ས་ཕེ་ཨེར་དང་ཝོ་ཨེར་ཧྥུའི་ཚོད་དཔག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཕེ་ཨེར་དང་ཝོ་ཨེར་ཧྥུའི་ཚོད་དཔག
ས་ཕེ་ཨེར་དང་ཝོ་ཨེར་ཧྥུའི་ཚོད་དཔག་ཅེས་པ་ནི་སྐད་བརྡས་བསམ་གཞིག་ཐག་གཅོད་པར་སྨྲ་བའི་སྐོར་གྱི་སྙན་གྲགས་དང་རྩོད་གླེང་ཆེས་ཆེ་བའི་ལྟ་བ་ཞིག་ཡིན། ས་ཕེ་ཨེར་ལགས་ནི་ཨ་རིའི་མིང་དུ་གྲགས་པའི་སྐད་བརྡ་རིག་པ་སྨྲ་མཁན་ཞིག་སྟེ། ཚེ་སྨད་དུ་མིའི་རིགས་རིག་པའི་ཞིབ་འཇུག་ཕྱོགས་སུ་འཁོར། ཁོས་སྐད་བརྡ་དང་མི་རིགས་ཀྱི་བསམ་གཞིག་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། སྐད་བརྡའི་མཚོན་སྟངས་མི་འདྲ་བར་འབྱུང་། མི་རྣམས་ཀྱིས་གཙོ་བོ་སྐད་བརྡ་བརྒྱུད་དེ་འཇིག་རྟེན་ལ་ངོས་འཛིན་དང་འགྲེལ་བ་བྱེད་པ་ཡིན། ཁོའི་ལྟ་བ་དེ་ལ་ཝོ་ཨེར་ཧྥུས་རྒྱུན་འཛིན་བྱས་ཏེ་ཁྱབ་སྤེལ་དུ་བཏང་བ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
萨丕尔-沃尔夫假设
ཕྱི་ཡིག་གི་མིང་།
Sapir-Whorf hypothesis
1 ​ངོ་སྤྲོད་མདོར་བསྡུས།

སྐད་བརྡ་ནི་བསམ་གཞིག་གི་ལག་ཆ་ཡིན་ལ། བསམ་གཞིག་ནི་སྐད་བརྡ་དང་ཁ་འབྲལ་ཐབས་མེད། བསམ་གཞིག་ནི་འགྲོ་བ་མིའི་ཀླད་པའི་བྱེད་ནུས་ཡིན་ཏེ། བསམ་གཞིག་གི་གཏན་ཚིགས་ལ་མ་གཞི་ནས་མི་རིགས་རང་བཞིན་མི་ལྡན་མོད། འོན་ཀྱང་བསམ་གཞིག་དང་ལྷན་དུ་གནས་པའི་སྐད་བརྡའི་མཚོན་སྟངས་དང་རྣམ་པ་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན། མི་རིགས་ཀྱི་སྐད་བརྡས་མི་རིགས་གང་ཞིག་གི་བསམ་གཞིག་གཏན་ཚིགས་ཐག་གཅོད་མི་ནུས་མོད། འོན་ཀྱང་མི་རིགས་ཤིག་གི་བསམ་གཞིག་རྣམ་པ་དེ་ཐག་གཅོད་ནུས་སོ། །སྐད་བརྡ་དང་བསམ་གཞིག་བར་གྱི་རྩོད་སྒྲུབ་འབྲེལ་བ་ནི་སྐད་བརྡའི་མི་རིགས་རིག་པ་སྨྲ་མཁན་ཚོས་ཡུན་རིང་ལ་འཚོལ་སྙེག་བྱ་བའི་བརྗོད་གཞི་གལ་ཆེན་ཞིག་ཡིན།

