འགྲེལ་བཤད་མིའི་རིགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འགྲེལ་བཤད་མིའི་རིགས་རིག་པ།
རིག་གནས་ཀྱི་དོན་སྙིང་དང་མཚོན་བྱེད་སོགས་ལ་མཐོང་ཆེན་དང་ཞིབ་འཇུག་མང་དུ་མཛད་པ་དང་། གནད་དོན་དེ་དག་ལ་ངོས་འཛིན་དང་དབྱེ་ཞིབ་བྱེད་པ་དེར་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
解释人类学
ཕྱི་ཡིག་གི་མིང་།
interpretive anthropology
1 ངོ་སྤྲོད་མདོར་བསྡུས།

མིའི་རིགས་འགུལ་སྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི་ལུགས་མཐུན་སྒོས་དངོས་པོའི་དགོས་མཁོ་སྐོང་བའི་མི་ཚེ་ལྟ་ཚུལ་ནས། དོན་སྙིང་དང་མཚོན་བྱེད་ནི་ད་གཟོད་མིའི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་པ་གལ་ཆེན་རང་བཞིན་དུ་འཛིན་པའི་ཕྱོགས་སུ་འཁོར་བ་དང་། ཡང་ན། སྤྱི་ཚོགས་དང་བྱེད་ནུས་གཙོར་འཛིན་པ་ནས་རིག་གནས་ཞིབ་འཇུག་བྱ་ཡུལ་གཙོ་བོར་འཛིན་པའི་ཕྱོགས་སུ་བསྐྱོད་པ་ནི། ཉེ་བའི་ལོ་ཉི་ཤུ་དང་སུམ་ཅུའི་ནང་དེང་རབས་མིའི་རིགས་རིག་པའི་ཞིབ་འཇུག་གི་འཕེལ་ཕྱོགས་གཙོ་བོ་ཡིན་ནོ །།

ཉེ་རབས་སུ་ཨ་མེ་རི་ཁའི་མིའི་རིགས་རིག་པ་སྨྲ་བའི་མཁས་པ་ཕལ་ཆེར་ཞིག་གིས་སྒྲ་ཡངས་འཇུག་གི་དོན་སྙིང་དང་མཚོན་བྱེད་སོགས་ལ་མཐོང་ཆེན་དང་ཞིབ་འཇུག་མང་དུ་མཛད་པ་དང་། གནད་དོན་དེ་དག་ལ་ངོས་འཛིན་དང་དབྱེ་ཞིབ་བྱེད་དུས་ཟུར་ཚད་དང་ཐབས་ལམ་བཅས་ལ་ཁྱད་པར་ཤོར་བ་ལས་དེར་མིང་གི་བརྗོད་སྟངས་ཀྱང་འདྲ་མིན་སྣ་ཚོགས་ཤིག་བྱུང་། མཁས་པ་ལ་ལས་དེར་མཚོན་བྱེད་མིའི་རིགས་རིག་པ་ཞེས་དང་། ལ་ལས་གཤིབ་བསྡུར་མཚོན་བྱེད་རིག་པ། ཡང་ལ་ལས་དེ་ལ་བརྡ་རྟགས་མིའི་རིགས་རིག་པ་ཟེར་ཞིང་། ཨ་རིའི་མཁས་པ་ཀོ་ཨེར་ཚི་ལགས་ཀྱིས་དེ་ལ་འགྲེལ་བཤད་མིའི་རིགས་རིག་པའམ་རིག་གནས་འགྲེལ་བཤད་རིག་པ་ཞེས་ཟེར། མིང་གི་འབོད་སྟངས་མི་འདྲ་ནའང་ཁོང་ཚོས་སྤྱི་ཁྱབ་སྒོས་དོ་སྣང་བྱེད་པ་ནི་མཚོན་བྱེད་དང་བརྡ་རྟགས་ཞེས་པ་ཡིན་ལ། དེ་དག་ལ་འགྲེལ་བཤད་ཇི་ལྟར་བྱ་དགོས་པའི་སྐོར་ཡིན། དེ་དག་ཁྲོད་དུ་ཀོ་ཨེར་ཚིས་མཚོན་པའི་འགྲེལ་བཤད་མིའི་རིགས་རིག་པ་ནི་ཉེ་ལམ་ཤུགས་རྐྱེན་ཆེས་ཆེ་བའི་གྲུབ་མཐའ་ཡིན།

