ཨབ་གྷན་སི་ཐན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨབ་གྷན་སི་ཐན།
ཨབ་གྷན་སི་ཐན་རྒྱལ་ཁབ་སྟེ། རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི65.23ཡོད་པ་དང་། མི་གྲངས་ཁྲི2775། རྒྱལ་ས་ནི་ཁ་པུལ་ཡིན། སྲིད་འཛིན་ས་ཁུལ་ཞིང་ཆེན32ཡོད་པ་དང་། ཞིང་ཆེན་གྱི་གཤམ་དུ་རྫོང་དང་ཁུལ། ཤང་དང་སྡེ་བ་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿富汗斯坦伊斯兰共和国
ཕྱི་ཡིག་གི་མིང་།
The Islamic Republic of Afghanistan
རྒྱལ་ས།
ཁ་པུལ།
མངའ་ཁོངས་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི65.23
མི་གྲངས།
ཁྲི2775
དངུལ་ལོ།
ཨབ་སྒོར།
1 ས་བབ་ཀྱི་གནས་ཚུལ།

དེ་ཡ་གླིང་གི་དཀྱིལ་དབུས་དང་ནུབ་ཁུལ་དུ་ཆགས་པའི་སྐམ་སའི་རྒྱལ་ཁབ་ཅིག་ཡིན་ལ། བྱང་ཁུལ་གྱི་རྒྱལ་མཚམས་སུ་ཕལ་ཆེར་སྤྱི་ལེ2000ལྷག་ཡོད་པ་དང་ཏུར་མེན་སི་ཐན་དང་ཐ་ཇིག་སི་ཐན། ཨུ་ཟ་བྷེ་ཁི་སུ་ཐན་བཅས་ལ་འདབས་འབྲེལ་ཞིང་། ལྷོ་ཕྱོགས་དང་ཤར་ལྷོའི་མཚམས་སུ་ཕ་ཀི་སི་ཐན་དང་འབྲེལ་ནས་ཡོད། གནའ་ནས་བཟུང་ཨབ་གྷན་སི་ཐན་ནི་ཀྲུང་གོ་ནས་ཡ་གླིང་དབུས་མ་རུ་སྐྱོད་སྐབས་བརྒྱུད་དགོས་པའི་བགྲོད་ལམ་ཉག་ཅིག་ཡིན་པ་དང་གནས་དུས་སུ་མིང་གྲགས་ཅན་གྱི“དར་གོས་འགྲུལ་ལམ”ཞེས་པའང་ཀྲུང་གོའི་མི་དག་ཕ་སྨིར་མཐོ་སྒང་བརྒལ་ཏེ། ཁ་པུལ་བརྒྱུད་ན་ད་གཟོད་སྟག་གཟིག་དང་ཡོ་རོབ་གླིང་དུ་སླེབས་ཐུབ་པ་རེད། 

ནམ་ཟླའང་སྐམ་ས་རང་བཞིན་གྱི་གནམ་གཤིས་སུ་ངེས་པ་དང་ཕལ་ཆེར་དགུན་གྲང་ཞིང་དབྱར་ཚ་བ་ཆེ། ཐན་སྐམ་ཆེ་བ་དང་ཆར་ཆུ་ཉུང་བ་ཡིན། ལོ་རེའི་ཟླ5པ་ནས་ཟླ9པའི་ནང་ནུབ་ཕྱོགས་སུ་རྒྱུན་དུ་བྱང་རླུང་འུར་འུར་ལྡང་བ་དང་དེར“ཨབ་གྷན་སི་ཐན་གྱི་དྲོད་རླུང”ཞེས་བརྗོད། དེ་ལྟར་དྲོད་རླུང་ལྡང་བའི་དུས་ཚིགས་སུ། དྲོད་རླུང་ཡང་མུ་མཐུད་དུ་ཟླ་བ་བཞི་ལྷག་ལ་གཡུགས་ནས་མཚམས་མི་འཇོག་པ་དང་ནམ་རྒྱུན་དུ་ཉིན་གསུམ་བཞི་ཙམ་ལ་རླུང་ལྡང་ལ། ཉིན་གསུམ་བཞི་ཙམ་ལ་མཚམས་འཇོག་པར་བྱེད། དེ་བས་མི་རྣམས་ཀྱིས་ཀྱང་རྒྱུན་དུ“ཉིན120ཡི་རླུང”ཞེས་བརྗོད། 

