སྤྱི་ཚོགས་རིག་གནས་མིའི་རིགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་རིག་གནས་མིའི་རིགས་རིག་པ།
རིག་ཚན་འདིའི་མིང་ལ་མི་རིགས་རིག་པ་དང་སྤྱི་ཚོགས་མིའི་རིགས་རིག་པ་ཞེས་ཀྱང་འབོད་ལ། ཉེ་རབས་སྤྱི་ཚོགས་ཁྲོད་མི་རྣམས་ཀྱི་དངོས་པོའི་གསར་གཏོད་དང་སྤྱི་ཚོགས་ལམ་ལུགས། བྱ་སྤྱོད་རྣམ་པ་ལ་སོགས་ཞིབ་འཇུག་བྱ་ཡུལ་དུ་འཛིན་ཞིང་། གཙོ་བོ་མིའི་རིགས་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་རྒྱུན་འཛིན་ཕྱོགས་སུ་གཙིགས་ཆེན་དུ་བཟུང་ནས་ཞིབ་འཇུག་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会文化人类学
ཕྱི་ཡིག་གི་མིང་།
cultural anthropology
1 ངོ་སྤྲོད་མདོར་བསྡུས།

རིག་ཚན་འདིའི་མིང་ལ་མི་རིགས་རིག་པ་དང་སྤྱི་ཚོགས་མིའི་རིགས་རིག་པ་ཞེས་ཀྱང་འབོད་ལ། ཉེ་རབས་སྤྱི་ཚོགས་ཁྲོད་མི་རྣམས་ཀྱི་དངོས་པོའི་གསར་གཏོད་དང་སྤྱི་ཚོགས་ལམ་ལུགས། བྱ་སྤྱོད་རྣམ་པ་ལ་སོགས་ཞིབ་འཇུག་བྱ་ཡུལ་དུ་འཛིན་ཞིང་། གཙོ་བོ་མིའི་རིགས་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་རྒྱུན་འཛིན་ཕྱོགས་སུ་གཙིགས་ཆེན་བྱེད་པ་ཡིན། འདིར་བརྗོད་པའི་རིག་གནས་ཞེས་པ་ནི་ཡུལ་སྲོལ་གོམས་གཤིས་སུ་གྲུབ་པའི་འཚོ་བའི་རྣམ་པ་ཞིག་ལ་བྱ་ཞིང་། སྤྱི་ཚོགས་ཞེས་པ་ནི་མི་སྣ་མང་པོ་ཞིག་གི་འབྲེལ་འདྲིས་རྣམ་པར་བརྟེན་ནས་གྲུབ་པའི་ཚོགས་པ་ཞིག་སྟེ། རིག་གནས་ཀྱི་བསམ་བློ་དང་ཁྱབ་རྒྱ། དེར་བསྟུན་ནས་གྲུབ་པའི་མི་ཆོས་དང་བྱ་སྤྱོད་སོགས་གཅིག་མཚུངས་སུ་ལྡན་པའི་མི་རྣམས་ནི་སྤྱི་ཚོགས་ཁྱབ་ཁོངས་གཅིག་ལ་གཏོགས་པ་ཡིན། སྤྱི་ཚོགས་ཤིག་གི་མི་སྣ་རྣམས་ཀྱིས་ཐུན་མོང་གཅིག་མཐུན་གྱི་རིག་གནས་གང་ཞིག་འཕེལ་རྒྱས་སུ་བཏང་བ་དང་། སྤྱི་ཚོགས་ཉིད་ཀྱང་རིག་གནས་དེ་ལ་བརྟེན་ནས་འཚར་ལོངས་འབྱུང་བ་ཡིན་པས་ན། དེ་གཉིས་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་ལ་ནུས་པ་འདོན་པའི་གོ་རིམ་ཞིག་ཡིན།