འགྲེལ་བཤད་མིའི་རིགས་རིག་པའི་གཞུང་ལུགས་དེའི་འབྱུང་ཁུངས་ལ་གཙོ་བོ་ཕྱོགས་གསུམ་ཙམ་ལྡན་ཏེ། ཝེ་པོའི་སྤྱི་ཚོགས་བྱ་སྤྱོད་གཞུང་ལུགས་དང་།  ཕ་སིན་སིའི་སྤྱི་ཚོགས་དང་རིག་གནས་མི་གཤིས་ཀྱི་གྲུབ་ཚུལ་བྱེད་ནུས་རིང་ལུགས། མཚན་ཉིད་རིག་པ་བ་ལའེ་ཨེར་གྱི་སེམས་ཀྱི་དོན་སྤྱི་བཅས་སོ། ། གྲུབ་མཐའ་འདིས་རིག་གནས་ཡོད་ཚད་ནི་མཚོན་དོན་ངེས་ཅན་ལྡན་པའི་བརྡ་རྟགས་སུ་འདོད་ཅིང་། མིའི་རིགས་རིག་པ་སྨྲ་བའི་འོས་འགན་ནི་བརྡ་རྟགས་ཤུགས་སུ་སྦས་པའི་རིག་གནས་མཚོན་དོན་ཏེ་དོན་སྙིང་དེ་སྔོག་འདོན་དང་འགྲེལ་བཤད་བྱེད་དགོས་ལ། མཚོན་བྱེད་བརྡ་རྟགས་ཀྱིས་མིའི་རིགས་སྲོག་ཆགས་ཁམས་ལས་འགྱུར་འོང་བ་དང་། དེ་ནི་མིའི་རིགས་འདུ་ཤེས་ཀྱི་བྱེད་ནུས་གཙོ་བོ་ཡིན་ལ། ང་ཚོས་སྐད་བརྡ་དང་ཚན་རིག སྒྱུ་རྩལ། ལྷ་སྒྲུང་། ལོ་རྒྱུས། ཆོས་ལུགས་ལ་སོགས་གསར་གཏོད་དང་ངོས་འཛིན་བྱེད་པའི་རྩ་བ་ལྟ་བུ་ཡིན་པར་འདོད།

ཀོ་ཨེར་ཚིའི་ལྟ་བ་ལྟར་ན། མིའི་རིགས་རིག་པའི་གཞུང་ལུགས་ནི་གཙོ་བོ་ཡུལ་དངོས་རྟོག་ཞིབ་དང་རིག་གནས་གཤིབ་བསྡུར་ལས་བྱུང་བ་སྟེ། ཡུལ་དངོས་རྟོག་ཞིབ་ནི་མིའི་རིགས་རིག་པའི་ཞིབ་འཇུག་གི་ལག་ལེན་དངོས་ཡིན་ལ། ལག་ལེན་བརྒྱུད་ནས་མིའི་རིགས་རིག་པ་བས་རིག་གནས་གང་ཞིག་ཤེས་རྟོགས་བྱ་དགོས་ལ། མི་དང་སྤྱི་ཚོགས། རིག་གནས་སྐོར་གྱི་གཞུང་ལུགས་བསྐྲུན་པ་ཡིན། ཡུལ་དངོས་རྟོག་ཞིབ་ནི་མིའི་རིགས་རིག་པ་བའི་ཞིབ་འཇུག་ཐབས་ལམ་ཡིན་པར་མ་ཟད། ཁོ་ཚོས་ཕྱི་ཡུལ་འཇིག་རྟེན་དང་འཚོ་བ་ངོས་འཛིན་བྱེད་པའི་དཔང་གཞི་ཡིན་པར་བཤད་ཆོག