན་གྲོས་ཚོགས་ཐོག་གི་སྙན་ཞུ》

3 རྣམ་པ་མངོན་ཚུལ།

དཔོན་ཉམས་རིང་ལུགས་ནི་འགན་མི་འཁུར་བའི་འགོ་ཁྲིད་ཀྱི་སྤྱོད་ཚུལ་ཞིག་ཡིན། དཔོན་ཉམས་རིང་ལུགས་ཀྱི་ཁྱད་ཆོས་ནི་འགོ་ཁྲིད་པ་དོན་དངོས་དང་ཁ་བྲལ་བ་དང་། འོག་རིམ་གྱི་གནས་ཚུལ་མི་ཤེས་པ། གོང་རིམ་དུ་མཐོ་སར་སྡོད་པ། ད་ལྟའི་གནས་ཚུལ་ལ་ཡིད་ཚིམས་པ། སྐུ་ངོ་དཔོན་པོ་བྱེད་པ་བཅས་ཡིན་པ་དང་། ཟ་རྒྱགས་ཉིན་འཁྱོལ། བྱ་བ་མེད་པ། དོན་འགན་གཞན་དཀྲི། དོན་སྒྲུབ་ནར་འགྱངས། འགན་མི་འཁུར་བ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལྟར་བྱ་བ་མི་སྒྲུབ་པ་དང་བརྒྱ་ཁ་གཅིག་གཅོད་བྱེད་པ། དཔོན་ཉམས་རྩོམ་ཡིག་དང་གུས་ལུགས་རྙོག་པོ་སོགས་ཡིན། གལ་ཏེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་མ་བྱས་པ་དང་། གནས་ཚུལ་དངོས་ལ་རྒྱུས་ལོན་མ་བྱས་པ། མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་མི་བྱེད་པ། ཟ་རྒྱགས་ཉིན་འཁྱོལ། བྱ་བ་མེད་པ། དོན་དག་བྱུང་ཚེ་འགན་མི་འཁུར་བ། བརྒྱ་ཁ་གཅིག་གཅོད་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལྟར་བྱ་བ་མི་སྒྲུབ་པ། རང་ཤེད་ངང་རྨོངས་ཚོད་ཀྱིས་བཀོད་འདོམས་བྱེད་པ་སོགས་ཡིན།

4 འབྱུང་རྐྱེན།    

གཙོ་བོ་ཕྱོགས་གཉིས་ཀྱི་ཐད་ནས། གཅིག་ནི་བསམ་བློའི་འབྱུང་རྩ་ནས་འབྱོར་ལྡན་གྲལ་རིམ་གྱི་བསམ་བློའི་ཤུགས་རྐྱེན་ལ་དོ་སྣང་བྱེད་པ་ཕུད། ད་དུང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་རུལ་སུངས་ཀྱི་བསམ་བློའི་བསླད་སྐྱོན་ཡང་ནན་བཤད་བྱས་ཡོད། ཏེང་ཞའོ་ཕིན་གྱི་ལྟ་ཚུལ་ལྟར་ན། ང་ཚོས“བསམ་བློ་དང་ཆབ་སྲིད་ཐད་ཀྱི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་ཤུགས་རྐྱེན་ལྷག་འཕྲོ་གཙང་སེལ་བྱ་རྒྱུའི་ལས་འགན”གྱི“གལ་ཆེའི་རང་བཞིན་ལ་ཚོད་དཔག་བྱ་རྒྱུ་མི་འདང་བ”དང་། “དེའི་ཤུགས་རྐྱེན་གཙང་སེལ་བྱེད་པའི་ལས་འགན་དེ“ལེགས་འགྲུབ་བྱུང་མེད”པའི་ངོས་འཛིན་གནང་ཡོད།

ཅང་ཙེ་རྨིན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བསྟན་དོན། “རང་རྒྱལ་ནི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ལོ་རྒྱུས་ཧ་ཅང་རིང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། བཀས་བཀོད་རྒྱུད་འཛིན་རིང་ལུགས་དང་བཤུ་གཞོག་གྲལ་རིམ་གཞན་དག་གི་ཤུགས་རྐྱེན་ཡུན་རིང་གནས་རྒྱུ་ཡིན་པས། གང་ལྟར་རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་མཚོན་དགོས། “དཔོན་གནས་གཙོར་འཛིན་གྱི་བསམ་བློ་ནི་ལྷག་འཕྲོ་དེ་རིགས་ཀྱི་མཚོན་ཚུལ་མངོན་གསལ་ཆེ་བ་ཞིག་རེད། གཉིས་ནི་ཏེང་ཞའོ་ཕིན་དང་ཅང་ཙེ་རྨིན་གྱིས་ལམ་ལུགས་དང་སྒྲིག་སྲོལ་གྱི་ཆད་སྐྱོན་ཐད་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་བྱུང་བའི་རྩ་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གནང་ཡོད། དཔོན་ཉམས་རིང་ལུགས་རྩ་བ་ནས་གཙང་སེལ་བྱ་དགོས་ན། དབང་ཆ་གཅིག་ཏུ་བསྡུས་དྲགས་པ་ངེས་པར་དུ་ཐག་གཅོད་དང་། ཁྲིམས་ལུགས་དང་ཁྲིམས་སྲོལ་འཐུས་ཚང་། ལས་བྱེད་པ་འགན་ལེན་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དཔོན་ཉམས་རིང་ལུགས་འབྱུང་རྩ་ནས་གཏན་འགོག་བྱ་དགོས། མའོ་ཙེ་ཏུང་དང་ཏེང་ཞའོ་ཕིན། ཅང་ཙེ་རྨིན་བཅས་ཀྱིས་དཔོན་ཉམས་རིང་ལུགས་བྱུང་བའི་རྩ་བའི་རྒྱུ་རྐྱེན་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བས། ཁོ་ཚོས་གདམ་གསེས་དང་གནད་དོན་ཐག་གཅོད་བྱེད་ཐབས་ཀྱང་གཅིག་འདྲ་མིན། མའོ་ཙེ་ཏུང་གིས་བདམས་པ་ནི་བསམ་བློའི་སློབ་གསོ་དང་མང་ཚོགས་ཀྱི་ལས་འགུལ་ཡིན། ཏེང་ཞའོ་ཕིན་དང་ཅང་ཙེ་རྨིན་གྱིས་བསམ་བློའི་སློབ་གསོ་དང་བཅོས་བསྒྱུར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཐུས་ཚང་དུ་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཐུས་ཚང་དུ་གཏོང་རྒྱུ། ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་བསྒྱུར་བྱ་རྒྱུ་བཅས་ཚུད་ཡོད།

5 ཆ་རྐྱེན་གཙོ་བོ།
5_1 སྒེར་གྱི་རྒྱུ་ནོར་དབང་བའི་ལམ་ལུགས།

སྲིད་གཞུང་དང་རྒྱལ་ཁབ་ཀྱིས་སྒེར་གྱི་རྒྱུ་ནོར་སྲུང་སྐྱོང་བྱེད་པར་སྒེར་གྱི་རྒྱུ་ནོར་ཡོངས་རྫོགས་སམ་ཆ་ཤས་དབང་བའི་ལམ་ལུགས་ལག་ཏུ་བསྟར། གལ་ཏེ་སྒེར་གྱི་རྒྱུ་ནོར་དབང་བའི་ལམ་ལུགས་མེད་ན། དབང་བརྟེན་ཁེ་འཚོལ་ཀྱི་ཀུན་སློང་དང་རྨང་གཞི་མེད་པ་དང་། སྒེར་ལ་དབང་བའི་ལམ་ལུགས་མེད་པའི་དཔོན་ཉམས་གྱི་མ་རྩ་གནས་མེད།     

5_2 སྲིད་གཞུང་ངམ་ཁྲིམས་འཛུགས་ལས་ཁུངས་ཀྱི་དབང་ཆ་ཚད་མཐོའི་གཅིག་བསྡུས་ཡིན།      

སྲིད་གཞུང་གི་དཔོན་རིགས་ཀྱིས་ཁེ་དབང་ལ་བརྟེན་ནས་ཁེ་བཟང་རག་ཐབས་བྱས་ནས་ཐོན་ཁུངས་བཀོད་སྒྲིག་བྱེད་སླ་བ་དང་། སྲིད་གཞུང་ངམ་ཁྲིམས་འཛུགས་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས། སྤྱིར་བཏང་ཆ་རྐྱེན་ལས་ལེགས་པའི་དམིགས་འཛུགས་མ་རྩའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཐུབ་པ།    

5_3  དེང་རབས་སྤྱི་དམངས་ཀྱི་འདུ་ཤེས་ཀྱི་རྗེས་ལུས།     

རྒྱལ་ཁབ་ལ་དམངས་གཙོའི་སྲིད་དབང་ལམ་ལུགས་ཀྱིས་སྲིད་གཞུང་ངམ་ཁྲིམས་འཛུགས་ལས་ཁུངས་དབང་ཆ་མེད་པ། སྤྱི་ཚོགས་ལ་གསར་འགྱུར་གླེང་ཕྱོགས་ཀྱི་རང་དབང་མེད། ཡང་ན་དམངས་གཙོའི་སྲིད་དབང་འཛུགས་ལུགས་དང་གསར་འགྱུར་གྱི་རང་དབང་ཡོད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་རྗེས་སུ་ལུས་པ་དང་། སྤྱི་དམངས་ཀྱི་འདུ་ཤེས་མ་སྨིན་པ། སྤྱི་དམངས་ཀྱིས་དམངས་གཙོར་རྒྱུས་ལོན་བྱས་པ་མི་འདང་བ་བཅས་ཀྱི་རྐྱེན་གྱིས་དབང་ཆ་བགོ་བའི་ལྟ་སྐུལ་ལམ་སྲོལ་ཆད་པའོ།།     

5_4 བེད་མེད་དུ་བསྐྱུར་བའི་མ་རྩ་དང་རྐང་བཙུགས་ནས་བོགས་འཚོལ་བའི་གནས་ཚུལ་འདུག

བེད་མེད་མ་རྩ་དང་། བོགས་འཚོལ་ནུས་པ་ཡོད་པའི་རང་བྱུང་མི་ཡོད་པ་མ་ཟད། རང་བྱུང་མི་དེ་དག་གིས་བོགས་འཚོལ་ནས་འཕེལ་རྒྱས་གཏོང་བ་རྐང་བཙུགས་ནས་བྱེད་ཀྱི་ཡོད།     

