ཏུའུ་ཨེར་ཁོ་མུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུའུ་ཨེར་ཁོ་མུའུ།
ཁོང་ནི་སྤྱི་ལོ1858ལོར་ཧྥ་རན་སི་རྒྱལ་ཁབ་ཏུ་སྐུ་འཁྲུངས་ཤིང་། འཛམ་གླིང་དུ་གྲགས་ཆེ་བའི་སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པའི་མཁས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
埃米尔·杜尔凯姆
ཕྱི་ཡིག་གི་མིང་།
Émile Durkheim
རྒྱལ་ཁབ།
ཧྥ་རན་སི།
ལས་རིགས།
མིའི་རིགས་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1858-1917)
མི་རིགས།
ཡཱ་ཧུ་ད་པ།
1 ​ངོ་སྤྲོད།

ཏུའུ་ཨེར་ཁོ་མུའུ་ནི་འཛམ་གླིང་ན་སྐད་གྲགས་དང་ཤུགས་རྐྱེན་ཆེ་བའི་སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པའི་མཁས་པ་ཞིག་སྟེ། སྔ་ཕྱིར་ཧྥ་རན་སིའི་པོ་ཨེར་སློབ་ཆེན་དང་པ་ལི་སློབ་ཆེན་སོགས་སུ་དགེ་རྒན་ཆེན་མོ་བྱས་ཏེ། གཙོ་བོ་སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པ། མཚན་ཉིད་རིག་པ་བཅས་ལ་ཞིབ་འཇུག་གནང་། 

2 བརྩམས་ཆོས།

བརྩམས་ཆོས་གཙོ་བོ་ལ《སྤྱི་ཚོགས་རིག་པའི་བརྟག་ཐབས་སྨྲ་བ》དང《ཆོས་ལུགས་འཚོ་བའི་གཞི་རྩའི་རྣམ་པ》《རང་ལྕེབ་སྨྲ་བ》སོགས་ཡོད། 

3 ལྟ་བ།

སྤྱིའི་ཆ་ནས་བརྗོད་ན། ཁོང་གིས་མོ་ཨེར་ཀེན་གྱི་འཕེལ་འགྱུར་སྨྲ་བའི་བསམ་བློ་དེ་ཁས་ལེན་ཞིང་། མིའི་རིགས་ཀྱི་སྤྱི་ཚོགས་ནི་དམའ་རིམ་ནས་མཐོ་རིམ་དུ་འཕེལ་བ་དེའང་ཁས་ལེན། འོན་ཀྱང་དེའི་ཐུན་མོང་རང་བཞིན་གྱི་འབྱུང་རྐྱེན་ནི་མིའི་རིགས་སེམས་ཁམས་གཅིག་མཐུན་ཡིན་པ་དེ་ཁས་ལེན་མི་བྱེད།