གཙང་བོ་ལ་གཙོ་བོ་ཨ་མུའུ་ཆུ་བོ་དང་ཧི་ཨར་མན་ཏི་ཆུ་བོ། ཁུ་པུལ་ཆུ་བོ། ཧ་ལིས་ལུའུ་ཏི་ཆུ་བོ་སོགས་ཡོད། ཨ་མུའུ་ཆུ་བོ་ཡི་འབབ་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ1250ཡོད་པ་དང་རྒྱལ་ཡོངས་སུ་འབབ་རྒྱུན་ཆེས་རིང་བའི་ཆུ་བོ་ཡིན། མངའ་ཁུངས་ནང་དུ་མཚེའུ5ཡོད་པ་དང་། པན་ཏིས་ཨ་སྨི་ཨར་མཚེའུ་ཡི་ཆེས་ཆེ་བའི་གནས་ཀྱི་ཞེང་དུ་སྨི200མཆིས།

ཐོན་ཁུངས་སུ་གསར་རྙེད་བྱུང་བའི་ལྕགས་རིགས་དང་ལྕགས་རིགས་མ་ཡིན་པའི་གཏེར་ཁ་ལ་རང་བྱུང་སོལ་རླངས་དང་རྡོ་སྣུམ། ཟངས། ལྕགས། རྡོ་སོལ། རྡོ་ཀ་མ་རུ། རྡོ་གཡམ་སོགས་མཆིས། རྡོ་གཡམ་ནི་ཨབ་གྷན་སི་ཐན་གྱི་རྒྱལ་ཁབ་རིམ་པའི་རྡོ་ཡིན་པ་དང་། ཁ་དོག་ལེགས་པར་མ་ཟད་རྡོ་རྒྱུ་སྲ་ཞིང་མཁྲེགས་པས་བཟོ་རྩལ་ཐོན་རྫས་ཀྱི་རྒྱུ་ཆ་བཟང་བོ་ཞིག་ཡིན།

སྐྱེ་དངོས་མང་ཆེ་ཤོས་ཤིག་བྱེ་མ་དང་རྩྭ་ཐང་གི་སྐྱེ་དངོས་རིགས་སུ་གཏོགས་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི3%བཟུང་། སྲོག་ཆགས་ཀྱི་རིགས་ཧ་ཅང་མང་སྟེ། གཙོ་བོར་རི་ཕག་དང་། རྐྱང་། གངས་གཟིག རི་སྤྱང་། གཙོད། གནའ། ལུག་བཅས་ཡོད་ཅིང་། མཛེས་སྡུག་ལྡན་པའི་ཨར་ཨ་ཧ་ལུག་གི་རྭ་ཅོ་ནི་དུང་དཀར་ལྟར་འཁྱིལ་ནས་ཡོད་པས་ཧ་ཅང་སྙིང་རྗེ་བོ་ཞིག་འདུག 

“ཨབ་གྷན་སི་ཐན”ཞེས་པ་ནི་གནའ་བོའི་ཏ་ཟིག་གི་སྐད་དུ“རི་མགོའི་མི”ཞེས་པའི་དོན་ཡིན། རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་མངའ་ཁུངས4/5རི་བོ་དང་མཐོ་སྒང་ཡིན་པས། “རི་མགོའི་མིའི་རྒྱལ་ཁབ”ཅེས་སུ་ཐོགས། ཀྲུང་གོའི་གནས་བོའི་མིས་ཀྱང“ཐོའུ་ཧོ་ལོ”དང“ཡེ་ཀྲི་ཆེན་པོ”ཞེས་སུ་འབོད་པ་ཡིན།