དུས་རབས་ཉི་ཤུ་བའི་དུས་མཇུག་ཙམ་དུ་སྤྱི་ཚོགས་རིག་གནས་མིའི་རིགས་རིག་པ་ཞེས་པ་དངོས་སུ་གྲུབ་པ་དང་། དེའི་ཞིབ་འཇུག་ཁ་ཕྱོགས་དང་དམིགས་བྱ་སོགས་སྔར་ལས་རྒྱ་བསྐྱེད་དེ། མིའི་རིགས་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཆེས་གལ་ཆེན་ཞིག་ཏུ་གྱུར། དེ་ཡང་རིག་ཚན་འདིའི་ཞིབ་འཇུག་བྱ་ཡུལ་དང་གཞུང་ལུགས་ཐབས་ལམ། ཞིབ་འཇུག་ལག་རྩལ་སོགས་གཞིར་བཟུང་ནས་མི་གཤིས་མིའི་རིགས་རིག་པ་དང་སེམས་ཁམས་མིའི་རིགས་རིག་པ། བྱ་སྤྱོད་མིའི་རིགས་རིག་པ། ཆབ་སྲིད་མིའི་རིགས་རིག་པ། བཅའ་ཁྲིམས་མིའི་རིགས་རིག་པ། སློབ་གསོ་མིའི་རིགས་རིག་པ། འཕེལ་རྒྱས་མིའི་རིགས་རིག་པ། གྲོང་ཁྱེར་མིའི་རིགས་རིག་པཞ གསོ་རིག་མིའི་རིགས་རིག་པ་སོགས་སུ་དབྱེ་བ་དང་། ཞིབ་འཇུག་གི་གཞུང་ལུགས་དང་ཐབས་ལམ། ལྟ་བ་སོགས་གཞིར་བཟུང་སྟེ་འཕེལ་འགྱུར་སྨྲ་བའི་མིའི་རིགས་རིག་པ། ཁྱབ་སྤེལ་སྨྲ་བའི་མིའི་རིགས་རིག་པ། བྱེད་ནུས་རིང་ལུགས་ཀྱི་མིའི་རིགས་རིག་པ། ལོ་རྒྱུས་སྨྲ་བའི་མིའི་རིགས་རིག་པ། གྲུབ་ཚུལ་མིའི་རིགས་རིག་པ། བརྡ་རྟགས་མིའི་རིགས་རིག་པ། མཚོན་དོན་མིའི་རིགས་རིག་པ། འགྲེལ་བཤད་མིའི་རིགས་རིག་པ་སོགས་སུ་དབྱེ་ཞིང་། ཡང་ཞིབ་འཇུག་གི་ལག་རྩལ་ལྟར་དབྱེ་ན་བརྙན་གཟུགས་མིའི་རིགས་རིག་པ་དང་རྩིས་འཁོར་མིའི་རིགས་རིག་པ་སོགས་མཆིས།

རིག་གཞུང་འདིའི་འཕེལ་ཕྱོགས་ལ་ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན། ཡོ་རོབ་གླིང་ལྟ་བུར་མཚོན་ན་གཟུགས་གཞི་མིའི་རིགས་རིག་པ་དང་གནའ་དཔྱད་རིག་པ། སྐད་བརྡ་རིག་པ་བཅས་ནི་མིའི་རིགས་རིག་པའི་མ་ལག་ལས་གྱེས་ཏེ་རང་རྐྱ་འཕེར་བའི་རིག་ཚན་དག་ཏུ་འཕེལ་ཡོད་ཅིང་། སྤྱིར་བཏང་དུ་བརྗོད་པའི་མིའི་རིགས་རིག་པ་ཞེས་པ་ནི་སྤྱི་ཚོགས་རིག་གནས་མིའི་རིགས་རིག་པར་གོ་བ་ཡིན། ཡང་ཨ་མེ་རི་ཁ་ལྟ་བུར་མཚོན་ན་གོང་གི་ཡན་ལག་བསླབ་ཚན་རིས་བཞི་པོ་འདུས་པའི་སྒྲ་ཡངས་འཇུག་གི་མིའི་རིགས་རིག་པའི་མ་ལག་གང་ཉིད་སོར་འཇོག་དང་རྒྱུན་འཛིན་བྱེད་པ་སྟེ། གཟུགས་གཞི་མིའི་རིགས་རིག་པ་ཞེས་པ་ནི་མིའི་རིགས་ཀྱི་སྐྱེ་དངོས་རང་བཞིན་ཕྱོགས་ལ་ཞིབ་འཇུག་བྱེད་པའི་ཡན་ལག་ཅིག་དང་། གཞན་གནའ་དཔྱད་མིའི་རིགས་རིག་པ་དང་སྐད་བརྡའི་མིའི་རིགས་རིག་པ། སྤྱི་ཚོགས་རིག་གནས་མིའི་རིགས་རིག་པ་བཅས་ནི་རིག་གནས་མིའི་རིགས་རིག་པའི་ཁོངས་སུ་བསྡུ་བ་སྟེ། མིའི་རིགས་ཀྱི་རིག་གནས་གསར་གཏོད་ནུས་པ་ལ་ཆེད་དུ་ཞིབ་འཇུག་བྱེད་པ་ཡིན་ནོ།།

