ལ་ཏེ་ཁོ་ལི་ཧྥུ•པུའུ་ལང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལ་ཏེ་ཁོ་ལི་ཧྥུ•པུའུ་ལང་།
ཁོང་ནི་དབྱིན་ཇིའི་བྱེད་ནུས་རིང་ལུགས་ཀྱི་མིའི་རིགས་རིག་པ་སྨྲ་བ་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拉德克利夫-布朗,A.R.
སློབ་ཆེན།
ཅན་ཆའོ་སློབ་ཆེན།
རྒྱལ་ཁབ།
དབྱིན་ཇི།
ལས་རིགས།
སྤྱི་ཚོགས་རིག་པ་བ།
1 ངོ་སྤྲོད་མདོར་བསྡུས།

ལ་ཏེ་ཁོ་ལི་ཧྥུ·པུའུ་ལང་ནི་དབྱིན་ཇིའི་བྱེད་ནུས་རིང་ལུགས་ཀྱི་མིའི་རིགས་རིག་པ་སྨྲ་བ་གྲགས་ཅན་ཞིག་སྟེ། དང་ཐོག་ཅན་ཆའོ་སློབ་ཆེན་དུ་ཞུགས་ནས་རང་བྱུང་ཚན་རིག་སྦྱངས་པ་དང་ཕྱིས་སུ་མིའི་རིགས་རིག་པ་དོན་དུ་གཉེར། ཁོང་ཉིད་སྔ་ཕྱིར་ཐེངས་གཉིས་ལ་ཨན་ཏ་མན་གླིང་ཚོམ་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས། ཕྱིས་སུ་ཨའོ་སི་ཁྲུ་ལེ་ཡར་བསྐྱོད་ནས་ས་དེ་གའི་གཞི་སྡོད་ཚོ་བའི་སྤྱི་ཚོགས་རྩ་འཛུགས་དང་གཉེན་ཚན་ལམ་ལུགས། ཐོའུ་ཐིན་དང་ལྷ་སྒྲུང་སོགས་ལ་ཞིབ་འཇུག་བྱས།

2 བརྩམས་ཆོས།

བརྩམས་ཆོས་གཙོ་བོ་ལ《ཨན་ཏ་མན་གླིང་ཕྲན་སྟེང་གི་སྡོད་མི》ལས་གཞན་ད་དུང《གདོད་མའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་བྱེད་ནུས》དང《སྤྱི་ཚོགས་མིའི་རིགས་རིག་པའི་ཐབས་ལམ》སོགས་མཆིས།

3 ལྟ་བ་གཙོ་བོ།

ལ་ཏེ་ཁོ་ལི་ཧྥུ·པུའུ་ལང་ལགས་ཀྱིས་ཀྱང་འཕེལ་འགྱུར་སྨྲ་བ་རྣམས་ཀྱིས་རིག་གནས་འབྱུང་ཁུངས་འཚོལ་བ་དེར་དགག་པ་བྱས་ཤིང་། རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་བ་ལ་ཐོག་མར་དེའི་གྲུབ་ཚུལ་དང་བྱེད་ནུས། དོན་སྙིང་བཅས་རྟོགས་དགོས་པར་འདོད། ཁོང་ལྟར་ན་བྱེད་ནུས་ཞེས་པ་ནི་ཕུང་བོ་གཅིག་གྲུབ་ཆའི་འགུལ་སྐྱོད་སོ་སོས་སྤྱི་འདུས་འགུལ་སྐྱོད་ཡོངས་ལ་ཐོན་པའི་བྱས་རྗེས་སམ་ནུས་པ་དེར་བྱ། རིག་གནས་སྣང་ཚུལ་མཐའ་དག་ལ་ངེས་གཏན་གྱི་བྱེད་ནུས་རེ་མཆིས་ཏེ། དཔེར་ན་ཨན་ཏ་མན་གླིང་ཕྲན་སྟེང་གི་དད་མོས་ཆོ་གའི་མཐར་ཐུག་གི་དམིགས་ཡུལ་ནི། སྤྱི་ཚོགས་དེའི་མཐུན་སྒྲིལ་དང་གཅིག་འགྲིལ་ནུས་པར་སྐུལ་འདེད་བྱ་བ་དེ་ཡིན། ཁོང་གིས་བྱེད་ནུས་ལ་གཙིགས་མཐོང་བྱེད་པའི་ཞོར་དུ་སྤྱི་ཚོགས་གྲུབ་ཚུལ་ལའང་ཞིབ་འཇུག་གཏོང་ཟབ་བྱས་པ་སྟེ། གྲུབ་ཚུལ་ཞེས་པ་ནི་རིག་གནས་གཅིག་གྱུར་ཕུང་བོ་གཅིག་ཁྲོད་ཀྱི་མི་དང་མིའི་བར་གྱི་འབྲེལ་བ་ལ་བྱ་ཞིང་། འབྲེལ་བ་དེའང་ལམ་ལུགས་ཀྱིས་ཁ་ལོ་བསྒྱུར་བ་ཡིན་པར་འདོད། ཁོང་གིས་གྲུབ་ཚུལ་ལ་དབྱེ་ཞིབ་མཛད་པའི་བཀའ་དྲིན་ལས། དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུ་ནས་བཟུང་སྟེ། སྤྱི་ཚོགས་གྲུབ་ཚུལ་ཞེས་པའི་ཐ་སྙད་འདི་ནི་དབྱིན་ཇིའི་མིའི་རིགས་རིག་པའི་གཞུང་ལུགས་གཙོ་བོ་ཞིག་ཏུ་གྱུར་ཞིང་། གྲུབ་ཚུལ་བྱ་བའི་ཐ་སྙད་འདི་ཕལ་ཆེར་རིག་གནས་ཀྱི་ཚབ་བྱེད་དུ་སྤྱོད་པ་དང་། གྲུབ་ཚུལ་དབྱེ་ཞིབ་ཀྱིས་རིག་གནས་དབྱེ་ཞིབ་ཀྱི་ཚབ་བྱས་པར་མངོན།