ཏུའུ་ཨེར་ཁོ་མུའུ་ཡིས་མིའི་རིགས་རིག་པར་ཞིབ་འཇུག་བྱས་པ་དེ་གཙོ་བོ་ཆོས་ལུགས་དང་སྤྱི་ཚོགས་རྩ་འཛུགས་ཕྱོགས་གཉིས་ནས་མངོན་ཏེ། དང་པོ་ཆོས་ལུགས་ཞིབ་འཇུག་ཕྱོགས་ནས་ཁོང་གིས་བསྟན་པ་ལྟར། ཆེས་གདོད་མའི་ཆོས་ལུགས་ནི་རུས་རྒྱུད་ཚོ་བའི་ཆོས་ལུགས་ཏེ་ཐོའུ་ཐིན་དད་མོས་ནི་དེའི་རྣམ་པ་གཙོ་བོ་ཡིན་ཞིང་། དེ་ནི་རུས་རྒྱུད་ཚོ་བའི་ཕྱི་གཉེན་ལམ་ལུགས་དང་འབྲེལ་བ་ལྡན། ཆོས་ལུགས་འབྱུང་ཁུངས་ཀྱི་ཕྱོགས་སུ་ཁོང་གིས་བསྟན་དོན། ཆོས་ལུགས་སོགས་རིག་གནས་གང་ཞིག་ཡིན་ཡང་དེའི་འབྱུང་ཁུངས་ནི་གཙོ་བོ་སྤྱི་ཚོགས་ཡིན་པར་སྨྲ་ཞིང་། ཆོས་ལུགས་དད་མོས་བྱ་ཡུལ་གྱི་ལྷ་རིགས་གང་ཡིན་ཡང་དེ་ནི་མིའི་རིགས་ལ་དབང་བསྒྱུར་བའི་སྤྱི་ཚོགས་སྟོབས་ཤུགས་ལས་བྱུང་བ་ཡིན་པར་འདོད། ཆོས་ལུགས་ནི་ལྷ་འདྲེའི་བསམ་བློ་ཁོ་ན་ཙམ་མ་ཡིན་པས། དམིགས་སུ་བཀར་ནས་ལྷ་འདྲེ་ལ་འབྲེལ་བ་ཡོད་ཅེས་མཚན་ཉིད་འཇོག་མི་རུང་། ཁོང་གིས་ལྟ་ཚུལ་ལྟར་ན། ཆོས་ལུགས་ནི་ངེས་པར་དུ་ཕྱོགས་གཉིས་ནས་ཐག་གཅོད་དགོས་ཏེ། ཕྱོགས་གཅིག་ནས་བྱིན་རླབས་ཅན་དང་སྤྱིར་བཏང་བའི་འཇིག་རྟེན་ཅན་གྱི་འགལ་ཟླའི་སྟེང་ནས་དབྱེ་བ་འབྱེད་དགོས། རྒྱུ་མཚན་ནི། མི་ཚང་མའི་སེམས་སུ་འཇིག་རྟེན་སྟེང་གི་བྱ་དངོས་ཡོད་དོ་ཅོག་ནི་རིགས་ཆེན་པོ་གཉིས་སུ་འདུ་བར་འདོད་དེ། བྱིན་ཅན་གྱི་འཇིག་རྟེན་དང་སྤྱིར་བཏང་བའི་འཇིག་རྟེན་གཉིས་སོ། ། ཕྱོགས་གཞན་ཞིག་ཏུ་དད་མོས་དང་ཆོ་གའི་ཆ་ནས་དགར་བ་སྟེ། ཆོས་ལུགས་ཁྲོད་ཀྱི་ཆོ་གའི་བྱ་འགུལ་ནི་ནམ་ཡང་དད་མོས་རང་སྟེང་ལས་ལྷག་པར་འདོད། དེར་བརྟེན། ཆོས་ལུགས་ཞེས་པ་ནི་བྱིན་ཅན་གྱི་བྱ་དངོས་དང་འབྲེལ་བ་ཡོད་པའི་དད་མོས་དང་བྱ་འགུལ་རབ་དང་རིམ་པ་ཞིག་ལ་བྱའོ། །བྱིན་ཅན་གྱི་བྱ་དངོས་ཞེས་པ་ལ་མི་གཤིས་ཅན་གྱི་ལྷ་དང་བླ་སོགས་འདུས་ཡོད་ལ། མི་གཤིས་ཅན་མ་ཡིན་པའི་སྟོབས་ཤུགས་ཀྱང་འདུས་ཡོད། ཏུའུ་ཨེར་ཁོ་མུའུ་ཡིས་ཆོས་ལུགས་ཀྱི་མཚན་ཉིད་དེའི་ཁྲོད་དུ་རྒྱུ་རྐྱེན་གཉིས་རྒྱུན་འཁྱོངས་བྱེད་པ་སྟེ། གཅིག བྱིན་ཅན་གྱི་མཚོན་རྟགས་སམ་བྱ་དངོས་དང་། གཞན་ཞིག་ནི་རྩ་འཛུགས་ལྡན་པའི་ཆོ་གའི་བྱ་འགུལ་དང་འབྲེལ་བ་ཡོད། བྱིན་ཅན་གྱི་དངོས་པོ་དང་ཆོ་གའི་ཁྱད་ཆོས་གཉིས་ཀ་ལྡན་པ་ཞིག་ཡིན་ཕྱིན་ཚང་མ་ཆོས་ལུགས་སུ་བགྲང་དགོས་ཏེ། ཆོས་ལུགས་ཀྱི་དགོངས་དོན་ལ་མཚོན་ན་དེ་འདྲའི་གལ་ཆེན་ཞིག་མིན། ཁོང་ལྟར་ན། ཆོས་ལུགས་འདུ་ཤེས་བྱུང་བའི་འབྱུང་རྩ་ཉག་གཅིག་ནི་སྤྱི་ཚོགས་ཡིན་ཞིང་། ཐོའུ་ཐིན་དད་མོས་བྱ་ཡུལ་དང་བྱིན་ཅན་གྱི་དངོས་པོ་ནི་སྤྱི་ཚོགས་སྟོབས་ཤུགས་ཀྱི་མཚོན་རྟགས་ཤིག་ལས་མ་འདས། དེའི་རྐྱེན་གྱིས་ཆོས་ལུགས་ནི་མཐར་གཏུགས་ན་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ལ། སྤྱི་ཚོགས་ནི་ཆོས་ལུགས་འབྱུང་བའི་རྒྱུ་རྐྱེན་ཡིན་པ་ལས་དེ་ལས་ལྡོག་པ་ཞིག་མ་ཡིན་པར་འདོད།

