བུ་རོགས་མི་ཡོང་བའི་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མོ་ཕྱུགས་ཀྱི་ཕྲུ་གུ་བཙས་རྗེས་གལ་ཏེ་བུ་རོགས་སམ་ཕྲུ་མ་རྒྱུན་ལྡན་ལྟར་ཕྱིར་མ་ཡོང་བ་ལ་བུ་རོགས་མི་ཡོང་བའི་ནད་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བུ་རོགས་མི་ཡོང་བའི་ནད།
ཁོངས་གཏོགས།
ཕྱུགས་ནད།
རིགས་དབྱེ།
ནད་ཡམས།
1 ངོ་སྤྲོད།

མོ་ཕྱུགས་ཀྱི་ཕྲུ་གུ་བཙས་རྗེས་གལ་ཏེ་བུ་རོགས་སམ་ཕྲུ་མ་རྒྱུན་ལྡན་ལྟར་ཕྱིར་མ་ཡོང་བ་ལ་བུ་རོགས་མི་ཡོང་བའི་ནད་ཟེར། ཕྱུགས་ཟོག་གིས་ཕྲུ་གུ་བཙས་རྗེས་བུ་རོགས་ཡོང་བའི་རྒྱུན་ལྡན་གྱི་དུས་ཚོད་ནི། རྟ་ལ་ཆུ་ཚོད1ནས1.5དང་། ཕག་ལ་ཆུ་ཚོད1ཡིན། ལུག་ལ་ཆུ་ཚོད4ཡིན། ནོར་ལ་ཆུ་ཚོད12ཡིན། གལ་ཏེ་ཆུ་ཚོད་དེ་ལས་ཡོལ་ན་བུ་རོགས་མ་ཡོང་བའི་ནད་ཡིན། ནད་འདི་ཕལ་ཆེར་ནོར་དང་བ་མོ་ལ་འབྱུང་བ་མང་ལ་རྒོད་མ་ལའང་འབྱུང་བའོ།།

2 ནད་རྐྱེན།

སྦྲུམ་ཕྱུགས་ལ་བྱིན་པའི་གཟན་ཆས་ཀྱི་ནང་དུ་འཚོ་སྐྱེད་རྫས་དང་གཏེར་རྫས་གཞན་དག་མ་འདང་བ། འགུལ་སྐྱོད་བྱས་དྲག་པ། སྦྲུམ་ཕྱུགས་ཀྱི་ཤ་ཤེད་ཞན་པའམ་ཤ་ཤེད་རྒྱས་དྲག་པ། ཕྲུ་གུ་ཆེ་དྲག་ནས་བཙའ་མ་ཐུབ་པ་སོགས་ཀྱི་དབང་གིས་བུ་སྣོད་འཕུད་པའི་ཤུགས་ཉམས་ཏེ་བུ་རོགས་མ་ལྷུང་བ་ཡིན་སྲིད་དོ།།

3 ནད་རྟགས།

རྒྱུན་ལྡན་གྱི་གནས་ཚུལ་ནི་མོ་མཚན་ཁ་ནས་སྐ་རགས་དབྱིབས་ཀྱི་བུ་རོགས་སྣར་བ་དང་། ནོར་ལུག་གི་བུ་རོགས་ཀྱི་ཁ་དོག་ནི་ས་དམར་དང་འདྲ་ལ། ངོས་ན་ཆེ་ཆུང་མི་འདྲ་བའི་ཤ་སྒྲིམ་མང་པོ་ཡོད། རྒོད་མའི་བུ་རོགས་ནི་དཀར་སྐྱ་ཡིན། མཛོ་མོ་དང་འབྲི་མོ་ཡིན་ན་ཉི་མ་གཅིག་ནས་གཉིས་འགོར་རྗེས། ལུས་སོང་བའི་བུ་རོགས་རུལ་ནས་མོ་མཚན་ལས་དམར་མདངས་འདྲེས་པའི་རུལ་ཁུ་བཞུར་བ་དང་། རུལ་ཁུའི་ནང་དུ་རུལ་རལ་དུ་གྱུར་བའི་བུ་རོགས་དུམ་བུ་ཡོད་ཅིང་། ནད་ཕྱུགས་ཉལ་བ་ན་རུལ་ཁུ་བཞུར་བ་ཇེ་མང་ཡིན། ཚབས་ཆེ་དུས་ལུས་ཡོངས་ནས་ནད་རྟགས་མངོན་ཏེ། ནད་ཕྱུགས་ཀྱི་རྣམ་རིག་དུབ་པ་དང་ལུས་ཚ་རྒྱས་པ། སྒལ་བ་འཁྱིལ་ཞིང་ཡི་ག་འཆུས་པ། སྐྱུག་ལྡད་ཇེ་ཉུང་དུ་འགྲོ་བ། འཇུ་བྱེད་དབང་བོའི་ནུས་པ་ཉམས་པ། གྲོད་ཁོག་འགུལ་སྐྱོད་དལ་གྱུར་ནས་ཟས་འགག་པ་དང་གྲོད་ཁོག་སྦོས་པ་སོགས་ཀྱི་ནད་རྟགས་མངོན་ནོ།།

4 འགོག་བཅོས།

1.སྨན་རྫས་ཀྱིས་གསོ་ཐབས།  བ་འབྲི་མཛོ་མོ་སོགས་ཀྱིས་བེའུ་བཙས་རྗེས་ཀྱི་ཆུ་ཚོད12དང་། ར་ལུག་ཆུ་ཚོད3ནས4། ཕག་ཆུ་ཚོད1ནས2བཅས་འགོར་ཡང་ད་དུང་བུ་རོགས་མི་ཡོང་ན། ཤ་གནད་དམ་སྐྱི་འོག་ཏུ་བཙའ་སྐུལ་རྫས(催产素)སྨན་ཁབ་རྒྱག་དགོས། སྨན་དེ་ཆུ་ཚོད་གཉིས་ཀྱི་རྗེས་ནས་ཡང་བསྐྱར་རྒྱག་དགོས།

2.གཤག་ཐབས།  བ་འབྲི་མཛོ་མོ་གསུམ་དང་རྒོད་མ་སོགས་ལ་སྨན་གྱིས་གསོས་ཀྱང་བུ་རོགས་མ་ལྷུང་ན། ཕྱུགས་ཟོག་སྨན་པ་གདན་དྲངས་ནས་གཤག་ཐབས་ཀྱིས་བུ་སྣོད་ལས་བུ་རོགས་ལེན་དུ་འཇུག་དགོས། བུ་རོགས་ལེན་སྐབས་ཡིད་འཇོག་དགོས་པ་ཞིག་ནི། ལེན་ཐུབ་ན་བུ་རོགས་གཙང་མར་ལེན་དགོས། ལེན་མི་ཐུབ་པར་བཙན་གྱིས་བླངས་ན་རྨས་སྐྱོན་བཟོས་ནས་ནད་བསྐྱེད་པ་ཡིན།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།