5_5 བོགས་འཚོལ་མ་རྩ་ཚད་བརྒལ་གྱི་ཁེ་སྤོགས་ཆེན་པོ་འཐོབ་རྒྱུ་དམིགས་ཡུལ་དུ་བཟུང་བ།

རྒྱུ་མཚན་ནི་བོགས་འཚོལ་བའི་མཐར་ཐུག་གི་དམིགས་ཡུལ་ནི་ཚད་བརྒལ་གྱི་ཁེ་སྤོགས་ཆེན་པོ་འཐོབ་རྒྱུ་དེ་ཡིན། དེར་བརྟེན། བོགས་འཚོལ་བྱ་སྤྱོད་ཀྱི་དམིགས་ཡུལ་ནི་ དཀོན་པའི་ཐོན་ཁུངས་རིགས་ཐོབ་སྟེ། དཔེར་ན། དངུལ་བུན་དང་ས་ཞིང་། སླར་མི་སྐྱེ་མི་བའི་ཐོན་ཁུངས། ཚོད་འཛིན་རང་བཞིན་གྱི་ལས་རིགས་སམ་ཡང་ན་སྒེར་སྡོམ་རང་བཞིན་གྱི་ལས་རིགས་ཀྱི་ཆོག་མཆན་ཁེག་ཐེག་ཐོབ་པས། ཚོང་རའི་འགྲན་རྩོད་ནི་དཔོན་ཉམས་མ་རྩའི་རང་བྱུང་དགྲ་བོ་ཡིན།

6 མཚོན་བྱེད་གཙོ་བོ།

རིགས་དང་པོ། མཐོ་སར་བསྡད་ནས་ཐོས་པ་ཉུང་ཞིང་གཤམ་འོག་གི་གནས་ཚུལ་མི་ཤེས་པ་དང་། བརྟག་དཔྱད་ཞིབ་འཇུག་མི་བྱེད་པ། སྲིད་ཇུས་བྱེ་བྲག་པ་དམ་འཛིན་མི་བྱེད་པ། ཆབ་སྲིད་བསམ་བློའི་ལས་ཀ་མི་བྱེད་པ། མང་ཚོགས་དང་ཁ་བྲལ་བ། དོན་དངོས་དང་ཁ་བྲལ་བ་བཅས་བྱས་ན། གལ་ཏེ་བཀའ་འབེབས་བཀོད་འདོམས་བྱས་ན་རྒྱལ་ཁབ་དང་མི་དམངས་ལ་གནོད་ངེས་རེད། དེ་ནི་འགོ་ཁྲིད་དང་ཁ་བྲལ་བ་དང་མང་ཚོགས་དང་ཁ་བྲལ་བའི་དཔོན་ཉམས་རིང་ལུགས་རེད།    

ཏང་གི་ལམ་ཕྱོགས་དང་སྲིད་ཇུས་ཅི་འདྲ་བཟང་རུང་། གལ་ཏེ་ལག་བསྟར་བྱེད་པའི་བྱེད་སྒོའི་སྡེ་ཁག་གིས་བཀག་འགོག་བྱས་ན། དེ་ནི་ཏང་དང་མང་ཚོགས་ཁ་ཕྲལ་བ་རེད། ངས་དཔོན་ཉམས་རིང་ལུགས་དེ་རིགས་རིགས་དང་པོར་བརྩིས་ཡོད། དཔོན་ཉམས་རིང་ལུགས་དེ་རིགས་ནི་འགོ་ཁྲིད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་འགོ་ཁྲིད་པས་ངེས་པར་དུ་དོགས་ཟོན་བྱ་དགོས།     

རིགས་གཉིས་པ། ཧམ་ཤེད་ཀྱིས་ཁེངས་དྲེགས་བྱེད་པ། རང་ཤེད་ཕྱོགས་རེ་བ་དང་ཧ་རེ་ཧུ་རེ་བྱེད་པ། བྱེད་སྒོ་དམ་འཛིན་མི་བྱེད་པར་ཆབ་སྲིད་སྟོང་བཤད་བྱེད་པ། གཞན་གྱི་གཏམ་ལ་མི་ཉན་པར་ཧམ་ཤེད་སྒེར་གཅོད་བྱེད་པ། དོན་དངོས་ལ་མི་ལྟ་བར་གང་བྱུང་དུ་བཀོད་འདོམས་བྱེད་པ། དེ་ནི་བཙན་ཤེད་ཀྱི་དཔོན་ཉམས་རིང་ལུགས་རེད།     

མི་ཞིག་འགོ་ཁྲིད་ཀྱི་གོ་གནས་སུ་ལངས་ནས་མི་གཞན་དང་འགྲོགས་བདེ་གཤིབ་བདེ་མི་བྱེད་པར་རང་ཉིད་དཔེ་མི་སྲིད་པ་ཞིག་ཡིན་བསམས་ནས་གང་ཡང་ཤེས་ཀྱི་ཡོད། བསམ་བློ་དེ་རིགས་ཡོད་པ་མ་ཟད་སྤྱོད་ཚུལ་ཐོག་ནས་མཚོན་ན་ཉེན་ཁ་ཡོང་གི་རེད། མི་དེ་རིགས་ཀྱིས་ཕལ་ཆེར་ག་དུས་ཡིན་ནའང་བྱེད་སྒོ་དམ་འཛིན་མི་བྱེད་པར་ང་ནི་ཆབ་སྲིད་ལ་འགོ་ཁྲིད་བྱེད་མཁན་ཞིག་ཡིན་པས། གཞན་གྱི་སྐད་ཆ་རྣ་བར་མི་འགྲོ་བ་དང་། ཕྲན་བུ་རེད་སྙམ་པ། གཞན་གྱི་གཏམ་བཤད་ཀྱི་ནང་དོན་ལའང་ཞིབ་འཇུག་མི་བྱེད་པར་མཐར་ཧམ་ཤེད་སྒེར་གཅོད་དང་རྨོངས་ཚོད་ཀྱིས་བཀོད་འདོམས་བྱེད་ཀྱི་ཡོད།     

རིགས་གསུམ་པ། ཞོགས་པ་ནས་དགོང་མོའི་བར་བྲེལ་བྲེལ་འཚུབ་འཚུབ་དང་། ལས་དོན་ལ་བརྟག་དཔྱད་མ་བྱས་པ། མི་སྣར་རྟོག་ཞིབ་མ་བྱས་པ། གཏམ་བཤད་གྲ་སྒྲིག་མེད་པ་དང་ལས་ཀར་འཆར་གཞི་མེད་པ། སྲིད་ཇུས་ལ་ཞིབ་འཇུག་མི་བྱེད་ལ་མང་ཚོགས་ལའང་མི་བརྟེན་པ་དང་། མུན་འཐོམས་ཀྱིས་ཁེར་ལས་བྱེད་པ། ཁ་ཕྱོགས་དབྱེ་འབྱེད་མི་བྱེད་པ་བཅས་ཡིན། དེ་ནི་ཀླད་པ་མེད་པ་དང་། ཁ་ཕྱོགས་ནོར་བ། ཕྲན་ཚེགས་རིང་ལུགས་བཅས་ཀྱི་དཔོན་ཉམས་རིང་ལུགས་རེད།     

རྒྱུན་དུ་མི་ལ་ལས“ངས་དཀའ་སྤྱད་སྙིང་རུས་ཀྱི་དཔོན་ཉམས་རིང་ལུགས་ཤིག་བྱེད་ཀྱི་ཡོད།” དཔོན་ཉམས་རིང་ལུགས་དེ་རིགས་ད་དུང་ཁས་ལེན་ཐུབ་པ་ལྟ་བུ་རེད། ངས་བལྟས་ན་དཔོན་ཉམས་རིང་ལུགས་དེ་རིགས་ལའང་དགག་པ་རྒྱག་དགོས། གལ་ཏེ་ལས་བྱེད་པ་དཀྱུས་མ་ཞིག་ཡིན་ན་བྲེལ་བྲེལ་འཚུབ་འཚུབ་དང་སྐབས་འགར་ཁ་ཕྱོགས་གསལ་པོ་མི་ཤེས་ན་བསམ་ཤེས་བྱེད་ཐུབ། གལ་ཏེ་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་ན་ཁོ་ལས་དོན་རིང་ལུགས་པ་ཞིག་ཏུ་འགྱུར་དུ་འཇུག་ག་ལ་ཐུབ།     

རིགས་བཞི་པ། དཔོན་ཉམས་ནམ་མཁར་བསྟན་ནས་ཉེ་ཕྱོགས་སུ་མི་སྐྱོད་པ། ང་ཆེ་ང་བཙན་གྱིས་གཞན་གྱིས་མཐོང་བ་ཙམ་གྱིས་སྐྲག་སྣང་སྐྱེ་བ། རྫིག་ཉམས་བསྟན་ནས་འདྲ་མཉམ་གྱི་སྤྱོད་ཚུལ་མི་འཛིན་པ། སྤྱོད་པ་རྩུབ་པོ་དང་། རྟག་ཏུ་ཚིག་ངན་གྱིས་མི་ལ་གཤེ་གཤེ་གཏོང་བ། དེ་ནི་སྐུ་ངོ་ལྟ་བུའི་དཔོན་ཉམས་རིང་ལུགས་རེད།     

རིགས་ལྔ་པ། འཇོན་ནུས་མི་སློབ་པ་དང་། འདྲི་རྩད་བྱ་རྒྱུར་ངོ་ཚ་བྱེད་པ། འུད་སྒྲོག་རྫུན་ཞུ། ཀྲུང་དབྱང་ལ་མགོ་སྐོར་གཏོང་བ། མི་བདེན་རྫུན་སྒྲིག རང་སྐྱོན་འགེབས་ཐབས་བྱེད་པ། བྱས་རྗེས་རང་དབང་། ཉེས་སྐྱོན་གཞན་འགེལ། དེ་ནི་ཚུལ་དང་མི་མཐུན་པའི་དཔོན་ཉམས་རིང་ལུགས་རེད།     

རིགས་དྲུག་པ། དོན་འགན་གཞན་དཀྲི་དང་། འགན་འཁྲི་འཁུར་རྒྱུར་སྐྲག་པ། གོང་ཚད་གཏམ་པ། ལས་ཀར་ཀ་རེ་ཀོ་རེ། ཡུན་རིང་ཐག་མི་ཆོད་པ། ཤེས་མེད་ཚོར་མེད། སྣང་དོགས་མེད་པ། འདི་ནི་འགན་མི་འཁུར་བའི་དཔོན་ཉམས་རིང་ལུགས་རེད།     

རིགས་བདུན་པ། དོན་འཕྲད་ཡང་འགྲོ་དང་རྩོད་གླེང་མེད་པ། འཇིག་རྟེན་གྱི་བྱ་བ་སྒྲུབ་མཁས་པ་དང་། ལན་སློག་མཁས་པ། གོང་ལ་ངོ་བསྟོད་དང་འོག་མ་ཡར་འཐེན། འདི་ནི་དཔོན་པོ་བྱས་ནས་ཉི་མ་འཁྱོལ་ཐབས་བྱེད་པའི་དཔོན་ཉམས་རིང་ལུགས་རེད།     

