གནས་བབ་སྨྲ་བ།

གནས་བབ་སྨྲ་བའམ་ཡུལ་ཁམས་སྨྲ་བ་འདི་ལ་ལག་ཆ་སྨྲ་བའང་ཟེར་ཞིང་། དེའི་ཚབ་བྱེད་མི་སྣ་ལ་ལི་ཨའོ་ཏི་སི་ཕུའུ་སི་དང་། ཀང་ན་ཧ་ལན་ཐེ། ཨ་པོ་ན་ཁོ་ཧོང་སོགས་མཆིས། གཞུང་ལུགས་འདིའི་དགོངས་དོན་ལྟར་ན། རིགས་ཚོགས་ཞེས་པ་ནི་ཆབ་སྲིད་དང་སྤྱི་ཚོགས། ཡང་ན་དཔལ་འབྱོར་སྣང་ཚུལ་ཞིག་ཏུ་མཐོང་སྟེ། ཆབ་སྲིད་དང་དཔལ་འབྱོར་ཐོན་ཁུངས་ཀྱི་འགྲན་རྩོད་དང་བགོ་སྟངས་ལྟར་རིགས་ཚོགས་གང་ཞིག་གི་གྲུབ་སྟངས་དང་འགྱུར་ལྡོག་སོགས་ལ་འགྲེལ་བཤད་བྱེད་པ་ཡིན། གཞུང་ལུགས་འདིས་རིགས་ཚོགས་ངོས་ལེན་གྱི་སྣ་མང་རང་བཞིན་དེ་གཙོ་བོར་འདོན་ཏེ། རིགས་ཚོགས་ངོས་འཛིན་ཁས་ལེན་བྱེད་པ་ནི་ཁོར་ཡུག་གི་གནས་བབ་དང་ཡུལ་ཁམས་སོགས་ལ་བསྟུན་ནས་འགྱུར་བ་འབྱུང་བས་ན། འདི་ལ་གནས་བསྟུན་སྨྲ་བ་ཞེས་ཀྱང་ཟེར། ཁོ་ཚོས་རིགས་ཚོགས་གང་ཉིད་ལ་གནས་བབ་དང་བསྟུན་ནས་འགྱུར་བར་འབྱུང་བ་དང་། ཡང་ན་ཚོགས་མི་རྣམས་ཀྱི་གདམ་གསེས་དང་ཁས་ལེན་གྱི་བསམ་བློ་དེ་གཙོ་བོར་འཛིན། རིགས་ཚོགས་གང་ཉིད་ཁ་གཏོད་སའི་ཆབ་སྲིད་དང་དཔལ་འབྱོར་གནས་ཚུལ་སོགས་ཕྱི་ཡུལ་ཁོར་ཡུག་གིས་རང་ཉིད་ངོས་འཛིན་དང་ཁས་ལེན་བྱེད་པའི་སེམས་ཁམས་བསྐྱེད་པ་སྟེ། ཚོགས་མི་རྣམས་ཀྱི་ཐུན་མོང་གི་ལངས་ཕྱོགས་དང་ཁེ་ཕན་འདུ་ཤེས། ལམ་ལུགས་བཟོ་སྟངས་དང་རིག་གནས་བསྐྲུན་སྟངས་སོགས་ཐག་གཅོད་པ་ཡིན་པར་འདོད། དཔེར་ན། ཨའོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་མ་ལོག་གོང་རྒྱལ་ནང་ནས་གནས་སྤར་ཏེ་སོང་བའི་མི་ཁ་ཤས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ཕུའུ་ཐའོ་ཡ་རྒྱལ་ཁབ་ཀྱི་མི་དམངས་མིའི་ཐོབ་ཐང་བརྩོན་ལེན་དང་། ཕུའུ་ཐའོ་ཡའི་རིག་གནས་ངོས་འཛིན་ཁས་ལེན་བྱས། ཕྱིས་སུ་ཕུའུ་ཐའོ་ཡའི་ཁེ་ཕན་སོགས་ལ་ཉམས་ཉེས་ཐེབས་པ་དང་བསྟུན་ནས་ཡང་བསྐྱར་ཀྲུང་གོའི་རིག་གནས་ཁས་ལེན་བྱས་པ་དང་། སྐད་ཆའི་སྤྱོད་སྟངས་དེའི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་འགྱུར་བ་བྱུང་བ་ལྟ་བུའོ། །
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-01-24
གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།