ལེགས་རྨོས་ཞིང་ལས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལེགས་རྨོས་ཞིང་ལས།
དེ་ནི་གཙོ་བོ་ཕྱུགས་ཟོག་གི་ཤེད་ཤུགས་ལ་བརྟེན་ནས་ས་ཞིང་སློག་སྟེ་འདེབས་འཛུགས་བྱེད་པ་སྟེ། ཞིང་ལ་ཡུར་ཆུ་འདྲེན་པ་དང་ལུད་རྫས་འཇོག་པ་སོགས་བྱེད་ཅིང་། དེའི་ཞིང་ལས་ཐོན་ཚད་ཅུང་མཐོ་ཞིང་ཐོན་རྫས་མང་དུ་ལྷག་པས་མི་གྲངས་མང་པོ་ཞིག་འཚོ་གནས་བྱ་ནུས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
精准农业
1 ​ངོ་སྤྲོད།

ལེགས་རྨོས་ཞིང་ལས་ཞེས་པ་ནི་གཙོ་བོ་ཕྱུགས་ཟོག་གི་ཤེད་ཤུགས་ལ་བརྟེན་ནས་ས་ཞིང་སློག་སྟེ་འདེབས་འཛུགས་བྱེད་པ་སྟེ། ཞིང་ལ་ཡུར་ཆུ་འདྲེན་པ་དང་ལུད་རྫས་འཇོག་པ་སོགས་བྱེད་ཅིང་། དེའི་ཞིང་ལས་ཐོན་ཚད་ཅུང་མཐོ་ཞིང་ཐོན་རྫས་མང་དུ་ལྷག་པས་མི་གྲངས་མང་པོ་ཞིག་འཚོ་གནས་བྱ་ནུས་སོ། ། ལེགས་རྨོས་ཞིང་ལས་ལ་འཕེལ་རྒྱས་བྱུང་བ་ལས་མིའི་རིགས་མང་པོ་ཞིག་ཤེས་རིག་སྤྱི་ཚོགས་སུ་ཞུགས་པ་ཡིན། ཐོན་སྐྱེད་ནུས་ཤུགས་ཀྱི་ཆ་ནས་བརྗོད་ན། ལེགས་རྨོས་ཞིང་ལས་ཀྱི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ནི་ཐོང་གཤོལ་སོགས་སྔོན་ཐོན་ཅན་གྱི་ཐོན་སྐྱེད་ལག་ཆ་རྒྱ་ཆེར་བཀོལ་བ་དང་། ཕྱུགས་རིགས་ཀྱི་ཤེད་ཤུགས་ལ་བརྟེན་ནས་ཞིང་ལས་རྨོ་བ། ལུད་རྫས་བཀོལ་ནས་ཞིང་སའི་བཅུད་གསོ་བ། ཆུ་བེད་བཟོ་བཀོད་བྱུང་སྟེ་རང་བྱུང་གི་འཇིགས་པར་རྒོལ་བའི་ནུས་ཤུགས་ཇེ་ཆེར་སོང་བ་སོགས་སོ། ། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་འཚོ་བའི་ནུས་པ་ཇེ་མཐོར་འཕགས་ཤིང་། ཞིང་སར་འགྲོ་གྲོན་ཇི་ལྟར་བཏང་ན་ཐོན་ཚད་ཀྱང་དེ་ལྟར་འཕེལ་བ་ཡིན། ཐོག་མའི་ཞིང་ལས་དུས་སྐབས་སུ་འགྲོ་བ་མིས་རང་བྱུང་ཁམས་ལ་བརྟེན་པའི་ཚད་ཤིན་ཏུ་མཐོ་ལ། ལེགས་རྨོས་ཞིང་ལས་དུས་སུ་ཡོད་ཚད་རང་བྱུང་ཁམས་ལ་བརྟེན་པ་མ་ཡིན་ཏེ། མིའི་རིགས་ཀྱིས་རང་གི་ནུས་སྟོབས་ལ་བརྟེན་ནས་རང་བྱུང་ཁམས་བཅོས་བསྒྱུར་བྱས་ཏེ་གང་ལེགས་སྒོས་བེད་སྤྱོད་གཏོང་བ་ཡིན།

དེས་ན་རང་རེའི་བོད་མི་རིགས་ལ་མཚོན་ན། གནའ་རབས་ཀྱི་ཐོག་མའི་ཞིང་ལས་རྣམ་པ་ནས་རིམ་གྱིས་འཕེལ་རྒྱས་བྱུང་ཞིང་། ཕལ་ཆེར་སྤུ་རྒྱལ་གྱི་གདུང་རབས་སྤུ་དེ་གུང་རྒྱལ་དུས་སུ་ད་གཟོད་ལེགས་རྨོས་ཞིང་ལས་ཀྱི་དབུ་བརྙེས་པར་འདོད་དེ། དེ་ཡང་བོད་ཡུལ་འཕྲུལ་བློན་མཛངས་མི་བདུན་གྱི་ཐོག་མ་རུ་ལས་སྐྱེས་ཀྱི་མཛད་འཕྲིན་ཡིན་པར་བརྗོད། དེ་ལ《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། ། ཐོག་མར་གྱུར་བ་རུ་ལས་སྐྱེས་འདི་ཡིན། ། མཛངས་བའི་ལས་སུ་ཤིང་བསྲེག་སོལ་བ་བྱུང་། ། དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་། ། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། ། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་སྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། ། རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་། །ཞེས་འབྱུང་བ་ལྟར། ལེགས་རྨོས་ཞིང་ལས་ལ་ལྡན་དགོས་པའི་ཆ་རྐྱེན་རྣམས་ནི་དུས་སྐབས་དེར་འཛོམས་ཡོད།

ལེགས་རྨོས་ཞིང་ལས་ལ་འཕེལ་རྒྱས་བྱུང་བ་དེས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཧ་ཅང་གཏིང་ཟབ་ཐེབས་པ་སྟེ། འབྲུ་རིགས་ཀྱི་མཁོ་སྤྲོད་ཇེ་ལེགས་སུ་ཕྱིན་ནས་ཉར་ཚགས་བྱ་རྒྱུའང་བྱུང་བས་ན་ངལ་རྩོལ་པ་མང་པོ་ཞིག་ཞིང་ལས་ཁྲོད་བཅིངས་འགྲོལ་བཏང་ནས་ལག་ཤེས་བཟོ་ལས་དང་ཚོང་ལས་སོགས་གཉེར་བ་དང་། གཞན་མང་པོ་ཞིག་གིས་རྩོམ་རིག་དང་སྒྱུ་རྩལ། ཚན་རིག ཆོས་ལུགས་བྱ་འགུལ་སོགས་གཉེར་བར་དངོས་པོའི་མཐུན་རྐྱེན་བསྐྲུན་པ་ཡིན། དུས་མཚུངས་སུ་མི་ཁ་ཤས་ཤིག་གིས་འབྲུ་རིགས་མང་དུ་བསགས་ཏེ་རྒྱུ་ནོར་གཞན་པར་བརྗེ་རེས་བྱས་ནས་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣར་གྱུར་ཞིང་། ཁེ་དབང་ཇེ་མཐོར་ཕྱིན་པ་ལས་རིམ་གྱིས་སྒེར་དབང་ལམ་ལུགས་དང་གྲལ་རིམ། རྒྱལ་ཁབ་སོགས་ཀྱང་བྱུང་བ་ཡིན་ནོ།། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།