རིགས་བརྒྱད་པ། ཆབ་སྲིད་སློབ་སྦྱོང་མ་འགྲུབ་པ་དང་ལས་སྒོ་བརྩོན་ཞིབ་ལ་ཡར་རྒྱས་མེད་པ། སྐད་ཆ་ལ་བྲོ་བ་མེད་ཅིང་འགོ་ཁྲིད་ལ་ཐབས་མེད། ནུས་མེད་རྒྱས་ཟ་དང་གྲངས་ཚད་ལོངས་ཐུབ་བྱེད་པ། འདི་ནི་ཕྱི་ཚུལ་ཙམ་གྱི་ནུས་པ་མེད་པའི་དཔོན་ཉམས་རིང་ལུགས་རེད།     

རིགས་དགུ་པ། མགོ་བོ་འཐོམས་པ་དང་གཉིད་མ་སད་དུ་གནས་པ། འགྲོ་ཐུབ་འདུག་ཐུབ། ཡང་ལས་ཡང་འགྲོ། ཟ་རྒྱགས་ཉིན་འཁྱོལ། བློ་སེམས་མི་གཏོད་པ། ཟ་རི་ཟི་རི་དང་། དྲིས་ན་ཅི་ཡང་མི་ཤེས། གཅིག་ཤེས་ཀུན་གྲོལ། འདི་ནི་མགོ་རྨོངས་ཤིང་ཕན་མི་ཐོགས་པའི་དཔོན་ཉམས་རིང་ལུགས་རེད།    

རིགས་བཅུ་པ། ཡིག་ཆ་རྣམས་ཚབ་ཏུ་ཀློག་དགོས་པ་དང་། ཉན་གྱིན་གཉིད་ཀྱིན་མི་ལྟ་བར་བཤེར་བ། ནོར་ན་གཞན་ལ་ཁེག་འགེལ་བ། དོན་དག་ལ་གདེང་ཚོད་མེད་ལ། མི་གཞན་དང་གྲོས་བསྡུར་ཡང་བྱེད་འདོད་མེད་པར་ཕར་ཁག་ཚུར་དཀྲི་བྱས་ནས་ཐག་མ་ཆོད་པར་རང་དགར་འཇོག་པ་དང་། གོང་རིམ་ལ་སྐད་ཆ་ཤབ་ཤུབ་ཤོད་པ་དང་། འོག་རིམ་གྱིས་མི་ཤེས་ཤེས་མདོག་བྱེད་པ། རྐང་བརྡ་ལག་བརྡ་བྱེད་པ། རིམ་པ་གཅིག་མཚུངས་ལ་ཕྱི་མཐུན་ནང་འགལ་དང་ཉལ་ཁྲི་གཅིག་ལ་རྨི་ལམ་མི་འདྲ་བ་བཅས་བྱེད་ཀྱི་ཡོད། འདི་ནི་ལེ་ལོ་ཅན་གྱི་དཔོན་ཉམས་རིང་ལུགས་རེད།     

རིགས་བཅུ་གཅིག་པ། སྒྲིག་གཞི་ཆེ་ལ་མི་གྲངས་མང་བ་དང་། བྱ་བ་གཅིག་ཐོག་གཉིས་བརྩེགས་དང་མགོ་འཁོར་བ། མི་མང་ལས་རྙོག་ཆེ་བ། རང་འཁྲིའི་ལས་ཀ་མི་བྱེད་པ། རྒྱུ་ནོར་ཆུད་ཟོས་སུ་གཏོང་བ། ལམ་ལུགས་གཏོར་བཤིག་གཏོང་བ་བཅས་རེད། འདི་ནི་འགག་སྒོའི་རྣམ་པ་ལྟ་བུའི་དཔོན་ཉམས་རིང་ལུགས་རེད།      

ལས་ཁུངས་ཆེ་ཞིང་མི་མང་ས་ཚང་མར་དཔོན་ཉམས་རིང་ལུགས་ཐོན་ངེས་ཡིན་པས་ཧ་ལམ་ཆོས་ཉིད་དུ་གྱུར་པ་རེད། དེ་གའི་འགོ་ཁྲིད་པ་རྣམས་ལས་གོ་འཕེར་ཞིང་འཇོན་ཐང་ཆེ་ནའང་དཔོན་ཉམས་རིང་ལུགས་ཡོང་སྲིད། དེའི་རྒྱུ་མཚན་ནི་ལས་ཁུངས་དེ་མ་གཞི་ཆེན་པོ་དེ་འདྲ་དགོས་དོན་མེད་པ་དང་། སྒྲིག་གཞི་དེ་འདྲ་གཏོས་ཆེ་བ་ཞིག་བཟོས་ན་མི་མང་པོ་ཞིག་གིས་བྱ་བ་མི་སྒྲུབ་པ་དང་འུར་སྒྲ་རྒྱག་པ་དང་། བྱ་བ་ཧ་ཅང་མང་པོ་ཞིག་སྐོར་བ་བརྒྱབ་ནས་སྒྲུབ་མི་ཐུབ་པའི་རྐྱེན་གྱིས་རེད། ལས་ཁུངས་ཆུང་དུ་བཏང་ནས་དོན་དག་ཅིག་གྲོས་བསྡུར་བྱས་ན་ཐག་གཅོད་བྱེད་ཐུབ།     

རིགས་བཅུ་གཉིས་པ། མཛུབ་སྟོན་མང་ཞིང་མི་ལྟ་བ། སྙན་སེང་མང་དྲགས་ན་སྐྱོན་བརྗོད་མི་བྱེད་པ། སྙན་ཐོའི་རེའུ་མིག་མང་ཡང་བཀོལ་སྤྱོད་མི་བྱེད་པ། ཚོགས་འདུ་མང་ན་བརྒྱུད་བསྒྲགས་མི་བྱེད་པ། འགྲོ་འོང་མང་བ་དང་གྲོས་མོལ་མི་བྱེད་པ། འདི་ནི་ཡིག་ཆའི་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ཀྱི་དཔོན་ཉམས་རིང་ལུགས་རེད།     

རིགས་བཅུ་གསུམ་པ། ལོངས་སྤྱོད་བྱེད་འདོད་ལ། དཀའ་ཚེགས་ལ་སྐྲག་པ། ལག་པ་བརྐྱངས་ནས་འགྲོ་བདེ་བ། མི་གཅིག་གིས་“དཔོན་པོ་”བྱེད་པ་དང་། ཁྱིམ་ཚང་གང་བོས་བདེ་སྐྱིད་རོལ་བ། མི་གཅིག་ལ་གནས་ལུགས་ཐོབ་ན། དེ་ཡི་གཉེན་ཡང་དཔོན་དུ་འགྱུར། མགྲོན་པོར་མགྲོན་བྱེད་པ། སྐྱིད་སྡུག་མི་སྙོམས་པ། ཕྱི་ནང་མི་འདྲ་བ། འདི་ནི་དམིགས་བསལ་ཅན་གྱི་་དཔོན་ཉམས་རིང་ལུགས་རེད།     

ང་ཚོའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་བྱ་དགོས། གལ་ཏེ་ལོངས་སྤྱོད་བྱེད་པ་དང་། དཀའ་ཚེགས་ལ་སྐྲག་པ། ཐ་ན་ལྟག་སྒོར་འཛུལ་བ་སོགས་དམིགས་བསལ་ཅན་གྱིས་མང་ཚོགས་ལ་ཁོང་ཁྲོ་སྐྱེ་ངེས་རེད།     

རིགས་བཅུ་བཞི་པ། “དཔོན་པོ”གང་ཙམ་བྱས་ན་དེ་ཙམ་གྱིས་ཆེ་རུ་འགྲོ་བ་དང་། གཤིས་ཀ་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བ། འཚོ་བའི་བླང་བྱ་ཉིན་རེ་ལས་ཉིན་རེར་མཐོ་རུ་འགྲོ་བ། ཁང་པ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཡག་པ། རྒྱན་ཆའི་རིན་གོང་ཇི་ཙམ་མཐོ་ན་དེ་ཙམ་གྱིས་ཡག་པ། མཁོ་སྤྲོད་ཇི་ཙམ་མང་ན་དེ་ཙམ་གྱིས་ཡག་པ། འགོ་ཁྲིད་ལས་བྱེད་པས་དེ་ལྟར་བྱས་ན་མཐའ་འཁོར་གྱི་མི་རྣམས་ཀྱིས་རྒྱས་སྤྲོས་ཆུད་ཟོས་བྱེད་པ་དང་། ཡས་མས་ཀྱི་མི་རྣམས་ཀྱིས་རང་ལག་རང་གིས་བྱེད་ངེས་རེད། དེ་ནི་དཔོན་ཉམས་སྟོན་པའི་དཔོན་ཉམས་རིང་ལུགས་རེད།   

རིགས་བཅོ་ལྔ་པ། གཞུང་བསྙད་སྒེར་ཕན་དང་སྒེར་དོན་གཞུང་སྒྲུབ། ལྟ་སྲུང་རང་རྐུ་བྱེད་པ། ཁྲིམས་འཛིན་ནན་པོ་བྱེད་པ། མང་ཟ་མང་ལེན། ཕྱིར་མི་སློག་པ།འདི་ནི་རང་ཁེ་རང་ཕན་གྱི་དཔོན་ཉམས་རིང་ལུགས་རེད།     

རིགས་བཅུ་དྲུག་པ། ཏང་ལ་ལག་པ་བརྐྱངས་ནས་སྙན་གྲགས་དགོས་པ་དང་། གོ་གནས་དགོས་པ། མ་སྤྲད་ན་ད་དུང་ཡི་རང་མི་བྱེད་པ། ལས་ཀར་བཟང་འདེམས་ཞན་སྐྱུར་དང་། ཐོབ་ཐང་ཕྲན་བུ་ཙམ་ལའང་ལྟ་བ། ལས་གྲོགས་ཕར་འཐེན་ཚུར་འཐེན་དང་མང་ཚོགས་ལ་སེམས་ཁུར་གང་ཡང་མི་བྱེད། འདི་ནི་ཁེ་གྲགས་ཧམ་གཉེར་བྱེད་པའི་དཔོན་ཉམས་རིང་ལུགས་རེད།     

རིགས་བཅུ་བདུན་པ། འགོ་ཁྲིད་པ་མང་བ་དང་། ཕན་ཚུན་མཐུན་སྒྲིལ་མི་བྱེད་པ། སྲིད་བཀའ་ཐོན་ས་མང་བ་དང་། ལས་ཀ་ཟང་ཟིང་ཆེ་བ། ཕན་ཚུན་འགལ་བ། གཅིག་སྡུད་མེད་ལ་དམངས་གཙོ་ཡང་མེད། འདི་ནི་མཐུན་སྒྲིལ་མི་བྱེད་པའི་དཔོན་ཉམས་རིང་ལུགས་རེད།     

རིགས་བཅོ་བརྒྱད་པ། རྩ་འཛུགས་མེད་པ་དང་སྒེར་སྤྱོད་བྱས་པ། ཤོག་སྒྲིག་སྒེར་གཉེར། ཕན་ཚུན་འགེབས་སྲུང་བཅས་བྱེད་པ། བཀས་བཀོད་རྒྱུད་འཛིན་གྱི་འབྲེལ་བ་དང་ཕྱོགས་ཁག་གི་ཁེ་ཕན། སྒེར་གྱི་བྱ་བ་ཐམས་ཅད་ལས་བརྒལ་ན་གཞུང་ཆུང་གིས་གཞུང་ཆེན་ལ་གནོད་སྐྱོན་བཏོང་བ། འདི་ནི་ཕྱོགས་རིས་རང་བཞིན་ལྡན་པའི་དཔོན་ཉམས་རིང་ལུགས་རེད།     

རིགས་བཅུ་དགུ་པ། གསར་བརྗེའི་བློ་སྟོབས་ཉམས་པ་དང་། ཆབ་སྲིད་ཀྱི་འཚོ་བ་ངན་པར་འགྱུར་བ། བསླབ་པ་རྒན་པ་དང་དཔོན་ཉམས་སྟོན་པ། རྒྱས་ཟ་རྒྱས་འཐུང་དང་སྐྱིད་འདོད་ལས་གཡོལ། རི་ཆུ་ལ་རོལ་བ། རྟ་ཐོག་ནས་མེ་ཏོག་ལ་ལྟ་བ། ཀླད་པ་མི་སྤྱོད་ལ་ལག་པ་ཡང་མི་འགུལ་བ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་དོ་སྣང་མི་བྱེད་པ་དང་འཚོ་བར་དོ་སྣང་མི་བྱེད་པ། འདི་ནི་ངོ་བོ་འགྱུར་ནས་ངན་པ་ཆགས་པའི་དཔོན་ཉམས་རིང་ལུགས་རེད།     

དཔོན་ཉམས་རིང་ལུགས་ཀྱི་ཚད་དེ་འདྲ་ཞིག་ལ་སླེབས་ན་ཚབས་ཧ་ཅང་ཆེན་པོ་ཡོང་གི་རེད། ལས་བྱེད་པ་དང་གུང་ཁྲན་ཏང་ཡོན་ཞིག་གི་ཆེས་རྩ་བར་གྱུར་པའི་བླང་བྱ་ནི་གསར་བརྗེའི་སྤྲོ་སེམས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་དགོས། གསར་བརྗེའི་སྤྲོ་སེམས་ཉམས་ན་ཆབ་སྲིད་ཐོག་ངན་པར་འགྱུར་ངེས་རེད།

རིགས་ཉི་ཤུ་པ། མི་ངན་སྤྱོད་ངན་རྒྱ་ཡན་དུ་གཏོང་བ། རྡུང་རྡེག་འཁོན་སློག་དང་། དམངས་གཙོར་མགོ་གནོན། མང་ཚོགས་ལ་བརྙས་བཅོས་བཅས་བྱེད་པ། མཐར་དགྲ་དང་རང་ཕྱོགས་ཀྱི་དབྱེ་བ་མི་འབྱེད་པ། ཕན་ཚུན་ངན་འབྲེལ་བྱས་ནས་ཁྲིམས་འགལ་ལུགས་དཀྲུག་བྱས་ནས་ཏང་དང་རྒྱལ་ཁབ་ལ་གནོད་འཚེ་གཏོང་གི་ཡོད། འདི་ནི་ཉེན་ཁ་ཧ་ཅང་ཆེ་བའི་ལམ་དུ་བསྐྱོད་པའི་དཔོན་ཉམས་རིང་ལུགས་རེད།

ངས་དཔོན་ཉམས་རིང་ལུགས་ཀྱི་རིགས་མང་པོ་འདི་འདྲ་དྲངས་ཡོད་ཅིང་། དབྱེ་ཞིབ་བྱེད་སྟངས་ཚན་རིག་དང་མཐུན་པ་ཞིག་ཡིན་པའི་ངེས་པ་མེད་ལ། ལས་ཁུངས་གཅིག་གི་ནང་དུ་དཔོན་ཉམས་རིང་ལུགས་སྣ་ཚོགས་བྱུང་ཡོད་ཅེས་བཤད་པ་མིན། འོན་ཀྱང་ང་ཚོས་སྲིད་དབང་འཛིན་པའི་ཏང་ནང་དང་ང་ཚོའི་རྒྱལ་ཁབ་ཀྱི་ལས་ཁུངས་ནང་དུ་དཔོན་ཉམས་རིང་ལུགས་ནི་དངོས་འབྲེལ་གནོད་པ་ཧ་ཅང་ཆེན་པོ་ཡོད་པ་དང་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས། ང་ཚོའི་འགོ་ཁྲིད་ལས་བྱེད་པའི་ནང་དུ་དཔོན་ཉམས་རིང་ལུགས་ཚབས་ཆེ་བ་ཉུང་ཤས་ཡིན་རུང་། ཏང་ཀྲུང་དབྱང་གི་ཟླ3ཚེས1ཉིན་གྱི་མཛུབ་སྟོན་ནང་གསུངས་པ་ལྟར་དཔོན་ཉམས་རིང་ལུགས་ཀྱི་རྣམ་འགྱུར་དང་སྤྱོད་ཚུལ་གྱིས་ང་ཚོའི་ལས་ཀར་གྱོང་གུན་མང་པོ་བཟོས་ཡོད་ཅིང་། གལ་ཏེ་དེ་དག་འཕེལ་བ་དང་བློ་ཐག་རྦད་བཅད་ཀྱིས་སེལ་ཐབས་མ་བྱས་ན་གནོད་སྐྱོན་དེ་བས་ཆེ་བ་ཡོང་ངེས་རེད། ང་ཚོས་དཔོན་ཉམས་རིང་ལུགས་མུ་མཐུད་ནས་འཕེལ་དུ་གཏན་ནས་འཇུག་མི་རུང་།

7 དཔལ་འབྱོར་གྱི་གནོད་འཚེ།

དཔོན་ཉམས་རིང་ལུགས་ཀྱིས་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་བྱེད་མི་ཐུབ་པ་ག་ལ་ཡིན། དཔལ་འབྱོར་གོང་དུ་འཕེལ་བའི་སྔ་དུས་སུ་དེའི་མྱུར་ཚད་མགྱོགས་པས་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་ཁྲིད་བྱེད་ཐུབ་པ་དང་། ཐ་ན་འཕེལ་རྒྱས་ཧ་ཅང་མགྱོགས་པོ་འགྲོ་ཐུབ་པའི་རྐྱེན་གྱིས་རེད། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་དང་ས་ཁུལ་ཡོད་ཚད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོག་མའི་དུས་རིམ་དུ་མང་ཆེ་བ་ནི་དཔོན་ཉམས་རིང་ལུགས་ཀྱིས་གཙོ་ཁྲིད་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་དར་རྒྱས་ཞན་པའི་རྒྱལ་ཁབ་དང་རིགས་བསྒྱུར་རྒྱལ་ཁབ་ནང་དཔོན་ཉམས་རིང་ལུགས་ཀྱིས་ཚད་ངེས་ཅན་ཞིག་གི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་ཐུབ་ཀྱི་ཡོད།

7_1 སྤྱི་ཚོགས་དང་དཔལ་འབྱོར་འཁོར་སྐྱོད་ཀྱི་ལས་ཆོད་ཆུང་དུ་བཏང་།    

དེའི་རྒྱུ་མཚན་ནི་དཔོན་ཉམས་རིང་ལུགས་ཀྱིས་ཚུལ་མིན་ཁེ་ཆེན་དོན་དུ་གཉེར་བའི་རང་གཤིས་དང་། ཚོང་རའི་འགྲན་རྩོད་རང་བཞིན་མིན་པ། རང་བཞིན་མ་ཡིན་པ། དཔོན་ཉམས་མ་རྩས་མ་གནས་དམའ་བར་བརྟེན་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་ཐོབ་ཐབས་བྱེད་པའམ་ཡང་ན་སྒེར་སྡེམ་བྱས་ཏེ་ཁེ་སྤོགས་ཆེན་པོ་རག་ཐབས་བྱེད་ཀྱི་ཡོད། ཁེ་བཟང་ཆེན་པོ་དེ་རིགས་འགྲན་རྩོད་བྱེད་པར་བརྟེན་ནས་ཐོབ་པ་ཞིག་མིན་ལ། དཔོན་ཉམས་མ་རྩས་སྤྱི་ཚོགས་ཀྱི་རྒྱུ་ནོར་འདང་ངེས་ཤིག་བསྐྲུན་པ་ཞིག་ཀྱང་མིན། ངོ་བོའི་ཐོག་ནས་བཤད་ན་སྤྱི་ཚོགས་ཀྱི་ཚོགས་པ་གཞན་དག་ལ་རྒྱུ་ནོར་གསར་སྐྲུན་འཕྲོག་བཅོམ་བྱས་པ་ཞིག་དང་། ཁེ་བཟང་ཆེན་པོ་ཐོབ་པ། མང་ཆེ་བ་ནི་སྤྱི་ཚོགས་ཀྱི་རྒྱུ་ནོར་བགོ་བཤའ་བསྐྱར་མ་བརྒྱབ་ནས་ཐོབ་པ་ཞིག་ཡིན་པ་ལས་རང་ཉིད་ཀྱིས་གསར་སྐྲུན་བྱས་པ་ཞིག་མིན། དཔོན་ཉམས་མ་རྩས་རང་ཉིད་ཀྱིས་རྒྱུ་ནོར་གསར་སྐྲུན་བྱས་པའི་ཚོགས་པ་གཞན་དག་གི་རྒྱུ་ནོར་བདག་བཟུང་བྱས་ཡོད་ཅིང་། རྒྱུ་ནོར་དེ་རིགས་ནི་ལག་རྩལ་ཡར་ཐོན་བྱུང་བ་ལས་ཐོབ་པའི་རྒྱུ་ནོར་ནུས་ལྡན་ཞིག་མིན་པས། སྤྱི་ཚོགས་ཧྲིལ་པོའི་ཐོན་ཁུངས་བགོ་སྒྲིག་གི་ལས་ཆོད་དམའ་བ་དང་། མ་རྩ་གཞན་དག་གི་འཕེལ་རྒྱས་ནུས་པ་ཞན་དུ་འགྲོ་ངེས་རེད། དཔལ་འབྱོར་འཁོར་སྐྱོད་ཀྱི་ལས་ཆོད་ཆུང་དུ་འགྲོ་ངེས་ཡིན།     

