མ་ལིན་ནུའོ་ཧྥུ་སི་ཅི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ལིན་ནུའོ་ཧྥུ་སི་ཅི།
ཁོང་ནི་དབྱིནཇིའི་བྱེད་ནུས་སྨྲ་བའི་སྣེ་འཁྲིད་མི་སྣ་མིང་གྲགས་ཅན་ཞིག་སྟེ། སློབ་ཆེན་སྐབས་སུ་དངོས་ལུགས་རིག་པ་དང་གྲངས་རིག་པ་སྦྱངས་ཤིང་། ཕྱིས་སུ་ཞིབ་འཇུག་ཁ་ཕྱོགས་དེ་རིམ་གྱིས་མིའི་རིགས་རིག་པའི་ཕྱོགས་སུ་བསྒྱུར་ནས་མིའི་རིགས་རིག་པའི་ཞིབ་འཇུག་ཁྲོད་མཛད་རྗེས་བླ་མེད་བཞག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马林诺夫斯基
ཕྱི་ཡིག་གི་མིང་།
Malinowski
རྒྱལ་ཁབ།
དབྱིན་ཇི།
ལས་རིགས།
སྤྱི་ཚོགས་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1884-1942)
མཛད་རྗེས།
བྱེད་ནུས་རིང་ལུགས་ཀྱི་སྲོལ་འབྱེད་མཁན།
1 ངོ་སྤྲོད་རགས་བསྡུས།

མ་ལིན་ནུའོ་ཧྥུ་སི་ཅི་ནི་དབྱིནཇིའི་བྱེད་ནུས་སྨྲ་བའི་སྣེ་འཁྲིད་མི་སྣ་མིང་གྲགས་ཅན་ཞིག་སྟེ། སློབ་ཆེན་སྐབས་སུ་དངོས་ལུགས་རིག་པ་དང་གྲངས་རིག་པ་སྦྱངས་ཤིང་། ཕྱིས་སུ་ཞིབ་འཇུག་ཁ་ཕྱོགས་དེ་རིམ་གྱིས་མིའི་རིགས་རིག་པའི་ཕྱོགས་སུ་བསྒྱུར། ཞི་བདེ་རྒྱ་མཚོ་ནུབ་མའི་ཐི་ལོ་པུའུ་ལེ་ཨེན་ཏི་གླིང་ཕྲན་སྟེང་ལོ་གཉིས་ཙམ་ལ་ཡུལ་དངོས་རྟོག་ཞིབ་བྱས་པའི་རྨང་གཞིའི་སྟེང་།《ཞི་བདེ་རྒྱ་མཚོ་ནུབ་མའི་མཚོ་བསྐྱོད་པ》ཞེས་པ་དང་།《གདོད་མའི་སྤྱི་ཚོགས་ཀྱི་ནག་ཉེས་དང་གོམས་སྲོལ》《གདོད་མའི་སྤྱི་ཚོགས་ཀྱི་ཕོ་མོའི་ཆགས་སྤྱོད་དང་འགོག་གནོན》སོགས་བརྩམས། འདི་དག་ནི་གཏིང་ཟབ་ཅིང་མ་ལག་ཚང་བའི་སྒོ་ནས་ཡུལ་དངོས་རྟོག་ཞིབ་བྱས་པའི་གྲུབ་འབྲས་ཡིན་ཞིང་། མི་རིགས་ལོ་རྒྱུས་འབྲི་སྟངས་ཐད་ཚབ་མཚོན་རང་བཞིན་གྱི་མ་དཔེ་ལྟ་བུར་གྱུར་ཡོད།

ཁོང་གིས་འཕེལ་འགྱུར་སྨྲ་བ་དང་ཁྱབ་སྤེལ་སྨྲ་བ། ལོ་རྒྱུས་སྨྲ་བ་བཅས་ལ་དགག་པ་བྱས་པ་སྟེ། འཕེལ་འགྱུར་སྨྲ་བས་རིག་གནས་ཉིད་རིམ་པ་བཞིན་འཕེལ་ཞིང་བསྟུད་མུར་བརྒྱུས་པའི་དུས་རིམ་དགར་བ་དེ་ནི་བློའི་རྟོག་བཟོ་ཙམ་ཡིན་པ་ལས། ཁྱབ་སྤེལ་སྨྲ་བ་དང་ལོ་རྒྱུས་སྨྲ་བ་གཉིས་ཀྱང་ཕལ་ཆེར་ཞིག་བློའི་རྟོག་བཟོ་ལ་བརྟེན་ནས་རིགས་མཚུངས་ཅན་གྱི་རིག་གནས་རྣམས་ས་ཐོག་ཏུ་ཇི་ལྟར་བརྒྱུད་སྤེལ་བྱས་པའི་ལོ་རྒྱུས་བསྐྲུན་པ་ཡིན་པས་ན། དེ་དག་ཀྱང་ཡིད་རྟོན་བྱ་རུང་བ་ཞིག་མ་ཡིན་པར་འདོད།