ཞིབ་འཇུག་ཐབས་ལམ་གྱི་ཆ་ནས་ལ་ཏེ་ཁོ་ལུ་ཧྥུ·པུའུ་ལང་ལགས་ཀྱིས་རང་བྱུང་ཚན་རིག་གི་བྱ་ཐབས་བེད་སྤྱོད་པ་སྟེ། ཚོད་ལྟའི་རིགས་འདེད་ཀྱི་བྱ་ཐབས་བཀོལ་ནས་མིའི་རིགས་རིག་པར་ཞིབ་འཇུག་བྱ་བ་ཡིན། དུས་མཚུངས་སུ་ཁོང་གིས་རིག་གནས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་སྤྱི་ཚོགས་ཕན་ཚུན་གཤིབ་བསྡུར་བྱས་ཏེ། རང་གི་ཐོག་མའི་ལྟ་བ་གང་ཉིད་བདེན་དཔང་དང་ཞིབ་བཤེར་བྱ་དགོས་ལ།དེ་ནས་ད་གཟོད་ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་ཆོས་ཉིད་འཚོལ་དགོས་པར་འདོད། གཞན་ཡང་ཁོང་ལྟར་ན་སྤྱི་ཚོགས་མིའི་རིགས་རིག་པའི་ཞིབ་འཇུག་ལ་རིགས་གཉིས་མཆིས་ཏེ། གཅིག དུས་འདས་རང་བཞིན་གྱི་ཞིབ་འཇུག་དང་ཅིག་ཤོས་ནི་དུས་མཉམ་རང་བཞིན་གྱི་ཞིབ་འཇུག་གོ། སྔ་མས་གཙོ་བོ་རིག་གནས་གྱི་ལོ་རྒྱུས་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་པ་སྟེ། འདི་ནི་གཞུང་ཕྱོགས་ཀྱི་ཞིབ་འཇུག་ཡིན། ཕྱི་མས་གཙོ་བོ་རིག་གནས་ཀྱི་ངོ་བོ་དང་གྲུབ་ཚུལ། བྱེད་ནུས་སོགས་ལ་ཞིབ་འཇུག་བྱེད་པ་སྟེ། འདི་ནི་འཕྲེད་ཕྱོགས་ཀྱི་ཞིབ་འཇུག་ཡིན། ཁོ་བོའི་ལྟ་ཚུལ་ལྟར་ན། ཕྱི་མ་ནི་སྔ་མ་ལས་ལྷག་ཏུ་གལ་ཆེན་དུ་འཛིན་རིགས་ཏེ། དེས་རིག་གནས་ཀྱི་མཚུངས་ཆོས་རྙེད་པར་མ་ཟད་མི་འདྲ་སའང་རྙེད་ནུས་ལ། ཁོང་ལྟར་ན་མི་འདྲ་ས་ནི་མཚུངས་ཆོས་ལས་ཀྱང་གལ་ཆེ་བར་སེམས། དུས་མཉམ་རང་བཞིན་གྱི་ཞིབ་འཇུག་དེས་རིག་གནས་ཀྱི་ལོ་རྒྱུས་དང་འབྱུང་ཁུངས་གཙོར་མི་འཛིན་པར། རིག་གནས་གང་དེ་སྤྱིའི་མ་ལག་ཅིག་ཏུ་ངོས་འཛིན་པ་ཡིན། མ་ལག་འདིའི་ནང་གི་རིག་གནས་ཀྱི་གྲུབ་ཆ་སོ་སོས་ངེས་གཏན་གྱི་བྱེད་ནུས་རེ་ཐོན་གྱིན་ཡོད་པས། རིག་གནས་ལ་ཞིབ་འཇུག་བྱེད་སྐབས་རིག་གནས་ཀྱི་གྲུབ་ཆ་སོ་སོའི་བར་གྱིའབྲེལ་བ་དང་། རིག་གནས་འདིའི་རིགས་ཀྱི་སྤྱིའི་མ་ལག་གྲུབ་ཚུལ། རིག་གནས་ཀྱི་གྲུབ་ཆ་སོ་སོས་སྤྱིའི་མ་ལག་འདིའི་ཁྲོད་དུ་ཕྱིའི་འདུམ་འགྲིག་དང་ནང་གི་འདུམ་འགྲིག་གཉིས་ཀྱི་ཕྱོགས་ལ་ཐོན་པའི་བྱེད་ནུས། དེར་མ་ཟད་རིག་གནས་ཀྱི་མ་ལག་སོ་སོའི་འདྲ་ས་དང་མི་འདྲ་ས་བཅས་གཤིབ་བསྡུར་བྱེད་རྒྱུ་ནི་གལ་ཆེན་ཡིན།