རྒྱུ་མཚན་ནི་བོགས་འཚོལ་བླངས་རྗེས་ཁེ་སྤོགས་སྔར་ལས་མང་བ་ཐོབ་ཐུབ་པས། ལད་ཟློས་མཁན་དྲངས་ཡོང་ལ། དེས་སྤྱི་ཚོགས་ཐོག་གི་མ་རྩ་སྔར་ལས་མང་བ་དཔོན་ཉམས་མ་རྩར་བསྒྱུར་ཏེ། སྤྱི་ཚོགས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་ལས་ཆོད་སྔར་ལས་ཞན་དུ་གཏོང་ངོ་།།     

7_2 དཔོན་ཉམས་མ་རྩས་ལྡོག་མེད་ཀྱི་སྒེར་སྡོམ་ཁྱེར་ཡོང་།     

དཔོན་ཉམས་མ་རྩའི་ནུས་པ་ཆེ་རུ་ཕྱིན་པ་དེས། ཐོན་ཁུངས་གཅིག་སྡུད་བྱས་ནས་སྒེར་སྡོམ་བྱེད་ཚད་སྔར་བས་མགྱོགས་སུ་བཏང་བ་དང་། ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་སྔར་བས་ཆུང་དུ་གཏོང་། དཔོན་ཉམས་མ་རྩ་རྒྱ་ཁྱབ་ཏུ་གནས་པ་དང་། ཁེ་ཕན་ཐོབ་ཚད་མཐོ་བ། སྒེར་སྡོམ་རང་བཞིན་གྱིས་སྤྱི་ཚོགས་ཧྲིལ་པོའི་འགྲན་རྩོད་ལ་གནོན་ཤུགས་དང་སྤྱི་ཚོགས་ཀྱི་འཛད་སྤྱོད་ནུས་པ་ཉམས་ཞན་དུ་བཏང་ནས། ལག་རྩལ་ཡར་ཐོན་དང་། ཐོན་ལས་རིམ་འཕར།  མཇུག་མཐར་དཔལ་འབྱོར་ལ་རྒྱུན་མཐུད་གོང་འཕེལ་གྱི་ནུས་པ་ཤོར། ཐོན་ལས་གཅིག་ཡིན་ཡང་། ཚོང་རའི་ནང་དུས་མཚུངས་སུ་དཔོན་ཉམས་མ་རྩའི་སྒེར་སྡོམ་ཁེ་ལས་ཁ་ཤས་གནས་ཡོད་པ་དང་། ཁོ་ཚོས་ཀྱང་གྲོས་མཐུན་ལ་བརྟེན་ནས་སྒེར་སྡོམ་རྒྱུན་འཁྱོངས་བྱེད་ངེས་རེད།

8 ཆབ་སྲིད་མཇུག་འབྲས།
8_1 འདྲ་མཉམ་ལ་གནོད་པ། སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ།     

རྒྱུ་མཚན་ནི་དཔོན་ཉམས་རིང་ལུགས་ཀྱིས་དབང་ཆར་བརྟེན་ནས་བོགས་འཚོལ་སྤྱི་ཚོགས་ཀྱི་ཐོན་ཁུངས་འབོར་ཆེན་ཐོབ་པས། སྤྱི་ཚོགས་ཀྱི་རྒྱུ་ནོར་དེ་དཔོན་ཉམས་མ་རྩ་ཅན་ཉུང་ཤས་ཀྱིས་བདག་བཟུང་བྱས་པས། དབུལ་ཕྱུག་གི་ཧེ་བག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་། སྤྱི་ཚོགས་ཧྲིལ་པོའི་དྲང་གཞག་རང་བཞིན་ལ་གནོད་འཚེ་བཟོ་ངེས་རེད། སྤྱི་ཚོགས་ཀྱི་བློ་ལ་མི་འབབ་པ་དང་བདེ་འཇགས་ལ་གནོད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ནས་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཟོ་སླ་བ་དང་། ཐལ་སྐྱོད་གནས་ཚུལ་འོག་གསར་བརྗེ་འཁྱེར་ཡོང་རྒྱུ་དང་། ཐ་ན་རྒྱལ་ཁབ་ཧྲིལ་པོར་ཟིང་ཆ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བཤིག་ཐེབས། 

8_2 དཔོན་ཉམས་མ་རྩས་སྤྱི་ཚོགས་ཀྱི་ཆབ་སྲིད་བཅོས་བསྒྱུར་ལ་འགོག་རྐྱེན་བཟོ་སྲིད།     

དཔོན་ཉམས་རིང་ལུགས་ལ་གནས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཆབ་སྲིད་ལམ་ལུགས་འཐུས་ཚང་མིན་པ་དང་སྤྱི་ཚོགས་འཕེལ་རྒྱས་རྗེས་སུ་ལུས་པས་དཔོན་ཉམས་མ་རྩ་ཅན་དང་དཔོན་ཉམས་རིམ་གྲས་ལ་ཁྱད་དབང་ཡོད་པ་དེ་རེད། དཔོན་ཉམས་མ་རྩ་དང་དཔོན་ཉམས་རིམ་གྲས་ཀྱིས་རང་གི་དམིགས་བསལ་དབང་ཆ་སྲུང་སྐྱོང་བྱེད་ཆེད་ཆབ་སྲིད་བཅོས་བསྒྱུར་ཀྱི་འཕེལ་རིམ་ལ་ངོ་རྒོལ་བྱས་ཏེ་སྤྱི་ཚོགས་གོང་དུ་འཕེལ་བར་བཀག་འགོག་བྱེད་ཀྱི་ཡོད། ཁོ་ཚོ་ནི་རང་བྱུང་གི་རྙིང་ཞེན་སྟོབས་ཤུགས་དང་རང་བྱུང་གི་གཡས་ཕྱོགས་པའི་སྟོབས་ཤུགས་ཡིན། འོན་ཀྱང་འགོག་རྐྱེན་དེ་རིགས་ཀྱིས་སྤྱི་ཚོགས་ཀྱི་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གསོག་འཇོག་ཐུབ་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྔར་བས་གནོད་ཀྱི་ཡོད། དཔོན་ཉམས་མ་རྩས་དབང་བརྟེན་ཁེ་གཉེར་ལ་བརྟེན་ནས་སྤྱི་ཚོགས་ཀྱི་རྒྱུ་ནོར་བདག་ཏུ་བཟུང་བ་དང་དུས་ཡུན་རིང་པོའི་ཆ་ནས་བལྟས་ན། སྤྱི་ཚོགས་འཁོར་སྐྱོད་ཀྱི་ལས་ཆོད་ཆུང་དུ་འགྲོ་སྲིད་པ་དང་། དུས་མཚུངས་སུ་བདག་བཟུང་དེ་རིགས་ཀྱིས་དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་བཏང་བས། དེ་དང་འདྲ་བར་སྤྱི་ཚོགས་དྲང་སྙོམས་ཀྱི་རྩ་དོན་ལ་གནོད་པ་ཐེབས་སྲིད། དེར་བརྟེན་དེ་ནི་མ་རྩའི་རིང་ལུགས་ཀྱི་རྣམ་པ་སྡུག་ཤོས་ཤིག་ཡིན་པ་མཐོང་ཐུབ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་འགལ་རྐྱེན་ཧ་ཅང་ཆེན་པོ་ཞིག་རེད།

9 འབྲེལ་ཡོད་གཞན་དག
9_1 ནད་གཞིའི་འབྱུང་ཁུངས།    

1.ཚད་མཐོའི་གཅིག་བསྡུས་ཀྱི་ཆབ་སྲིད་དཔལ་འབྱོར་སྒྲིག་སྲོལ།     

2.ལས་ཁུངས་སོ་སོ་དང་ཐ་ན་མི་རེ་རེའི་འགན་འཁྲི། དབང་ཚད་ཐད་གཏན་འབེབས་ནན་པོ་དང་གསལ་པོ་ཞིག་མེད་པས་ཆེ་ཆུང་ལ་མ་བལྟོས་པར་རྟག་པར་ཁུངས་ལུང་འཛིན་ས་མེད་པ་དང་། མི་ཆེས་མང་ཆེ་བས་རྟག་པར་རང་ཚུགས་དང་འགན་ཁུར་བའི་སྒོ་ནས་རང་ཉིད་ཀྱིས་ཐག་གཅོད་དགོས་པའི་གནད་དོན་རྣམས་ཐག་གཅོད་བྱེད་མི་ཐུབ་པས། ཉིན་ལྟར་བྲེལ་བ་བྱས་ནས་དགོངས་སྐོར་སྙན་ཞུ་དང་ཡིག་ཆར་མཆན་བཀོད་བརྒྱུད་སྤྲོད་མི་བྱེད་ཐབས་མེད་རེད། དེ་མིན་ལས་བྱེད་པར་ཚད་ལྡན་གྱི་གདན་ཞུས་སྐུལ་སྤྱོད་མི་འདང་བ་དང་། བྱ་དགའ་དང་ཆད་གཅོད། ལས་འཁྱུར་ངལ་གསོ། ལས་གནས་ཕྱིར་འཐེན། ལམ་ལུགས་འདོར་བ། གོ་གནས་སྤར་ཆོག་པ་ལས་གོ་གནས་འབེབས་མི་ཆོག་པ་དང་། གོ་རིམ་མང་བ། ལས་མེད་འགན་མང་བ། ལས་ཁུངས་གཏོས་ཆེ་བ་བཅས་བྱུང་ན་དཔོན་ཉམས་རིང་ལུགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ངེས་རེད། 

9_2 རུལ་སུངས་གཏོར་ནས་སྲིད་དོན་གཙང་སྐྱོང་།    
9_2_1  གཅིག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་དང་སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་གྱི་བྱེད་པར་སྐུལ་འདེད་གཏོང་དགོས།    


ཀྲུང་གོ་གསར་པ་དབུ་བརྙེས་རྗེས། སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཞིབ་དཔྱོད་ལས་ཁུངས་དང་། སྲིད་གཞུང་གི་ལྟ་ཞིབ་ལས་ཁུངས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་བཅས་བཙུགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྐོག་ཟར་ཆད་གཅོད་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་པ་དང་། རུལ་སུངས་ལ་ངོ་རྒོལ་དང་སྲིད་དོན་གཙང་སྐྱོང་གི་སྒྲིག་སྲོལ། ལམ་སྲོལ་རགས་ཙམ་བཙུགས་ཡོད། དུས་རབས20བའི་ལོ་རབས70བའི་མཇུག་ཏུ། ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་འགོ་བརྩམས། བཅོས་བསྒྱུར་སྒོ་འབྱེད་ནི་གཅིག་བསྡུས་ཚད་མཐོན་པོ་ཡིན་པའི་འཆར་ལྡན་དཔལ་འབྱོར་སྒྲིག་སྲོལ་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་། བཀག་སྡོམ་ཐེབས་པ་དང་བཀག་སྡོམ་ཕྱེད་ཙམ་ཐེབས་པ་ནས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་སྤྱི་ཚོགས་འཕོ་འགྱུར་ཆེན་པོའི་བརྒྱུད་རིམ་ཞིག་ཡིན་པས། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་ཆེན་པོ་བཏང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་རེད། དུས་རབས20པའི་ལོ་རབས90པར། ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་འགོ་བརྩམས། དུས་རབས21པར་སླེབས་རྗེས། ཀྲུང་གོས་རུལ་སུངས་ལ་ངོ་རྒོལ་དང་སྲིད་དོན་གཙང་སྐྱོང་བྱ་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་འགོག་མཉམ་བསྟར། སྔོན་འགོག་གཙིགས་སུ་འཛིན་པ་བཅས་ཀྱི་བྱེད་ཕྱོགས་གཏན་ཁེལ་བྱས་པ་དང་། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་ཅེས་པའི་རུལ་སུངས་ལ་རྒོལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་འདི་གཏན་འབེབས་དང་འཐུས་ཚང་དུ་བཏང་སྟེ། རུལ་སུངས་ལ་རྒོལ་བ་དང་སྲིད་དོན་གཙང་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།     