ས་ཕེ་ཨེར་དང་ཝོ་ཨེར་ཧྥུའི་ཚོད་དཔག་ཅེས་པ་ནི་སྐད་བརྡས་བསམ་གཞིག་ཐག་གཅོད་པར་སྨྲ་བའི་སྐོར་གྱི་སྙན་གྲགས་དང་རྩོད་གླེང་ཆེས་ཆེ་བའི་ལྟ་བ་ཞིག་ཡིན། ས་ཕེ་ཨེར་ལགས་ནི་ཨ་རིའི་མིང་དུ་གྲགས་པའི་སྐད་བརྡ་རིག་པ་སྨྲ་མཁན་ཞིག་སྟེ། ཚེ་སྨད་དུ་མིའི་རིགས་རིག་པའི་ཞིབ་འཇུག་ཕྱོགས་སུ་འཁོར། ཁོས་སྐད་བརྡ་དང་མི་རིགས་ཀྱི་བསམ་གཞིག་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། སྐད་བརྡའི་མཚོན་སྟངས་མི་འདྲ་བར་འབྱུང་། མི་རྣམས་ཀྱིས་གཙོ་བོ་སྐད་བརྡ་བརྒྱུད་དེ་འཇིག་རྟེན་ལ་ངོས་འཛིན་དང་འགྲེལ་བ་བྱེད་པ་ཡིན། ཁོས་མི་རྣམས་ནི་བྱ་དངོས་ཀྱི་ཕྱི་ཡུལ་འཇིག་རྟེན་ཁོ་ནའི་ཁྲོད་འཚོ་བ་ཞིག་མ་ཡིན་ལ། སྤྱི་ཚོགས་བྱ་འགུལ་གྱི་འཇིག་རྟེན་ཁྲོད་དུ་འཚོ་བ་ཞིག་ཀྱང་མ་ཡིན་ཏེ། སྤྱི་ཚོགས་དེས་འབྲེལ་འདྲིས་ལག་ཆ་རུ་བྱེད་པའི་བྱེ་བྲག་གི་སྐད་བརྡ་དེའི་ཤུགས་རྐྱེན་འོག་འཚོས་ཡོད། དོན་དངོས་སྟེང་དངོས་ཡོད་འཇིག་རྟེན་ནི་མི་རིགས་གང་དེའི་སྐད་བརྡའི་ཚད་ལྡན་གྱི་རྨང་གཞིའི་སྟེང་ཤེས་མེད་ཚོར་མེད་ངང་བསྐྲུན་པ་ཞིག་ཡིན་ནོ་ཞེས་གསུངས་སོ། །

ཨ་རིའི་སྐད་བརྡ་རིག་པ་སྨྲ་བ་ཝོ་ཨེར་ཧྥུ་ལགས་ཀྱིས་ས་ཕེ་ཨེར་གྱི་ལྟ་བ་དེ་འཕེལ་རྒྱས་སུ་བཏང་སྟེ་བསྟན་དོན། སྐད་བརྡའི་རྣམ་པས་སྐད་བརྡ་སྤྱོད་མཁན་དེའི་འཇིག་རྟེན་ལྟ་ཚུལ་ཐག་གཅོད་པ་དང་། སྐད་བརྡས་འཇིག་རྟེན་ཇི་ལྟར་ཞིབ་འབྲི་བྱས་ན་ང་ཚོས་དེ་ལྟར་འཇིག་རྟེན་ལ་ལྟ་ཞིབ་བྱེད་པ་ཡིན། འཛམ་གླིང་སྟེང་གི་སྐད་བརྡ་རྣམས་མི་འདྲ་བའི་དབང་གིས། མི་རིགས་སོ་སོས་འཇིག་རྟེན་ལ་ངོས་འཛིན་དང་དབྱེ་ཞིབ་བྱེད་སྟངས་ཀྱང་མི་འདྲ། ཁོས་ང་ཚོས་ད་བར་དུ་བསམ་གཞིག་ལ་བྱེད་པའི་གསལ་བཤད་ལེགས་ཤོས་རྣམས་ནི་སྐད་བརྡ་ལ་ཞིབ་འཇུག་བྱས་པ་དེས་མཁོ་སྤྲོད་བྱས་པ་ཡིན། སྐད་བརྡའི་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། སྐྱེ་བོ་སུ་ཞིག་གི་བསམ་བློའི་རྣམ་པ་ནི་ཁོས་ཤེས་ཚོར་བྱུང་མེད་ཅིང་བཟློག་ཐབས་བྲལ་བའི་རྣམ་པའི་ཆོས་ཉིད་དེས་དབང་དུ་བཟུང་ཡོད། འགྲོ་བ་མིའི་བསམ་གཞིག་ནི་མ་གཞི་ནས་སྐད་རིགས་གང་ཞིག་སྟེ་དབྱིན་སྐད་དང་ལེགས་སྦྱར་སྐད། རྒྱ་སྐད་སོགས་ཀྱི་ཁྲོད་དུ་གནས་ཡོད། སྐད་རིགས་སོ་སོ་ནི་གཞན་དང་མི་འདྲ་བའི་རྣམ་པའི་མ་ལག་ཆེན་པོ་ཞིག་ཡིན། འདི་ལྟ་བུའི་རྣམ་པའི་མ་ལག་ཅིག་གི་ཁྲོད་དུ། རྣམ་པ་དང་ཁྱབ་ཁོངས་ཡོད་ཚད་ནི་རིག་གནས་གཏན་ཁེལ་ཞིག་ཡིན་ཏེ། མི་རྣམས་ཀྱིས་རྣམ་པ་དང་ཁྱབ་ཁོངས་འདི་དག་བེད་སྤྱད་དེ་འབྲེལ་འདྲིས་བྱེད་པར་མ་ཟད། དེ་དག་བེད་སྤྱད་དེ་རང་བྱུང་ལ་དབྱེ་ཞིབ་བྱེད་པ་དང་། འབྲེལ་བ་དང་སྣང་ཚུལ་སྣ་ཚོགས་ལ་དོ་སྣང་བྱེད་པའམ་སྣང་མེད་དུ་བཞག་སྟེ་རང་གི་རིགས་འདེད་ལ་སྐུལ་སློང་བྱེད་ཅིང་བསམ་པའི་འདུ་ཤེས་ཀྱི་ཐོག་ཁང་དེ་བཞེངས་པ་ཡིན་ཞེས་དང་། བརྡ་སྤྲོད་ལུགས་མི་འདྲ་བ་སྤྱོད་པའི་མི་རྣམས་ལ་ལྟ་ཞིབ་ཐ་དད་པ་བྱེད་ཅིང་གདེང་འཇོག་ཀྱང་མི་འདྲ་བར་བྱེད། དེར་བརྟེན་ལྟ་ཞིབ་པ་རྣམས་ལ་མཚོན་ན། ཁོ་ཚོ་ནི་འདྲ་མཚུངས་ཅན་དུ་མི་འབྱུང་སྟེ། རྒྱུ་མཚན་ནི་ཁོ་ཚོས་འཇིག་རྟེན་ལ་འཛིན་པའི་ལྟ་བ་མི་འདྲ་བས་སོ་ཞེས་གསུངས། མདོར་ན། ཝོ་ཨེར་ཧྥུ་ལགས་ཀྱི་ལྟ་བ་ལྟར་ན། སྐད་རིགས་མི་འདྲ་བ་སོ་སོར་བརྡ་སྤྲོད་ཁྱབ་ཁོངས་མི་འདྲ་བ་རེ་ལྡན་པས་ན། སྐད་རིགས་མི་འདྲ་བ་སྨྲ་བའི་མི་རྣམས་ཀྱིས་འཇིག་རྟེན་ལ་ངོས་འཛིན་བྱེད་སྟངས་ཀྱང་མི་འདྲ། ཁོའི་སྡོམ་ཚིག་འདི་ནི་གཙོ་བོ་ཨ་རིའི་སྐད་བརྡ་ལ་ཞིབ་འཇུག་བྱས་ཏེ་བཀོད་པ་ཡིན།

མཁས་པ་འདི་གཉིས་ཀྱི་ལྟ་བ་གཞི་གཅིག་ཏུ་སྒྲིལ་ཏེ་ས་ཕེ་ཨེར་དང་ཝོ་ཨེར་ཧྥུའི་ཚོད་དཔག་ཅེས་པ་གྲུབ་ཅིང་དེའི་ལྟ་བ་གཙོ་བོ་ནི། ཁོ་ཚོས་སྐད་བརྡའི་ལྟོས་བཅས་རང་བཞིན་དང་སྐད་བརྡའི་ལྟོས་མེད་རང་བཞིན་གྱི་ཚོད་དཔག་བཏོན་པ་སྟེ། སྔ་མ་ལྟར་ན། སྐད་རིགས་མི་འདྲ་བའི་དབང་གིས་མི་རྣམས་ཀྱིས་འཇིག་རྟེན་ལ་ངོས་འཛིན་སྟངས་ཀྱང་མི་འདྲ་བར་འདོད། ཕྱི་མ་ལྟར་ན། མི་རྣམས་ཀྱིས་ཕྱི་ཡུལ་འཇིག་རྟེན་ལ་ངོས་འཛིན་པ་དེ་ངེས་པར་དུ་སྐད་བརྡ་བརྒྱུད་དགོས་ལ། བསམ་གཞིག་སྐད་བརྡས་ཐག་བཅད་པར་འདོད། ཁོ་ཚོའི་ལྟ་ཚུལ་ལྟར་ན། སྐད་བརྡ་ནི་འགྲོ་བ་མིའི་རིགས་ཀྱི་ཉམས་མྱོང་གི་ཟིན་ཐོ་ཙམ་མ་ཡིན