རྩིས་གཞི་གཞན་ཕན་འོད་ཟེར་གྱི་ནང་དོན་གནད་བསྡུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《རྩིས་གཞི་གཞན་ཕན་འོད་ཟེར་གྱི་ནང་དོན་གནད་བསྡུས》ནི་དུས་ཞབས་པ་ཤཱཀྱ་དབང་ཕྱུག་གིས་རབ་བྱུང་བརྒྱད་པའི་ས་བྱ་ལོ་སྟེ་སྤྱི་ལོ1489ལོར་མཛད་པ་དང་། དབུ་མེད་བྲིས་མ་ཚར་གཉིས་ལས་གཅིག་ལ་སྣ་འབྲིང་ལྡེབ་མ50དང་གཅིག་ལ41ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྩིས་གཞི་གཞན་ཕན་འོད་ཟེར་གྱི་ནང་དོན་གནད་བསྡུས།
མཛད་པ་པོ།
དུས་ཞབས་པ་ཤཱཀྱ་དབང་ཕྱུག
དུས་སྐབས།
སྤྱི་ལོ1489ལོ།
རིགས་དབྱེ།
སྨན་རྩིས།
1 ངོ་སྤྲོད།

《རྩིས་གཞི་གཞན་ཕན་འོད་ཟེར་གྱི་ནང་དོན་གནད་བསྡུས》ནི་དུས་ཞབས་པ་ཤཱཀྱ་དབང་ཕྱུག་གིས་རབ་བྱུང་བརྒྱད་པའི་ས་བྱ་ལོ་སྟེ་སྤྱི་ལོ1489ལོར་མཛད་པ་དང་། དབུ་མེད་བྲིས་མ་ཚར་གཉིས་ལས་གཅིག་ལ་སྣ་འབྲིང་ལྡེབ་མ50དང་གཅིག་ལ41ཡོད།

2 ནང་དོན་གཙོ་བོ།

གཞུང་འདི་ནི་མཁས་པའི་དབང་པོ་བུ་སྟོན་རིན་པོ་ཆེས་མཛད་པའི་རྩིས་གཞུང་མཁས་པ་དགའ་བྱེད་ལ་གཞི་བཅོལ་ཏེ་དེའི་ནང་དོན་གཙོ་བོ་ཁག་རྣམས་དང་གཞན་ཡང་དགོས་གལ་ཆེ་བ་རྣམས་ཚིགས་བཅད་ཀྱི་ལམ་ནས་བཀོད་པའི་རྩིས་གཞུང་ཞིག་ཡིན། གཞུང་རང་དུ། རྒྱས་པར་མཁས་པ་དགའ་བྱེད་དང་།། རྒྱུད་འགྲེལ་མན་ངག་ལས་ཤེས་བྱ།། ཞེས་དང་། ཞིབ་པར་ལེགས་པར་ཤེས་འདོད་ན།། རྒྱུད་འགྲེལ་མཁས་པ་དགའ་བྱེད་གཟིགས།། ཞེས་འབྱུང་བ་ལྟར་རོ།། གཞུང་ནང་དུ་དགོས་མེད་ཀྱི་རྒྱས་སྤྲོས་མེད་པར་གོ་བདེ་བ་དང་ལག་ལེན་བྱེད་བདེ་བ་གཙོ་བོར་བཟུང་བའི་ཁྱད་ཆོས་ཀྱང་ལྡན། ནང་དོན་གྱི་ཐད་ལེའུ་བཅུ་གཅིག་ཏུ་ཕྱེ་ནས་རྩིས་ཀྱི་སྔོན་འགྲོའི་རིམ་པ་དང་། ལོ་རྒན་དྲུག་ཅུ་དང་གཟའ་སྐར་སོགས་ཀྱི་མིང་གི་རྣམ་གྲངས། མཁས་དགའ་ལྟར་གྱི་ལྔ་སྒྲ་གཟའ་ལྔའི་བརྩི་ཚུལ། གྲུབ་མཐའི་རྩིས་དང་ཉི་ཟླ་ལ་སྒྲ་གཅན་འཇུག་པའི་ཚུལ། ལོ་བདག་ཟླ་བདག་སོགས་རྩིས་ཕྲན་དུ་མ། ཚེས་ལ་རྟེན་འབྲེལ་བཅུ་གཉིས་འཆར་ཚུལ། ཡུལ་དྲུག་སོ་སོ་དང་ཁྱད་པར་དུ་བོད་དུ་དུས་སྦྱོར་འཆར་བའི་ཚུལ། ཡན་ལག་ལྔ་དང་སྒྲ་གཅན་གཟའ་ལྔ་དུས་སྦྱོར་ས་གཡོ་སོགས་ཀྱི་རྩིས་འབྲས། སངས་རྒྱས་བསྟན་པའི་གནས་ཚད་བཅས་བསྟན་ཡོད་དོ།།

3 ​མ་དཔེ།

གཞུང་འདིའི་མ་དཔེ་ཁག་གཉིས་ལག་སོན་བྱུང་བ་དག་ཕོ་བྲང་པོ་ཏ་ལ་ནས་མཁོ་འདོན་གནང་བ་དང་། གཅིག་ལ་ཚུགས་ཐུང་བྲིས་མ་སྣ་འབྲིང་ལྡེབ་མ50ཡོད། ལྡེབ་མ་རེའི་མཐོ་ཚད་ལ་ལི་སྨི6.5དང་རིང་ཚད་ལ་ལི་སྨི28.4ཡོད། ལྡེབ་མ་འགའ་རེ་ཅུང་ཟད་ལད་པད་པ་མ་གཏོགས་མགོ་མཇུག་ཆ་ཚང་ཞིང་གསལ་བ། སྐབས་སྐབས་སུ་མཆན་བུ་ཡོད། གཅིག་ལ་བྲིས་མ་སྣ་འབྲིང་ལྡེབ་མ41ཡོད། ལྡེབ་མ་རེའི་མཐོ་ཚད་ལ་ལི་སྨི9.5དང་རིང་ཚད་ལ་ལི་སྨི41.2ཡོད། མཛད་བྱང་དུ། དུས་འཁོར་བ་དགེ་སློང་ཤཱཀྱ་དབང་ཕྱུག་གིས། ས་མོ་བྱའི་ལོ་ནག་པ་ཟླ་བའི་ཡར་ངོ་གང་བ་ལ། དཔལ་རུ་མཚོ་ཁའི་ཆོས་གྲྭར་སྦྱར་བའོ།། ཞེས་འབྱུང་བས་རབ་བྱུང་བརྒྱད་པའི་ས་བྱ་ལོ་སྟེ་སྤྱི་ལོ1489ལོའི་བོད་ཟླ3ཚེས15ཉིན་ཡོངས་སུ་གྲུབ་པ་གསལ་ལོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།