9_2_2 གཉིས། རུལ་སུངས་ལ་ངོ་རྒོལ་དང་སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ།     


རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་འཛུགས་སྐྱོང་གི་ལག་ལེན་ཁྲོད་ཀྲུང་གོས་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་སྲིད་སྒྲིག་ཨུད་ཀྱིས་སྒྲིག་འཛུགས་མཐུན་སྦྱོར་བྱེད་པ། སྡེ་ཚན་གྱིས་རང་འགན་རང་འཁུར་བྱེད་པ། མང་ཚོགས་ཀྱིས་རྒྱབ་སྐྱོར་དང་ཐེ་ཞུགས་བྱེད་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་ཆགས་ཡོད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་སྔ་རྗེས་སུ《ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་དང་བཟོ་བཅོས་བྱས་ཏེ། རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས“སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་དགོས་པའི”རྩ་དོན་ལྟར། ལས་སྒོའི་ལས་ཀ་དམ་འཛིན་ལེགས་པོ་བྱེད་པ་དང་དུས་མཚུངས་སུ། འགན་འཁྲིའི་ཁྱབ་ཁོངས་ནང་གི་རུལ་སུངས་ལ་ངོ་རྒོལ་དང་སྲིད་དོན་གཙང་སྐྱོང་དམ་འཛིན་ལེགས་པོ་བྱ་དགོས་པ་དང་། གཏན་འབེབས་དང་འགལ་རིགས་ལ་འགན་འཁྲི་བདའ་འདེད་བྱ་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད། རྒྱལ་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་དོན་དང་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར། མཉམ་དུ་དཔྱད་ཞིབ་བཅས་བྱས་ནས་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་འཛུགས་སྐྱོང་ཏན་ཏིག་དང་ནུས་ལྡན་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་པ་རེད། མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཐེ་ཞུགས་ནི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་འཛུགས་སྐྱོང་ཐད་གྲུབ་འབྲས་ཐོབ་པའི་རྨང་གཞི་གལ་ཆེན་ཞིག་ཡིན། སྤྱི་ཚོགས་ཀྱི་ཚོགས་པ་ཁག་དང་། གསར་འགྱུར་སྨྱན་སྦྱོར། རྒྱ་ཆེའི་མི་དམངས་མང་ཚོགས་བཅས་ཀྱིས་ཐབས་འདོན་ཇུས་འབུལ་དང་། ལྟ་སྐུལ་ནང་ཞུགས་པ། རུལ་སུངས་ཐེར་འདོན་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།     

9_2_3 གསུམ། རུལ་སུངས་ལ་ངོ་རྒོལ་དང་སྲིད་དོན་གཙང་སྐྱོང་འཛུགས་སྐྲུན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ལུགས་མ་ལག


ཀྲུང་གོའི་རྩ་ཁྲིམས་གཞིར་བཟུང་རུལ་རྒོལ་གཙང་སྤེལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་བཟོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་གཞི་འཛིན་སར་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལམ་ལུགས་དང་གཏན་འབེབས་རབ་དང་རིམ་པ་བཟོས་ཏེ་ནང་དོན་ཚན་རིག་དང་མཐུན་པ་དང་། གོ་རིམ་དམ་པ། ཆ་འགྲིག་ཆ་ཚང་བ། ནུས་ལྡན་གོ་ཆོད་བཅས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་འཛུགས་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་རིམ་བཞིན་ཆགས་པ་བྱས་ཡོད། འགོ་ཁྲིད་ལས་བྱེད་པས་སྲིད་དོན་གཙང་སྐྱོང་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྲིད་དོན་གཙང་སྐྱོང་བྱེད་པའི་རུལ་སུངས་དང་ཀུན་སྤྱོད་ཀྱི་ཚད་གཞི་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་། ཁེ་ཕན་གྱི་གདོང་གཏུག་སྔོན་འགོག་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ཡོད། ཀྲུང་གོས་སླད་ཕྱིན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་འབྲེལ་དུས་བབ་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་སྔར་ཡོད་ཀྱི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་འཛུགས་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ལུགས་གསར་པ་མུ་མཐུད་བཟོས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།     

9_2_4 བཞི། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག     

ཀྲུང་གོས་གྲུབ་ཚུལ་ལུགས་མཐུན་དང་། བཀོད་སྒྲིག་ཚན་རིག་དང་མཐུན་པ། གོ་རིམ་ནན་ཏན། ཚོད་འཛིན་ནུས་ལྡན་བཅས་ཀྱི་རྩ་དོན་ལྟར་ཇུས་ཐག་གཅོད་དབང་དང་། ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ཕན་ཚུན་ཚོད་འཛིན་བྱེད་ལ་ཕན་ཚུན་མཐུན་སྦྱོར་ཡང་བྱེད་པའི་དབང་ཆའི་གྲུབ་ཚུལ་དང་འཁོར་སྐྱོད་ནང་རྐྱེན་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དབང་ཆ་འཁོར་སྐྱོད་དང་ཕྱི་གསལ་ནང་གསལ་ཡོང་བར་སྐུལ་འདེད་གཏོང་བ། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། མིག་སྔར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ། སྲིད་གཞུང་ནང་ཁུལ་གྱི་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། སྤྱི་དམངས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ལས་གྲུབ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལྟ་སྐུལ་མ་ལག་ཅིག་ཆགས་ཡོད། ལྟ་སྐུལ་བྱེད་པོ་ཁག་བལྟོས་བཅས་ཀྱི་རང་ཚུགས་ཡིན་ལ་གཞོགས་འདེགས་དམ་ཟབ་ཀྱང་བྱས་པས་སྤྱི་ཡོངས་ཀྱི་སྡོམ་ཤུགས་ཆགས་ཡོད།     

9_2_5 ལྔ། སྒྲིག་སྲོལ་བཅོས་བསྒྱུར་དང་ལམ་ལུགས་གསར་གཏོད་བྱེད་པར་བརྟེན་ནས་རུལ་སུངས་འགོག་བཅོས་བྱ་དགོས།     


བཅོས་བསྒྱུར་སྒོ་འབྱེད་དང་ལྷག་པར་དུ་དུས་རབས་ཉེར་གཅིག་པར་སླེབས་རྗེས་ཀྲུང་གོས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བཅོས་བསྒྱུར་ཀྱི་བྱེད་ཐབས་སྤྱད་དེ་རུལ་སུངས་སྔོན་འགོག་དང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། རུལ་སུངས་ཐོན་སླ་བའི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་སྒྲིག་གཞི་སྒྱུར་བཅོས་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་སྒྲིག་སྲོལ་གསར་པ་དང་ལམ་སྲོལ་གསར་པ་བཙུགས་ནས་འབྱུང་རྩ་ནས་རུལ་སུངས་འགོག་བཅོས་ཧུར་ཐག་བྱེད་དགོས།     

9_2_6 དྲུག་པ། རུལ་སུངས་ཀྱི་གྱོད་གཞི་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།     

རུལ་སུངས་ཀྱི་གྱོད་གཞི་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་ནི་རུལ་སུངས་ལ་ཉེས་ཆད་གཅོད་པའི་ཆེས་ཐད་ཀར་དང་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། ཏང་ཡོན་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་བྱེད་པའི་ཁྲོད་ཀྱི་རུལ་སུངས་ཀྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་ནན་མོ་བྱས་ཏེ། རུལ་སུངས་ལ་ཉེས་ཆད་གཅོད་པའི་ངར་ཤུགས་ཆེན་པོ་སྲུང་འཛིན་བྱས་ཡོད།     

9_2_7 བདུན། སྲིད་དོན་གཙང་སྐྱོང་གི་སློབ་གསོ་དང་རིག་གནས་ཛུགས་སྐྲུན་སྐོར།     

སློབ་གསོ་ནི་རུལ་སུངས་ལ་རྒོལ་བ་དང་སྲིད་དོན་གཙང་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་བྱ་བ་ཞིག་ཡིན། ལོ་མང་རིང་ཀྲུང་གོས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲོད་དུ་སྤྱོད་གཙང་སྲིད་ཞུགས་ཀྱི་སློབ་གསོ་སྤེལ་བ་དང་། སྤྱི་ཚོགས་ཡོངས་སུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་སུ་སྤྱོད་གཙང་དར་སྤེལ་གཏོང་བའི་དར་སྲོལ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད། ཀྲུང་གོས་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་པ་དང་། སྤྱོད་གཙང་ནི་གཟི་བརྗིད་དང་འདོད་རྔམ་ནི་ཞེ་ཁྲེལ་ཡིན་པ་དར་སྤེལ་གཏོང་དགོས། 《འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཟོས་ནས་ལས་ཁུངས་དང་། སྡེ་ཁུལ། ཁྱིམ་ཚང་། སློབ་གྲྭ། ཁེ་ལས། གྲོང་གསེབ་བཅས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་ཁྲོད་ཀྱི་སྙིང་བཅུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། རྩོམ་རིག་སྒྱུ་རྩལ་དང་། བརྩམས་ཆོས། ཡིག་རིས་འགྲེམས་སྟོན། སྤྱི་ཕན་བརྡ་ཁྱབ་སོགས་ཀྱི་རྣམ་པའི་ཐོག་ནས་མཚོན་པའི་ནང་དོན་ཕུན་སུམ་ཚོགས་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་དོ་སྣང་བྱས་ཏེ། བརྗོད་བྱ་གཙོ་བོ་ཡར་ཐོན་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་གསལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་ཐུགས་ཁུར་བྱེད་པའི་ཕུལ་བྱུང་སྲིད་དོན་གཙང་སྐྱོང་གི་བརྩམས་ཆོས་ཁག་ཅིག་འདོན་དགོས། འདི་དག་བརྒྱུད་ནས་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་མང་བ། སྤྲོ་དགའི་མཐོང་ཐོས་ཀྱི་སྲིད་དོན་གཙང་སྐྱོང་རིག་གནས་བྱ་འགུལ་སྤེལ་བ།     