2 ལྟ་བ་གཙོ་བོ།

ཁོང་གི་ལྟ་ཚུལ་ལྟར་ན། མིའི་རིགས་རིག་པའི་འོས་འགན་གཙོ་བོ་ནི་རིག་གནས་ནང་ཁུལ་གྱི་གྲུབ་ཆ་སོ་སོས་ཕན་ཚུན་བར་དུ་ཐོན་པའི་བྱེད་ནུས་འབྲེལ་བ་དེ་གསལ་བཤད་བྱ་རྒྱུ་དེ་ཡིན་པར་འདོད། རིག་གནས་ཞེས་པ་ནི་བྱེད་ནུས་སྟེང་ཕན་ཚུན་ལ་འབྲེལ་བ་ལྡན་པའི་ཡན་ལག་མང་པོ་ཞིག་ལས་གྲུབ་པའི་སྤྱི་འདུས་ཤིག་སྟེ། རིག་གནས་བསྐྲུན་པའི་དགོས་པ་ནི་མིའི་རིགས་ཀྱི་དགོས་མཁོ་གེ་མོ་ཞིག་ཁ་སྐོང་བའི་ཆེད་དུ་ཡིན། རིག་གནས་ནི་དོན་དངོས་སྟེང་མིའི་རིགས་ཀྱི་དགོས་མཁོ་སྐོང་བར་བྱེད་པའི་ལག་ཆ་ཡིན་ཏེ། རིག་གནས་ཀྱིས་མིའི་རིགས་ཀྱི་དགོས་མཁོ་སྐོང་བའི་གོ་རིམ་ཁྲོད་དུ་དགོས་མཁོ་གསར་བ་བསྐྲུན་པ་དང་། དགོས་མཁོ་གསར་བ་དེས་ཡང་བསྐྱར་རིག་གནས་བྱ་ཐབས་གསར་བ་བྱུང་དུ་བཅུག་པ་ཡིན་ལ། འདི་ནི་མིའི་རིགས་གོང་འཕེལ་འབྱུང་བའི་གནད་འགག་ཡིན་པར་འདོད། ཁོང་ལྟར་ན། འགྲོ་བ་མི་ལ་གཞི་རྩའི་སྟེང་དགོས་མཁོ་རིགས་གཉིས་ཙམ་ལྡན་ཏེ། རྩ་བའི་དགོས་མཁོ་སྟེ་སྐྱེ་དངོས་ཐད་ཀྱི་དགོས་མཁོ་དང་ཞར་བྱུང་གི་དགོས་མཁོ་སྟེ་རིག་གནས་ཀྱི་དགོས་མཁོ་གཉིས་སོ། །རྩ་བའི་དགོས་མཁོ་དེའི་ཆེད་དུ་མིའི་རིགས་ཀྱིས་བཟའ་བཏུང་དང་སྡོད་ཁང་། གྱོན་པ་སོགས་ཐོན་སྐྱེད་བྱེད་པ་ཡིན་ལ། དགོས་མཁོ་དེ་སྐོང་བའི་བརྒྱུད་རིམ་ཁྲོད་དུ་འགྲོ་བ་མིས་རང་ཉིད་ལ་ཁོར་ཡུག་གསར་བ་ཞིག་སྟེ་རིག་གནས་བསྐྲུན་པ་ཡིན། རིག་གནས་ཀྱིས་འགྲོ་བ་མིའི་རྩ་བའི་དགོས་མཁོ་སྐོང་བའི་རྣམ་པ་དང་ཡང་ན་ལུས་ཁམས་ཀྱི་དགོས་མཁོ་སྐོང་བའི་བྱ་སྤྱོད་དེ་བྱེད་ནུས་ཞེས་པ་དེ་ཡིན། རྩ་བའི་དགོས་མཁོ་བསྐངས་པའི་དུས་མཚུངས་སུ་རིག་གནས་ཀྱང་བྱུང་བ་ཡིན་པར་འདོད།

མ་ལིན་ནུའོ་ཧྥུ་སི་ཅི་ལགས་ཀྱིས་གསར་གཏོད་བྱས་པའི་ཡུལ་དངོས་རྟོག་དཔྱོད་བྱ་ཐབས་དེར་དབྱིན་ཇི་དང་ཨ་རིའི་མིའི་རིགས་རིག་པའི་སྡེ་ཡོངས་ཀྱིས་མཐོང་ཆེན་བྱས་ཤིང་། དུས་ཡུན་རིང་པོ་ཞིག་ལ་མིའི་རིགས་རིག་པ་སྨྲ་མཁན་ཚོས་རྒྱུན་འཛིན་དང་བཀོད་སྤྱོད་བྱས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།