2 མི་གྲངས་དང་མི་རིགས།

མངའ་ཁོངས་སུ་མི་མང་བ་དང་མི་གྲངས་ཀྱི་འདུས་ཚད་ཅུང་ཉུང་སྟེ། གཙོ་བོར་ཆུའི་ཐོན་ཁུངས་འབེལ་བའི་གནས་སུ་མི་མང་པོ་གནས། ཧ་ལ་ཐི་དང་ཁ་པུལ། མ་ཀྲ་ལིས་ཧྲ་ལིས་ཧྥུའུ་དང་ཅ་ལ་ལ་པ་ཏི་སོགས་སུ་མི་གྲངས་མང་བོ་འདུས་སྡོད་བྱེད། ལྷོ་ཕྱོགས་ཀྱི་བྱེ་མའི་ཁུལ་དུ་སྤྱི་ལེ་གྲུ་བཞི་མ་རེར་མི་ལྔ་ཙམ་ལས་མེད་པ་དང་། ཁ་པུལ་ས་ཁུལ་དུ་སྤྱི་ལེ་གྲུ་བཞི་མ་རེར་མི400ལྷག་ཡན་དུ་བརྒལ་བ་གནས། ཆ་སྙོམས་བྱས་ན་མི་རེའི་ཚེ་ཚད་ནི་ལོ40ཙམ་ཡིན།

མི་རིགས30ལྷག་ཡོད་པ་དང་གཙོ་བོར་མི་རིགས་ཆེན་པོ་གསུམ་ཡོད། ཕན་ཐན་མི་རུ་འབོད་པའི་ཨབ་གྷན་སི་ཐན་རིགས་ནི་མི་གྲངས་ཆེས་མང་བ་ཅན་དེ་ཡིན་པ་དང་། ཕལ་ཆེར་སྤྱིའི་མི་གྲངས་ཀྱི40%ཟིན། གཙོ་བོར་ཞིན་ཏུའུ་ཁུའུ་ཧྲི་རི་བོའི་ལྷོ་ཕྱོགས་སུ་འདུས་སྡོད་བྱེད། ཨང་གཉིས་པ་ནི་ཐ་ཇིག་ཁི་རིགས་ཡིན་པ་དང་། ཕལ་ཆེར་སྤྱིའི་མི་གྲངས་ཀྱི30%ཟིན། གཙོ་བོར་པ་ཏ་ཧི་ཧྲོང་དང་། ཐ་ཧ་ཨར། ཧི་ལ་ཐི། ས་མན་ཀན། ཁུང་ཏུའུ་ཧྲི། ཕན་ཅེ་ཞི་ཨར་གཞོངས་ས་བཅས་ཀྱི་གྲོག་རོང་ཁུལ་དུ་གནས། ཨང་གསུམ་པ་ཨུ་ཟ་བྷེ་ཁི་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི7%བཟུང་བ་དང་། སུའུ་ལེན་སྔོན་མའི་རྒྱལ་ཁབ་ཀྱི་ཞིང་ཆེན་སོ་སོའི་ཉེ་འགྲམ་དུ་གནས། དེ་ལས་གཞན་ད་དུང་ཧ་ཀྲ་ལ་རིགས་དང་། ཏུར་མེན་རིགས། པུས་ལུའུ་ཀྲི་རིགས། ནོའུ་ལིས་སི་ཐན་རིགས་སོགས་གྲངས་ཉུང་མི་རིགས་ཀྱང་ཡོད།

3 སྐད་ཆ་དང་ཆོས་ལུགས།

ཕུའུ་ཧྲི་ཐོའུ་སྐད་དང་ཏ་ལིས་སྐད་ནི་ཨབ་གྷན་སི་ཐན་སྲིད་གཞུང་གིས་སྤྱོད་པའི་སྐད་ཆ་ཡིན་པ་དང་། དེ་ལས་གཞན་ད་དུང་པིས་ལུའུ་ཀྲིའི་སྐད་དང་། ཨུ་ཟ་བྷེ་ཁིའི་སྐད། ཐུར་ཆིའི་སྐད་སོགས་ཀྱང་མཆིས།