9_2_8 བརྒྱད། རུལ་སུངས་ཀྱི་རྒྱལ་སྤྱིའི་བསམ་བློ་བརྗེ་རེས་དང་མཉམ་ལས་ལ་ངོ་རྒོལ།       

དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་བསྟུན་ནས་རུལ་སུངས་ཀྱི་བྱ་སྤྱོད་ལ་རྩ་འཛུགས་ཡོད་པ་དང་རྒྱལ་ཁོངས་ལས་བརྒལ་བའི་འཕེལ་ཕྱོགས་མངོན་ཡོད། རུལ་སུངས་ལ་ངོ་རྒོལ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་འཛམ་གླིང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་ལྐོག་ཟ་དང་མཉམ་ལས་ལ་མཐོང་ཆེན་བྱེད་པ་དང་། བདག་དབང་ལ་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཁྱད་པར་ལ་བརྩི་འཇོག ཕན་འབྲས་དངོས་ལ་མཐོང་ཆེན་བཅས་བྱེད་པའི་རྩ་དོན་འོག་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ས་ཁུལ་སོ་སོ། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་རྩ་འཛུགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་དང་ཕན་ཚུན་ཚད་གཞིར་འཛིན་པ། མཉམ་དུ་རུལ་དུངས་ཀྱི་བྱ་བར་རྡུང་རྡེག་བྱེད་པ་དེའོ།།

10 འབྲེལ་ཡོད་ཆ་འཕྲིན།    

ཏེང་ཞའོ་ཕིན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་ཚན་པ་རབས་གཉིས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་རླབས་པོ་ཆེ་བཏོན་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། བཅོས་བསྒྱུར་ཟབ་སྤེལ། སྒོ་འབྱེད་རྒྱ་སྐྱེད། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བཅས་བྱས་པ་དང་མཉམ་དུ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་དུ་འཕེལ་བར་བཀག་འགོག་བྱེད་པའི་དཔོན་ཉམས་རིང་ལུགས་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པས། ཀྲུང་གོ་གུང་ཁྲན་ཏང་གིས་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་རེད།     

ཐོག་མར་ཏེང་ཞའོ་ཕིན་གྱིས་གནས་བབ་གསར་པའི་འོག་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་དང་གནོད་སྐྱོན་ལ་དབྱེ་ཞིབ་བྱས། ཁོང་གིས“དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ནི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་རྒྱ་ཁྱབ་ཏུ་གནས་པའི་གནད་དོན་ཆེན་པོ་ཞིག་རེད། དེའི་མངོན་ཚུལ་དང་གནོད་སྐྱོན་གཙོ་བོ་ནི། མཐོ་སར་བསྡད་ནས་དབང་ཆ་གང་བྱུང་དུ་སྤྱོད་པ་དང་། དོན་དངོས་དང་བྲལ་བ། མང་ཚོགས་དང་ཁ་བྲལ་བ། ཕྱི་ཚུལ་སྟོན་རྒྱུར་དགའ་བ། སྟོང་གཏམ་བཤད་རྒྱུར་དགའ་བ། བསམ་བློ་གཏོང་བར་དགའ་བ། སྲོལ་རྙིང་མཁྲེགས་བཟུང་བྱེད་པ། སྒྲིག་གཞི་གཏོས་ཆེ་བ། མི་མང་ཉབ་ཉོབ་བྱེད་པ། ལས་ཀའི་ལས་ཆོད་ལ་དོ་སྣང་མི་བྱེད་པ། འགན་མི་འཁུར་བ། ཁ་དན་ཚིག་ལ་མི་གནས་པ། གཞུང་ཡིག་འགྲུལ་བཞུད་བྱེད་པ། ཕན་ཚུན་རང་འགན་གཞན་དཀྲི་བྱེད་པ། དཔོན་ཉམས་ཆེ་མདོག་གིས་མི་ལ་གཤེ་གཤེ་གཏོང་བ། རྡུང་རྡེག་གཏོང་བ། དམངས་གཙོར་འགོག་གནོན། མགོ་སྐོར་འོག་གཡོལ། ལྐོག་ཟ་ཁྲིམས་འགལ་སོགས་རེད། དེ་ནི་ང་ཚོའི་སེམས་ནང་ངམ་ཡང་ན་རྒྱལ་སྤྱིའི་འགྲོ་འོང་ཁྲོད་གང་ཞིག་ཡིན་རུང་ཚང་མ་བཟོད་ཐབས་བྲལ་བའི་གནས་སུ་གྱུར་ཡོད”ཅེས་བཤད་པ་རེད། འདིར་ཏེང་ཞའོ་ཕིན་གྱིས་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་དང་གནོད་འཚེ་རིགས24དཔེ་རུ་དྲངས་ནས་དཔོན་ཉམས་རིང་ལུགས་ཀྱི་བསམ་བློའི་འབྱུང་རྩ་དང་རྩ་འཛུགས་ཀྱི་མཚོན་ཚུལ་བྱུང་བ་དང་། དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་གྱི་ཁྱད་ཆོས་དང་དེའི་གནོད་སྐྱོན་ཡང་ཡོད་པ། ལྷག་པར་དུ་དཔོན་ཉམས་རིང་ལུགས་དང་རུལ་སུངས་ཀྱི་སྤྱོད་ཚུལ་དང་ཉེས་སྤྱོད་གཞན་དག་བར་གྱི་ནང་གནས་ཀྱི་འབྲེལ་བ་ཡོད་པ་དང་། དཔོན་ཉམས་རིང་ལུགས་ཀྱི་ཁྱད་ཆོས་ལ་ཐེར་འདོན་དང་ཁ་རྡུང་གཏིང་ཟབ་པོ་བཏང་ཡོད། དེ་ནས་ཏེང་ཞའོ་ཕིང་གིས་སྐབས་དེའི་དཔོན་ཉམས་རིང་ལུགས་ཀྱི“སྐྱོན་གཞི”ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་གནང་བ་རེད། ཁོང་གི་ཐུགས་ལ“མིག་སྔར་ང་ཚོར་དམིགས་བསལ་དུ་ཡོད་པའི་དཔོན་ཉམས་རིང་ལུགས་ཀྱི་སྐྱོན་ཆའི”སྤྱིའི་འབྱུང་རྩ་དེ“ང་ཚོས་དུས་ཡུན་རིང་པོར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཆར་གཞི་ལྟར་དོ་དམ་བྱེད་པའི་ལམ་ལུགས་དེས་ངེས་པར་དུ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་ཚང་མར་ཀྲུང་དབྱང་གིས་དབང་ཆ་གཅིག་སྡུད་ཆེས་ཆེར་བྱེད་པའི་དོ་དམ་སྒྲིག་སྲོལ་ལག་ལེན་བསྟར་བར་འབྲེལ་བ་དམ་པོ་ཡོད་སྙམ།” ང་ཚོའི་འགོ་ཁྲིད་ལས་ཁུངས་རིམ་པ་ཁག་ཚང་མས་དོ་དམ་བྱེད་མི་དགོས་པ་དང་། དོ་དམ་ཡག་པོ་བྱེད་མི་ཐུབ་པ། དོ་དམ་བྱེད་མི་ཐུབ་པ་བཅས་ཀྱི་བྱ་བ་མང་པོ་ཞིག་དོ་དམ་བྱས་ཡོད། དཔོན་ཉམས་རིང་ལུགས་ཀྱི་སྐྱོན་ཆའི་འབྱུང་རྩ་གཞན་ཞིག་ནི་ང་ཚོའི་ཏང་སྲིད་ལས་ཁུངས་དང་དེ་བཞིན་ཁེ་ལས་དང་བྱ་ལས་ཀྱི་འགོ་ཁྲིད་ལས་ཁུངས་སྣ་ཚོགས་སུ་དུས་ཡུན་རིང་པོར་གོང་ནས་འོག་བར་གྱི་སྲིད་འཛིན་ཁྲིམས་སྲོལ་དང་སྒེར་གྱིས་འགན་ཁུར་བའི་ལམ་ལུགས་དམ་པོ་ཞིག་མེད་པ་དང་། ལས་ཁུངས་རེ་རེ་དང་ཐ་ན་མི་རེ་རེའི་འགན་འཁྲི་དང་དབང་ཚད་ཐད་གཏན་འབེབས་ནན་པོ་དང་གསལ་པོ་ཞིག་མེད་པ། ཐ་ན་ཆེ་ཆུང་ལ་མ་བལྟོས་པར་རྟག་པར་ཁུངས་ལུང་འཛིན་ས་མེད་པར་བརྟེན་མི་ཆེས་མང་ཆེ་བས་རྟག་པར་རང་ཚུགས་དང་འགན་ཁུར་བའི་སྒོ་ནས་རང་གིས་ཐག་གཅོད་དགོས་པའི་གནད་དོན་ཐག་གཅོད་མ་ཐུབ་པར་ཉིན་གང་བྲེལ་འཚུབ་ཀྱི་ངང་ནས་དགོངས་སྐོར་སྙན་ཞུ་དང་ཡིག་ཆར་ཆོག་མཆན་བཀོད་ནས་བརྒྱུད་སྤྲོད་མི་བྱེད་ཐབས་མེད་རེད། རང་གནས་རིང་ལུགས་ཚབས་ཆེན་ཡོད་པའི་མི་ཁ་ཤས་ཀྱིས་ཐ་ན་འགན་འཁྲི་དང་ཐུག་དུས་ཕན་ཚུན་ཁག་དཀྲི་རེས་དང་། ཁེ་དབང་དང་ཐུག་དུས་ཕན་ཚུན་འཕྲོག་རེས་རྫོགས་རྒྱུ་མེད་པ་བྱེད་ཀྱི་ཡོད། གཞན་ཡང་ལས་བྱེད་པའི་ཐད་རྒྱུན་ལྡན་གྱི་ལས་ཀར་འཇུག་པ་དང་། བྱ་དགའ་དང་ཆད་གཅོད། ལས་འཁྱུར་ངལ་གསོ། ལས་གནས་ཕྱིར་འཐེན། མི་དགོས་པར་བཟོ་བ་བཅས་ཀྱི་ཐབས་ཤེས་མི་འདང་བ་དང་། གང་ལྟར་ལས་ཀ་བཟང་ངན་གང་ཡིན་རུང་ཚང་མ་ལྕགས་ལྟ་བུ་ཡིན་ཞིང་། ལས་ཀར་ཞུགས་ཆོག་པ་ལས་ཕྱིར་འབུད་མི་ཆོག་པ་དང་། གོ་གནས་སྤར་མི་ཆོག་པ་དང་གོ་གནས་ཕབ་མི་ཆོག་པ་བཅས་རེད། གནས་ཚུལ་དེ་དག་བྱུང་ན་སྒྲིག་གཞི་ཆེ་དྲགས་པ་དང་། རིམ་པ་མང་བ། གོ་གནས་སྟོང་པ་འཛིན་མཁན་མང་བ་བཅས་ཡོང་ངེས་དང་། སྒྲིག་གཞི་ཆེ་དྲགས་ན་དཔོན་ཉམས་རིང་ལུགས་འཕེལ་བར་སྐུལ་འདེད་གཏོང་ངེས་རེད། དེར་བརྟེན་ངེས་པར་དུ་རྩ་བའི་ཐོག་ནས་ལམ་ལུགས་དེ་དག་བསྒྱུར་དགོས།     

ཏེང་ཞའོ་ཕིན་གྱིས་ད་དུང“དབང་ཆ་གཅིག་ཏུ་བསྡུས་དྲགས་པའི་སྣང་ཚུལ……རྒྱལ་ཡོངས་ཀྱི་རིམ་པ་ཁག་ཚང་མར་ཚད་མི་འདྲ་བའི་སྒོ་ནས་གནད་དོན་འདི་གནས་ཡོད། དབང་ཆ་མི་སྒེར་རམ་མི་ཉུང་ཤས་ཀྱི་ལག་ཏུ་བསྡུས་དྲགས་ན། བྱ་བ་སྒྲུབ་མཁན་མང་ཆེ་བར་ཐག་གཅོད་དབང་མེད་པ་དང་། དབང་ཆ་ལྡན་པའི་མི་ཉུང་ཤས་ཀྱིས་འགན་འཁྲི་འཁུར་ཕོད་པ། དཔོན་ཉམས་རིང་ལུགས་ཡོང་བ། ནོར་འཁྲུལ་སྣ་ཚོགས་ཤོར་ངེས་ཡིན་པ། རིམ་པ་ཁག་གི་ཏང་དང་སྲིད་གཞུང་གི་དམངས་གཙོའི་འཚོ་བ་དང་། ཐུན་མོང་གི་འགོ་ཁྲིད། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས། མི་སྒེར་གྱི་ལས་བགོས་འགན་འཁྲིའི་ལམ་ལུགས་སོགས་ལ་གནོད་སྐྱོན་གཏོང་ངེས་རེད། སྣང་ཚུལ་དེ་རིགས་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་ཤུགས་རྐྱེན་དང་འབྲེལ་བ་ཡོད་ལ། གུང་ཁྲན་རྒྱལ་སྤྱིའི་དུས་སྐབས་སུ་ལག་ལེན་བསྟར་བའི་རྒྱལ་ཁབ་ཁག་གི་ཏང་གི་ལས་ཀའི་ནང་འགོ་ཁྲིད་པ་སྒེར་གྱིས་དབང་ཆ་གཅིག་སྡུད་ཆེས་ཆེར་བྱེད་པའི་སྲོལ་རྒྱུན་དང་ཡང་འབྲེལ་བ་ཡོད། ཏེང་ཞའོ་ཕིང་གིས་དཔོན་ཉམས་རིང་ལུགས་ཀྱི“རྩ་བ”ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། བཀས་བཀོད་རྒྱུད་འཛིན་སྒེར་གཅོད་རིང་ལུགས་དང་གུང་ཁྲན་རྒྱལ་སྤྱིའི་ཤུགས་རྐྱེན་མཐོང་བ་དང་། ང་ཚོའི་ལམ་ལུགས་དང་། ལམ་སྲོལ། སྒྲིག་སྲོལ་བཅས་ཀྱི་ཐད་གནས་པའི་སྐྱོན་ཆ་ཡང་ཚོར་བྱུང་། དེ་སྔོན་ཆད་ལས་སྟབས་བདེ་བའི་སྒོ་ནས་དཔོན་ཉམས་རིང་ལུགས་བྱུང་བ་དེ“འབྱོར་ལྡན་གྲལ་རིམ་གྱི་ཤུགས་རྐྱེན”“ཐོན་སྐྱེད་ཆུང་བའི་ཤུགས་རྐྱེན”ཡིན་པའི་རྐྱེན་གྱིས་ཕྱོགས་ཡོངས་དང་ཧ་ཅང་གཏིང་ཟབ་པ་ཞིག་ཡོང་བ་བྱེད་དགོས།

གསུམ་པ། ཏེང་ཞའོ་ཕིང་གིས་དཔོན་ཉམས་རིང་ལུགས་མེད་པར་བཟོ་དགོས་ན་ངེས་པར་དུ“རྩ་འཛུགས་ལམ་ལུགས་དང་ལས་ཀའི་ལམ་ལུགས་ཐད་ཀྱི་གནད་དོན”ཐག་གཅོད་བྱ་དགོས་ཞེས་བཏོན། “འགོ་ཁྲིད་ལམ་ལུགས་དང་རྩ་འཛུགས་ལམ་ལུགས་ཀྱི་གནད་དོན་ལ་དེ་བས་ཀྱང་རྩ་བའི་རང་བཞིན་ལྡན……ལམ་ལུགས་ཀྱི་གནད་དོན་འདི་རིགས་ཏང་དང་རྒྱལ་ཁབ་ཀྱི་ཁ་དོག་འགྱུར་མིན་དང་འབྲེལ་བ་ཡོད་པས། ངེས་པར་དུ་ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་དགོས།”“ལམ་ལུགས་ཀྱི་གནད་དོན་ཐག་གཅོད་མ་བྱས་ན་གནད་དོན་ཡང་ཐག་གཅོད་བྱེད་མི་ཐུབ། “དེར་བརྟེན་སྔོན་ཆད་ང་ཚོས་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་ཐེངས་མང་བྱེད་མྱོང་ཡང་ཕན་འབྲས་ཆེན་པོ་ཐོབ་མེད། གོང་དུ་ཞུས་པའི་ལམ་ལུགས་ཀྱི་གནད་དོན་རྣམས་ཐག་གཅོད་སྐབས་སློབ་གསོ་དང་གཡོ་སྒྱུའི་ལས་ཀ་ཚུད་པའི་ལས་ཀ་འབོར་ཆེན་བྱ་དགོས་མོད། འོན་ཀྱང་མི་བྱེད་ཐབས་མེད་ཡིན། དེ་འདྲ་མ་བྱས་ན་ང་ཚོའི་དཔལ་འབྱོར་བྱ་གཞག་དང་ལས་དོན་ཁག་ཚང་མ་ཕན་ནུས་ལྡན་པའི་སྒོ་ནས་མདུན་དུ་སྐྱོད་མི་ཐུབ། “དེ་སྔ་བྱུང་མྱོང་བའི་གནད་དོན་ཚབས་ཆེན་འགའ་ཞིག་ཕྱིན་ཆད་བསྐྱར་དུ་ཐོན་སྲིད། (《མའོ་ཙེ་ཏུང་དང་ཏེང་ཞའོ་ཕིན། ཅང་ཙེ་རྨིན་གྱི་ཏང་འཛུགས་སྐྱོང་སྐོར་གྱི་རྣམ་བཤད། 》)     

ཏེང་ཞའོ་ཕིན་གྱི་འགོ་ཁྲིད་འོག ཏང་ཀྲུང་དབྱང་གིས་རུལ་རྒོལ་གཙང་སྤེལ་དང་ཟུང་འབྲེལ་བྱས་ཏེ་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱས། སྤྱི་ལོ1979ལོའི་ཟླ11པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཏེང་ཞའོ་ཕིན་གྱིས་ལམ་ལུགས་ནས་འགོ་བརྩམས་ཏེ་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བླང་བྱ་ལྟར། 《མཐོ་རིམ་ལས་བྱེད་པའི་སྐོར་གྱི་གཏན་འབེབས་འགའ་ཞིག》དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ། དོན་རྐྱེན་འདིར་ཏེང་ཞའོ་ཕིན་གྱིས་བསྟོད་བསྔགས་གནང་སྟེ། དེས་དགེ་མཚན་མང་པོ་ཞིག་ཁྱེར་ཡོང་བ་དང་། ཐོག་མར་དཔོན་ཉམས་རིང་ལུགས་རང་བཞིན་གྱིས་ཇེ་ཉུང་དུ་སོང་བ་རེད། སྤྱི་ལོ1980ལོའི་ཟླ2པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ལ་གྲོས་འཆམ་བྱུང་ཞིང་། ཚད་གཞི་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཕྱོགས་སོ་སོ་དང་འབྲེལ་བ་ཡོད་པ་དང་། ཏང་སྲོལ་དག་ཐེར་བྱེད་པར་ཅུང་ཆ་ཚང་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཏེ། སྲིད་དོན་གཙང་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། སྤྱི་ལོ1988ལོའི་ཟླ5པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཁང་གིས་ཡང《ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དཔོན་ཉམས་རིང་ལུགས་ཀྱི་འགན་འཛོལ་དང་ནོར་འཁྲུལ་ཚབས་ཆེན་ཤོར་བའི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའི་གནས་སྐབས་ཀྱི་གཏན་འཁེལ》ཞེས་པ་སྤེལ། 《གཏན་འབེབས》ནང་བསྟན་དོན། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དཔོན་ཉམས་རིང་ལུགས་ཀྱི་འགན་འཛོལ་ནོར་འཁྲུལ་ཚབས་ཆེན་ཤོར་ཚེ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ་དང་། ཉེས་དོན་སྐོར་གྱི་བཅའ་ཁྲིམས་དང་འགལ་ཞིང་གཡོ་འོག་ཏུ་ཚུད་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྤྱིར་བཏང་དུ་མགོ་སྐོར་གཏོང་དགོས། གྱོང་གུན་ཚབས་ཆེན་བཟོས་པའི་འགོ་ཁྲིད་ཀྱི་འགན་འཁྲི་སྣ་ཚོགས་ཡོད་པའི་མི་སྣར་ཆད་པ་ལྗིད་མོ་གཅོད་དགོས། གྱོང་གུན་ཚབས་ཆེན་བཟོས་ནས་འགོ་ཁྲིད་ཀྱི་འགན་འཁྲི་འཁུར་བའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་འབྲེལ་ཡོད་གཏན་འབེབས་ལྟར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས། དཔོན་ཉམས་རིང་ལུགས་ཀྱི་འགན་འཛོལ་ནོར་འཁྲུལ་ཚབས་ཆེན་ཤོར་བའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཏང་ནང་གི་གོ་གནས་ཡན་ཕྱིར་འཐེན་བྱེད་པའི་ཆད་པ་གཅོད་དགོས་རིགས་ལ། སྤྱིར་བཏང་དུ་དུས་མཚུངས་སུ་ཏང་ཕྱིའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གྲོས་འགོ་འདོན་དགོས་སོ།།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དཔོན་ཉམས། རིང་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-29

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།