གནའ་རབས་འཕེལ་འགྱུར་སྨྲ་བ་ནི་དུས་རབས་བཅུ་དགུ་བའི་དུས་དཀྱིལ་ཙམ་ལ་ནུབ་གླིང་དུ་བྱུང་བའི་མིའི་རིགས་རིག་པའི་གྲུབ་མཐའ་ཐོག་མ་སྟེ། གྲུབ་མཐའ་འདིས་གཙོ་བོ་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་མཐའ་དག་གི་འབྱུང་ཁུངས་དང་འཕེལ་རྒྱས་བརྒྱུད་རིམ་ལ་ཞིབ་འཇུག་བྱེད་པ་སྟེ། མིའི་རིགས་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱང་སྐྱེ་དངོས་ཀྱི་འཕེལ་འགྱུར་དང་འདྲ་བར། དམའ་རིམ་ནས་མཐོ་རིམ་དང་། སྟབས་བདེ་ནས་རྙོག་འཛིང་གི་ཕྱོགས་སུ་གོམ་པ་རེ་རེ་བཞིན་རིམ་གྱིས་འཕེལ་འགྱུར་བྱུང་བ་ཡིན་པར་འདོད། འཕེལ་རིམ་འདི་ནི་འཛམ་གླིང་ཡོངས་ཀྱི་རིག་གནས་མཐའ་དག་ལ་སྤྱི་ཁྱབ་ཏུ་མངའ་བའི་འཕེལ་རྒྱས་ཆོས་ཉིད་ཅིག་ཏེ། རིག་གནས་ལ་ཡོངས་ཁྱབ་ཀྱི་ཁྱད་ཆོས་དེ་ལྟར་གྲུབ་པའི་རྒྱུ་རྐྱེན་ནི་འགྲོ་བ་མིའི་སེམས་ཁམས་ཀྱི་གཅིག་མཐུན་རང་བཞིན་དེར་རག་ལས་པར་འདོད།

གྲུབ་མཐའ་འདི་ནི་དང་ཐོག་སི་པིན་སའེ་དང་ཏ་ཨེར་ཝུན་རྣམ་གཉིས་ཀྱི་སྐྱེ་དངོས་འཕེལ་འགྱུར་སྨྲ་བའི་བསམ་བློའི་རྨང་གཞི་་དང་ཤུགས་རྐྱེན་འོག་བྱུང་བ་སྟེ། དབྱིན་ཇིའི་མིའི་རིགས་རིག་པ་སྨྲ་བ་མ་རུའེ་ཐེ་ལགས་ཀྱིས་མིའི་རིགས་རིག་པ་ནི་ཏ་ཨེར་ཝུན་གྱི་བྱིས་པ་སྟེ། ཁོང་གི་གཞུང་ལུགས་ཀྱིས་མིའི་རིགས་རིག་པ་བསྐྲུན་པ་ཡིན་ལ། ཏ་ཨེར་ཝུན་རྣམ་པའི་ལྟ་བ་མེད་པར་བཟོས་ཚེ་དོན་གྱིས་མིའི་རིགས་རིག་པ་མེད་པར་བཟོས་པ་ཡིན་ཞེས་གསུངས། གྲུབ་མཐའ་འདིའི་སྲོལ་གཏོད་མཁན་གཙོ་བོ་ནི་ཐའེ་ལེ་དང་མོ་ཨེར་ཀེན་རྣམ་གཉིས་ཡིན་ལ་སོ་སོའི་བརྩམས་ཆོས་གཙོ་བོ་ནི《གདོད་མའི་རིག་གནས》དང《གནའ་རབས་སྤྱི་ཚོགས》ཞེས་པ་གཉིས་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-15

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།