མདོར་ན། མ་ལིན་ནུའོ་ཧྥུ་སི་ཅི་དང་ལ་ཏེ་ཁོ་ལི་ཧྥུ·པུའུ་ལང་རྣམ་གཉིས་ནི་བྱེད་ནུས་རིང་ལུགས་ཀྱི་གྲུབ་མཐའ་གཅིག་ཏུ་གཏོགས་ནའང་། ཁོང་གཉིས་ཀྱི་ལྟ་བའི་མི་འདྲ་སའི་གནད་འགག་ནི་ལ་ཏེ་ཁོ་ལི་ཧྥུ·པུའུ་ལང་གིས་སྤྱི་ཚོགས་གཙོར་འཛིན་པ་དང་། མ་ལིན་ནུའོ་ཧྥུ་སི་ཅིས་མི་སྒེར་གཙོར་བོར་འཛིན་པ་ཡིན། དེ་བས་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཁོ་གཉིས་ཀྱི་ལྟ་བར་དབྱེ་བ་འབྱེད་ཆེད། སྔ་མའི་གཞུང་ལུགས་ལ་གྲུབ་ཚུལ་བྱེད་ནུས་རིང་ལུགས་ཞེས་འབོད་པ་དང་། ཕྱི་མའི་གཞུང་ལུགས་ལ་བྱེད་ནུས་རིང་ལུགས་ཞེས་འབོད་པ་ཡིན་ནོ། ། གང་ལྟར་ཁོང་གཉིས་ཀྱིས་བཏོན་པའི་བྱེད་ནུས་སྨྲ་བ་དེས། གོམ་གང་མདུན་སྤོས་ཀྱིས་རིག་གནས་སྤྱི་ཡོངས་ཀྱི་ལྟ་བ་དང་འདུ་ཤེས་དེ་འཕེལ་རྒྱས་སུ་བཏང་ལ། ད་ལྟ་དངོས་སུ་གནས་པའི་དེང་རབས་སྤྱི་ཚོགས་ལ་ཞིབ་འཇུག་བྱ་ཐབས་ལ་མཐོང་ཆེན་དང་ལག་ལེན་དུ་བཏབ་པ་དེས་མིའི་རིགས་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཇེ་ཆེར་བསྐྱེད་ཅིང་། རིག་གཞུང་འདི་ཉིད་དཔེ་ཁང་ནས་ཡུལ་དངོས་དང་ལོ་རྒྱུས་ནས་དངོས་ཡོད་ཀྱི་ཕྱོགས་སུ་བསྒྱུར་ཏེ། སྤྱི་ཚོགས་འཚོ་བ་དང་ཐད་ཀར་གདོང་སྤྲད་དེ་ལྟ་རྟོག་དང་དབྱེ་ཞིབ་བྱས་པ་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།