སྤྱི་ཚོགས་རྩ་འཛུགས་ལ་གནང་བའི་ཞིབ་འཇུག་གི་ཕྱོགས་སུ། ཏུའུ་ཨེར་ཁོ་མུའུ་ཡིས་ཀྱང་མོ་ཨེར་ཀེན་གྱི་ལྟ་བ་ལྟར་ཁས་ལེན་ཏེ། ཐོག་མར་གདོད་མའི་ཚོགས་པ་དང་དེ་ནས་རུས་རྒྱུད་ཚོ་བ་བྱུང་། རུས་རྒྱུད་ཚོ་བ་དེའང་ཐོག་མར་མ་རྒྱུད་ཚོ་བ་དང་དེ་ནས་ཕ་རྒྱུད་ཚོ་བར་འཕེལ་ཞིང་། ཁྱིམ་ཚང་ནི་རུས་རྒྱུད་ཚོ་བའི་རྗེས་སུ་ད་གཟོད་བྱུང་བ་ཡིན། ཁོའི་ལྟ་བ་ལྟར་ན། བྱེ་བྲག་གི་སྤྱི་ཚོགས་གྲུབ་ཚུལ་ཁྱད་ཆོས་མི་འདྲ་བ་ལྟར་སྤྱི་ཚོགས་ལ་རིགས་དབྱེ་དགོས་པར་འདོད་ཅིང་། སྤྱི་ཚོགས་གང་ཞིག་ཡིན་ཡང་ཅུང་སྟབས་བདེ་ཅན་གྱི་སྤྱི་ཚོགས་ཀྱིས་གྲུབ་པ་ཡིན་པས་ན། ཆེས་སྟབས་བདེ་ཅན་གྱི་སྤྱི་ཚོགས་དེ་ཉིད་རིགས་དབྱེ་བའི་རྨང་གཞི་རུ་འཛིན་དགོས་ཏེ། རུས་རྒྱུད་ཚོ་བ་ནི་ཆེས་རྩ་བར་གྱུར་བའི་སྡེ་ཚན་ཡིན། ཁོང་གི་ལྟ་བ་འདི་ཕྱིས་ཀྱི་གྲུབ་ཚུལ་རིང་ལུགས་གྲུབ་མཐའི་རྨང་གཞིར་གྱུར་པ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།