ཨབ་གྷན་སི་ཐན་ནི་ཨི་སི་ལམ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨི་སི་ལམ་ཆོས་ལུགས་ལ་དད་མོས་བྱེད་པའི་ལོ་རྒྱུས་ལོ་ངོ་སྟོང་ལྷག་ལྡན་ཞིང་། སྡོད་དམངས98%ཡན་གྱིས་ཨི་སི་ལམ་ཆོས་ལུགས་ལ་དད་མོས་བྱེད། དེའི་ནང་གི84%ནི་ཨི་སི་ལམ་ཆོས་ལུགས་ཀྱི་ཞོན་ཉིས་གྲུབ་མཐའ་ལ་གཏོགས་པ་དང་། 15%ནི་ཧྲེ་ཡེ་གྲུབ་མཐའ་ལ་གཏོགས། རྒྱལ་ཡོངས་སུ་ཨི་སི་ལམ་གྱི་ལྷ་ཁང་ཁྲི4ལྷག་ཡོད་པ་དང་། ཆོས་དཔོན་ཁྲི30ལྷག་ཡོད། མི་ཉུང་ཉུང་ཞིག་གིས་རྒྱ་གར་ཆོས་ལུགས་ལ་དད་པ་བྱེད།

4 ཆབ་སྲིད།

སྤྱི་ལོ2003ལོའི་ཟླ12པའི་ཚེས14ནས་སྤྱི་ལོ2004ལོའི་ཟླ1པའི་ཚེས4བར། རྩ་ཁྲིམས་གཏན་ཕབ་ཏ་ཀྲི་ཀི་ཨར་ཚོགས་འདུ་འཚོགས། ཚོགས་འདུའི་སྟེང་འཐུས་མི502ལྷག་གིས་འཐབ་འཁྲུག་རྗེས་ཀྱི་རྩ་ཁྲིམས་གཏན་འབེབས་བྱས་ཤིང་། རྩ་ཁྲིམས་གསར་བ་རུ་ཁྱོན་བསྡོམས་ལེའུ12ཡོད་པ་དང་། དོན་ཚན162མཆིས། ཨབ་གྷན་སི་ཐན་དུ་ཙུང་ཐུང་སྤྱི་མཐུན་ལམ་ལུགས་བཙུགས་པ་ལས་གཞན། ད་དུང་ཨི་སི་ལམ་ཆོས་ལུགས་ནི་རྒྱལ་ཁབ་ཀྱི་ཆོས་ལུགས་དང་རྒྱལ་ཁབ་དམག་དཔུང་ཅན། ཕོ་མོ་འདྲ་མཉམ། མི་རིགས་འདྲ་མཉམ། རྒྱལ་གཅིག་གྱུར་བཅས་གཏན་ཕབ་བྱས། དུས་མཚུངས་སུ་ཕོའུ་་ཧྲི་ཐོའུ་སྐད་དང་ཏ་ལིས་སྐད་ནི་སྲིད་བཀོལ་སྐད་ཆ་རུ་གཏན་ཁེལ་བྱས།

5 དཔལ་འབྱོར།

ཨབ་གྷན་སི་ཐན་ནི་འཛམ་གླིང་སྟེང་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག་ཡིན་ཏེ། ཆ་སྙོམས་བྱས་ན་རྒྱལ་ནང་གི་མི་རེའི་སྤྱིའི་ཐོན་རིན་ཨ་སྒོར150ཡས་མས་ཙམ་ལས་མེད། ཞིང་ཕྱུགས་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ཡིན། སྤྱི་ལོ2003ལོར། འཛམ་གླིང་གི་ཧེ་ལོ་ཡུན3/1དང་། ཡོ་རོབ་གླིང་གི་ཧེ་ལོ་ཡུན95%ཨབ་གྷན་སི་ཐན་ནས་ཐོན་པ་དང་། འཛམ་གླིང་ཧྲིལ་བོ་རུ་ཕལ་ཆེར་མི་ཁྲི1000ལྷག་གིས་ཨབ་གྷན་སི་ཐན་གྱི་ཉལ་ཐ་རྔུབ་བཞིན་ཡོད། སྤྱི་ལོ2003ལོར། ད་དུང་ཀུང་ཆིན་ཁྲི7.4ལ་ཉལ་ཐ་འདེབས་འཛུགས་བྱས་ཏེ། ཉལ་ཐ་ཏུན3968ཐོན་སྐྱེད་བྱས་པས། འཛམ་གླིང་གི་ཉལ་ཐ་སྤྱིའི3/4ཟིན་པ་དང་རྒྱལ་ཡོངས་ཀྱི་སྤྱིའི་ཐོན་རིན་གྱི1/2ཟིན་ལ། ཐོན་རིན་ཨ་སྒོར་དུང་ཕྱུར23ཡིན། 2004ལོར་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཀུང་ཆིན་ཁྲི13.11སླེབས་པ་དང་། ཉལ་ཐ་ཕྱིར་བཙོངས་པའི་རིན་ཐོན་དེ་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི60%ཟིན། དངུལ་ལོ་ནི་ཨབ་གྷན་སི་ཐན་གྱི་ཨབ་སྒོར་ཡིན།