ཡུལ་དངོས་རྟོག་ཞིབ་ཀྱི་འབྲས་བུ་ནི་མི་རིགས་ལོ་རྒྱུས་ཟིན་ཐོའི་རྣམ་པར་འབྱུང་བ་དང་། དེ་ནི་མི་རིགས་རིག་གནས་དང་ཚོ་བའི་རིག་གནས་ཡིན་ཆོག་ལ། ཡུལ་སྡེ་རིག་གནས་དང་སྡེ་ཁུལ་རིག་གནས། གྲོང་བརྡལ་རིག་གནས་སོགས་ཡུལ་ག་གེ་མོའི་རིག་གནས་ཀྱི་དོན་རྐྱེན་དང་གོམས་སྲོལ་གྱི་ནང་ངོས་ཞིབ་འབྲི་ཞིག་ལ་ཟེར། རིག་གནས་གཤིབ་བསྡུར་ནི་རིག་གནས་མི་འདྲ་བ་དག་ནས་བརྒལ་ཏེ་ཕན་ཚུན་གྱི་མི་འདྲ་ས་དང་ཐུན་མིན་ཁྱད་ཆོས་འཚོལ་བ་དང་། དེ་དག་ལ་འགྲེལ་བཤད་གནང་བ་ཡིན། མ་ལིན་ནུའོ་ཧྥུ་སི་ཅི་ནས་བཟུང་ཡུལ་དངོས་རྟོག་ཞིབ་དང་མི་རིགས་ལོ་རྒྱུས་ཟིན་ཐོའི་རྩོམ་འབྲིའི་ངེས་ལུགས་ཐད་ལ་དཔྱད་པ་མང་པོ་བྱུང་ལ། གཙོ་གནས་ཕྱོགས་ཀྱི་བྱེད་ཐབས་དང་མགྲོན་གནས་ཕྱོགས་ཀྱི་བྱེད་ཐབས། སྣང་ཚུལ་རིག་པའི་འཁྱེར་ཕྱོགས་དང་བྱ་སྤྱོད་འཁྱེར་ཕྱོགས། དོ་བདག་པའི་ལྟ་ཚུལ་དང་ཞིབ་འཇུག་པའི་ལྟ་ཚུལ་བཅས་ཀྱི་ཕྱོགས་སུ་རྩོད་པ་མང་དུ་བྱུང་། འོན་ཀྱང་སྤྱིར་བཤད་ན། ད་བར་དུ་མིའི་རིགས་རིག་པ་ཚོ་དངོས་སྤྲོད་རིང་ལུགས་ཀྱི་ཤན་ཤུགས་ཁྲོད་ཚུད་ནས་ཤེས་བྱ་སྨྲ་བའི་ཕྱོགས་སུ་བསམ་བློ་གཏིང་ཇེ་ཟབ་ཏུ་གཏོང་མ་ཕོད་ལ། ཀོ་ཨེར་ཚི་ནི་འདིའི་ཕྱོགས་ལ་བསམ་བློ་གཏོང་བཞིན་པའི་མཁས་པ་ཉུང་ཤོས་གྲས་ཀྱི་གཅིག་ཡིན།

དོ་བདག་པའིི་ལྟ་ཚུལ་གྱི་ངོས་ནས་ཞེས་པའི་རྩོམ་ཡིག་ནང་དུ་ཀོ་ཨེར་ཚིས་མ་ལིན་ནུའོ་ཧྥུ་སི་ཅིས་བཏོན་པའི་བརྩེ་དུང་སྤོ་བ་ཞེས་པར་འགྲེལ་བ་གསར་དུ་བྱས། ཁོང་གི་འདོད་ཚུལ་ལྟར་ན། བརྩེ་དུང་སྤོ་བ་ཞེས་པ་ནི་མིའི་རིགས་རིག་པ་བ་རྣམས་རིག་གནས་དེའི་དོ་བདག་པར་འགྱུར་དགོས་ཞེས་པའི་དོན་མིན་ལ་འགྱུར་ཡང་མི་སྲིད་དོ། ། མིའི་རིགས་རིག་པའ་སྨྲ་མཁན་སུ་ཞིག་གིས་ས་ཆ་གང་དུ་ཡུལ་དངོས་རྟོག་དཔྱོད་བྱེད་སྐབས་སུ། ཁོ་ཚོའི་འཚོ་བའི་ནང་དུ་ཞུགས་ནས་མྱོང་ཚོར་བྱ་བ་བརྒྱུད་དེ་རིམ་གྱིས་ཁོ་ཚོའི་འཚོ་བའི་འཇིག་རྟེན་གྱི་ཉེ་སར་བཅར་ནས། དེ་དག་གི་ཁ་གཏོད་སའི་རིག་གནས་དེ་རིམ་གྱིས་ཤེས་རྟོགས་བྱ་བ་ཡིན། འོན་ཀྱང་། མིའི་རིགས་རིག་པ་སྨྲ་བའི་ལྟ་བ་དེ་དོ་བདག་པའི་ལྟ་བ་དང་གཅིག་འདྲ་འབྱུང་མི་སྲིད་ལ། གཅིག་མཚུངས་ཡིན་དགོས་པའི་ངེས་པའང་མེད་དོ།།ཡང་ཁོང་གིས་ལའེ་ཨེར་གྱི་དོན་སྤྱི་བཀོལ་ནས་བསྟན་དོན། མི་རིགས་ལོ་རྒྱུས་ཟིན་ཐོ་ལ་རིགས་གཉིས་ཡོད་དེ། གཅིག་ནི་རགས་འབྲི་དང་ཅིག་ཤོས་ནི་ཟབ་འབྲི་ཡིན། ཕྱི་མ་ཟབ་འབྲི་ཡི་ཉིང་བཅུད་ནི། གཙོ་བོ་བྱ་འགུལ་དང་རིག་གནས་བར་གྱི་འབྲེལ་བར་གསེད་འགྲོལ་བྱ་ད་དེ་གཙོར་འཛིན་པ་དང་། དེ་བརྒྱུད་ནས་བྱ་འགུལ་ལ་འགྲེལ་བཤད་མཛད་པ་ཡིན། མིའི་རིགས་ཀྱིས་མཚོན་བྱེད་བརྡ་རྟགས་ལ་བརྟེན་ནས་ཉམས་མྱོང་གསོག་འཇོག་དང་འབྲེལ་འདྲིས་བྱེད་པར་མ་ཟད། མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་པ་ཡིན། ཀོ་ཨེར་ཚིས་མཇུག་མཐར་འདི་ལྟར་སྡོམ་ཚིག་བཀོད་ཡོད་དེ། མི་རིགས་ཀྱི་ལོ་རྒྱུས་ཞིབ་འབྲི་ལ་ཁྱད་ཆོས་གསུམ་ལྡན་ཏེ། དང་པོ། དེ་ནི་འགྲེལ་བཤད་རང་བཞིན་གྱི་ཞིབ་འབྲི་ཞིག་ཡིན་པ། གཉིས་པ། འགྲེལ་བཤད་བྱ་བ་ནི་སྤྱི་ཚོགས་རང་བཞིན་ཅན་གྱི་ཁ་བརྡའི་བརྒྱུད་རིམ་ཡིན་པ། གསུམ་པ། འགྲེལ་བཤད་བྱ་བ་ནི་ཁ་བརྡ་ད་དུང་མ་ཡལ་ཡར་སྔོན་གྱི་བཤད་པའི་ནང་དོན་སོར་བཞག་བྱས་ཏེ་ལྟ་ཀློག་བྱས་ཆོག་པའི་མ་རྩོམ་དུ་བསྒྱུར་བ། བཞི་བ། འགྲེལ་བཤད་བྱ་བ་ནི་ཕྲ་མཐོང་གི་ཞིབ་འཇུག་ཡིན་ནོ།།

ཀི་ཨེར་ཚིའི་ལྟ་ཚུལ་ལྟར་ན། རིག་གནས་ཞེས་པ་ནི་རིན་ཐང་ལྟ་བ་མཚོན་པའི་བརྡ་རྟགས་མ་ལག་ཅིག་སྟེ། དེ་ཉིད་མཚོན་བྱེད་རང་བཞིན་གྱི་ཆོས་ལུགས་མ་ལག་ཅིག་ཏུ་མཐོང་། ཆོས་ལུགས་ལ་དཔྱད་དུས་ཀྱང་འགྲེལ་བཤད་སྤྱི་ཚོགས་རིག་པའི་ལྟ་བ་སྤྱད་དེ་ཞིབ་འཇུག་བྱ་དགོས་ལ། དེའང་གཙོ་བོ་དེའི་རིག་གནས་ཀྱི་ཕྱོགས་ལ་དོ་སྣང་བྱེད་པ་ཡིན། རྒྱུ་མཚན་ནི་ཁོང་གི་ལྟ་ཚུལ་ལྟར་ན། རིག་གནས་ཞེས་པ་ནི་ལོ་རྒྱུས་སྟེང་མུ་མཐུད་ནས་བརྒྱུད་འོང་བ་ཡིན་ལ། མཚོན་བྱེད་བརྡ་རྟགས་ཁྲོད་མངོན་པའི་དོན་སྙིང་རྣམ་པ་སྟེ་མཚོན་བྱེད་བརྡ་རྟགས་མ་ལག་གིས་མཚོན་པའི་དོན་སྤྱི་མ་ལག་ཅིག་ལ་བྱ་ཞིང་། མི་རྣམས་ཀྱིས་རིག་གནས་བརྒྱུད་ནས་ཁོ་ཚོས་འཚོ་བར་བཅང་བའི་ཤེས་བྱ་དང་རྣམ་འགྱུར་གང་ཉིད་ཕན་ཚུན་ལ་བརྗེ་རེས་དང་འབྲེལ་འདྲིས། འཕེལ་རྒྱས་བཅས་བྱ་བ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།