་ཏེ། དེར་ནང་གནས་ཀྱི་བཙན་ཤུགས་སྟོབས་དང་ལྡན་པ་ཞིག་མཆིས། མིའི་རིགས་ཀྱིས་ཤེས་རྟོགས་བྱུང་ཟིན་པའི་ཕྱི་ཡུལ་དངོས་ཡོད་ནི་སྐད་བརྡ་ཡིས་སྟབས་བདེ་ཅན་དུ་བསྒྱུར་བའི་སྣང་བརྙན་ཙམ་ཡིན་པས། དེ་ཡང་གསལ་བོར་བརྗོད་ན། སྤྱི་ཚོགས་མི་འདྲ་བའི་མི་རྣམས་ཀྱིས་ལྟ་ཞིབ་བྱས་པའི་སྐད་རིགས་སོ་སོས་ཀྱང་ཕྱི་ཡུལ་དངོས་ཡོད་གང་ཉིད་བཙན་གྱིས་ཐུན་མོང་མ་ཡིན་པའི་མ་དཔེ་སོ་སོ་རུ་བསྡུས་པ་ཡིན།

གལ་ཏེ་ཚོད་དཔག་འདིས་བརྗོད་པ་ལྟར་དུ་སྐད་བརྡས་མིའི་རིགས་ཀྱི་བསམ་གཞིག་བསྐྲུན་པ་ཡིན་ན། སྐད་རིགས་འདྲ་མཚུངས་སྤྱོད་པའི་མིའི་རིགས་ཀྱི་ཚོགས་པ་རྣམས་ལ་ཐུན་མོང་གི་དད་མོས་དང་ལག་ལེན་ལྡན་སྲིད་པ་ཡིན། འོན་ཀྱང་དོན་དངོས་སྟེང་དེ་ལྟར་མ་ཡིན་ཏེ། སྐད་རིགས་མི་འདྲ་ཡང་རིག་གནས་དཔལ་འབྱོར་ཤིན་ཏུ་འདྲ་བའི་སྣང་ཚུལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་མང་དུ་བྱུང་ཡོད། དེ་བས་མིའི་རིགས་རིག་པ་སྨྲ་མཁན་མང་པོ་ཞིག་ལྟ་ཚུལ་ལྟར་ན། སྐད་བརྡ་དང་བསམ་གཞིག་གི་འགྱུར་ལྡོག་ནི་སྤྱི་ཚོགས་དཔལ་འབྱོར་གྱི་ལག་ལེན་གྱིས་བསླངས་པ་ལས། སྐད་བརྡ་དང་བསམ་གཞིག་གིས་སྤྱི་ཚོགས་དཔལ་འབྱོར་གྱི་འགྱུར་ལྡོག་དེ་ཐག་གཅོད་པ་མིན། ས་ཕེ་ཨེར་དང་ཝོ་ཨེར་ཧྥུའི་ཚོད་དཔག་འདིས་སྐད་བརྡས་རིག་གནས་ལ་ཐེབས་པའི་ནུས་པ་དེ་འུད་ཆེན་པོས་བརྗོད་པ་མ་གཏོགས། མི་རིགས་ལོ་རྒྱུས་ཀྱི་རྒྱུ་ཆ་མང་པོ་ཞིག་གི་མདུན་དུ་ལྟ་བ་འདི་ཉིད་སྒེར་ཚུགས་སུ་འགྲེང་མི་ནུས་པས་ན། མཁས་པ་མང་པོ་ཞིག་གིས་དགག་པ་མང་དུ་བྱས་ཡོད། གང་ལྟར་ས་ཕེ་ཨེར་དང་ཝོ་ཨེར་ཧྥུའི་ཚོད་དཔག་ཅེས་པ་འདི་བཏོན་པ་དང་། མཁས་པ་མང་པོ་ཞིག་གིས་སྐད་བརྡ་དང་རིག་གནས་བར་གྱི་འབྲེལ་བའི་ཕྱོགས་སུ་ཞིབ་འཇུག་བྱས་ཤིང་། དུས་མཚུངས་སུ་དཔྱད་བསྡུར་དང་རྩོད་གླེང་ཡང་མི་ཉུང་བ་ཞིག་བསླངས། ལྟ་བ་འདི་ནི་དུས་ད་ལྟའི་བར་དུ་ར་སྤྲོད་མ་བརྒྱུད་པའི་ཚོད་དཔག་ཙམ་དུ་ལུས་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།