6 གྲོང་ཁྱེར།

གྲོང་ཁྱེར་དུ་ཁ་པུལ་གྲོང་ཁྱེར་ཏེ། དེ་ནི་རྒྱལ་ས་ཡིན། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེས་ཆེ་བ་ཡང་ཡིན་ལ། ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཀྱང་ཡིན། གཞན་ཁན་ཏ་ཧ་ཞིང་ཆེན་རིམ་པའི་གྲོང་ཁྱེར་དང་ཧི་ལ་ཐི་ནི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་ཞིག་ཡིན།

7 སློབ་གསོ།

སློབ་གསོའི་ལས་དོན་རྗེས་ལུས་ཡིན་པ་དང་སློབ་གྲྭའི་རིགས5000ལྷག་ཡོད། དེའི་ནང་གི་སློབ་གྲྭ3000ལྷག་གི་སྒོ་བརྒྱབ་ཡོད། སློབ་ཆེན6ཡོད།

8 ལྗོངས་རྒྱུ།

པ་སྨི་ཨན་གྲོང་ཁྱེར་ཤར་བྱང་གི་མཐའ་ཁུལ་དུ་ཡོད་པའི་བྲག་ངོས་ཀྱི་སངས་རྒྱས་བྲག་སྐུ་དེ་མིང་དུ་གྲགས་པ་ཞིག་ཡིན། འོན་ཀྱང་སྤྱི་ལོ2001ལོའི་ཟླ2པའི་ཚེས27ཉིན། ཐ་ལིས་པན་གྱི་ཆེས་མཐོའི་མགོ་ཁྲིད་ཨོ་མ་ཨར་གྱིས་རྒྱལ་ཡོངས་སུ་སངས་རྒྱས་ཀྱི་ལྷ་སྐུ་མེད་པར་གཏོང་བའི་བཀའ་བསྒྲགས་པ་དང་ད་ལྟ་མིང་གི་ལྷག་མར་བཏངས་ཟིན།

པན་ཏིས་ཨ་སྨི་ཨར་མཚེའུ་ནི་པ་སྨི་ཨན་གྲོང་ཁྱེར་གྱི་ལྷོ་ནུབ་ཏུ་སྤྱི་ལེ70མཚམས་སུ་གནས། དེ་མཚེའུ5ཡིས་གྲུབ་པ་དང་མཚེའུ་ཆུ་དྭངས་ཤིང་སྙོམས་ལ། ཆུ་ངོས་ནི་མེ་ལོང་ལྟར་གཡའ་དག་པས་ལྟ་ན་སྡུག་པ་ཞིག་ཡིན་པ་དང་། ནམ་མཁའ་ནས་བལྟས་ན་མཚེའུ་དེ་དག་ནི་རི་བོའི་སྟེང་ཕྲ་བཏབ་པའི་རྡོ་རྗེ་ཕ་ལམ་རེ་རེ་དང་མཚུངས། ཅ་མུའུ་ཞོན་མཆོད་རྟེན་ནི་འཛམ་གླིང་སྟེང་གི་ཆེས་མཐོ་བའི་མཆོད་རྟེན་ཨང་གཉིས་པ་ཡིན། དེའི་མཐོ་ཚད་ལ་སྨི65ཡོད་པ་དང་། སྤྱི་ལོ1194ལོར་བཞེངས་པ་ཡིན། མཆོད་རྟེན་གྱི་མཐའ་འཁོར་དུ་སྡིངས་ཁང་གསུམ་མཆིས་སོ།།


བརྡ་འགྲེལ་གདོང་འཛར།

རྒྱལ་ཁབ། ས་བབ། གནས་ཚུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།